ཚེ་རིང་སྐྱིད་ཀྱི་སྙན་རྩོམ། གཉིད་ཀྱི་རྒྱས་སྤྲོས།

WechatIMG89.jpeg          

མི་རྣམས་ལ་གཉིད་སློང་མཁན་གྱི་རོལ་མོ་བ་ཞིག་གིས།

རྨི་ལམ་ཆ་ཚང་ཡིག་ཐོག་ཏུ་ཕབ་པ་ནི་ངོ་མཚར་གྱི་རྣམ་ཐར་ཞིག་རེད་ཟེར།

ད་དུང་གཉིད་པ་ནི་གབ་ཚིག་ཡ་མེད་ཅིག་རེད་ཟེར།

ངས་སྐད་ཆ་འདིའི་ནང་དོན་ལ་ཇི་ལྟར་བསམ་གཞིགས་བྱེད་ཀྱང་། 

དེ་ནི་འཁྲོལ་དཀའ་བའི་མདུད་པ་ཞིག་དང་འདྲ།


རྩམ་པ་དང་ཆུ་ལ་བསྟེན་ཡང་ཚེ་སྲོག་གི་རྒྱུན་སྐྱོང་ཐུབ་མོད།

གོས་གང་བཟང་དང་ཟས་གང་བཟང་ལ་བསྟེན་པ་ནི་འཚོ་བའི་རྒྱས་སྤྲོས་རེད་འདོད་ན།

གཞན་དོན་དང་བྱམས་སེམས་ཀྱིས་བཏེགས་པའི་རླབས་ཆེན་སྐྱེས་བུ་ཚོའི་འཚོ་བ་དེ་ལ་ཇི་ལྟར་འབོད་ཟེར།


རྨི་ལམ་ནི་གཉིད་ཀྱི་རྒྱས་སྤྲོས་རེད་ལ།

གཏོང་ཕོད་དང་བྱང་སེམས་ལས་འཕོས་པའི་གཞན་དོན་ཡང་རྒྱས་སྤྲོས་ཡིན། 

ལོངས་སྤྱོད་དང་འབྱོར་ཕྱུག་གི་མིང་ལ་རྒྱས་སྤྲོས་སུ་འདོད་ན།

ཁྱེད་ཀྱི་རྒྱས་སྤྲོས་ནི་ཤུལ་རྗེས་མེད་པའི་ཐལ་མདོག་གི་རྐང་ལམ་ཞིག་ཟེར།


རོལ་མོ་བ་དེ་ཡིས་བཤད་ན།

ཁོའི་གར་སྟེགས་འདབ་ནི་མི་རྣམས་ཀྱི་ཉལ་ས་ཡིན་ལ།

འཇིག་རྟེན་དང་འཚོ་བ་སྣ་མང་གི་རྨི་ལམ་གྱི་འཇིག་རྟེན་ཞིག་ཡིན་ཟེར།

ཁོས་མི་རྣམས་ལ་འཚོ་གནས་ཀྱི་གོ་ལ་གཞན་ཞིག་བསྐྲུན་ཞོར།

རང་ཉིད་རོལ་དབྱངས་མ་འདྲ་བ་༤༨བཀྲོལ་བར་བྲེལ་སོང་།

རྦ་རླབས་ལྟར་འཕྱུར་འོངས་ལ་རླབས་རིས་བཞིན་མཐར་འདེད་པ།

རླུང་བུ་བཞིན་གཡུགས་ཡོང་ལ་ཆར་བ་བཞིན་བབ་ཡོང་བ།

སྒྲ་སྒོམ་པའི་བར་སྣང་དུ་མི་རྣམས་གཉིད་ལ་རོལ།

གཉིད་ལམ་དུ་རྨི་ལམ་གྱི་རྒྱས་སྤྲོས་ལ་རོལ།



བོད་རྒྱལ་ལོ་༢༡༤༤བོད་ཟླ་༩ཚེས་༤ཉིན་ཨ་རི་ནས།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།