རས་ཆུང་ལ་གདམས་པའི་མགུར།

གངས་སྟོད་སེངྒེ་དཀར་མོ་ཁྱོད།།

རོང་དུ་མ་འབབ་གངས་སྟོད་ཟུངས།།

བརྒྱ་ལ་རོང་དུ་བབས་པ་ན།།

གཡུ་རལ་ཉམས་ཀྱིས་མ་དོགས་སམ།།

གཡུ་རལ་ངོམས་ཤིང་གངས་སྟོད་ཟུངས།།

ད་རེས་བླ་མའི་བཀའ་ལ་ཉོན།།

5bd72b31x6faca33f6916&690.jpeg

བྲག་སྟོད་བྱ་རྒྱལ་རྒོད་པོ་ཁྱོད།།

ཤོད་དུ་མ་འབབ་བྲག་སྟོད་ཟུངས།།

བརྒྱ་ལ་ཤོད་དུ་འབབ་པ་ན།།

གཤོག་སྒྲོ་ཉམས་ཀྱིས་མ་དོགས་སམ།།

གཤོག་སྒྲོ་ངོམས་ཤིང་བྲག་སྟོད་ཟུངས།།

ད་རེས་བླ་མའི་བཀའ་ལ་ཉོན།།


ནགས་སྟོད་སྟག་གུ་རི་བཀྲ་ཁྱོད།།

ས་མཐར་མ་འབབ་ནགས་སྟོད་ཟུངས།།

བརྒྱ་ལ་ས་མཐར་བབས་པ་ན།།

གྲ་འཛུམ་ཉམས་ཀྱིས་མ་དོགས་སམ།།

གྲ་འཛུམ་ངོམས་ཤིང་ནགས་སྟོད་ཟུངས།།

ད་རེས་བླ་མའི་བཀའ་ལ་ཉོན།།


མཚོ་སྟོད་གསེར་གྱི་ཉ་མོ་ཁྱོད།།

མཚོ་མཐའ་མ་བསྐོར་མཚོ་དཀྱིལ་ཟུངས།།

བརྒྱ་ལ་མཚོ་མཐའ་བསྐོར་བ་ན།།

དོལ་ལ་འཐུམས་ཀྱིས་མ་དོགས་སམ།།

གསེར་མིག་ངོམས་ཤིང་མཚོ་དཀྱིལ་ཟུངས།།

ད་རེས་བླ་མའི་བཀའ་ལ་ཉོན།།


གུང་ཐང་གི་རས་ཆུང་རྡོ་གྲགས་ཁྱོད།།

རྒྱལ་ཁམས་མ་འགྲིམས་རི་ཁྲོད་ཟུངས།།

བརྒྱ་ལ་རྒྱལ་ཁམས་འགྲིམ་པ་ན།།

ཉམས་རྟོགས་འགྲིབས་ཀྱིས་མ་དོགས་སམ།།

ཉམས་རྟོགས་སྐྱོང་ཞིང་རི་ལ་སྡོད།།

ད་རེས་བླ་མའི་བཀའ་ལ་ཉོན།།


རས་ཆུང་པ་དབུས་སུ་གནས་མཇལ་ཕེབས་འདོད་ཀྱིས་ཞུ་བ་ཡང་ཡང་ཕུལ་བའི་ལན་དུ་གསུངས་སོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།