ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་མཛད་རྣམ་གླེང་བ།

WechatIMG514.jpeg

《 ཁྱབ་བདག་བླ་མ་རྫོགས་ཆེན་པ་པདྨ་སྐལ་བཟང་གི་སྐུ་པར། 》

༈  རྣམ་འདྲེན་སྟོབས་བཅུ་མངའ་བ་ཟས་གཙང་སྲས། །རྒྱལ་ཀུན་ཕྲིན་ལས་གཅིག་འདུས་པདྨ་འབྱུང་། །མཁྱེན་རབ་ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས། །རྣམ་དག་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ། །རྨད་བྱུང་མཚན་དཔེའི་སྐུ་ཡི་དཀྱིལ་འཁོར་མཛེས། །དོན་ལྡན་ཚངས་དབྱངས་གསུང་གི་རང་བཞིན་སྙན། །མཁྱེན་བརྩེ་ནུས་ལྡན་ཕ་མཐའ་ཡས་པའི་ཐུགས། །མཁས་བཙུན་གྲུབ་པའི་དབང་ཕྱུག་བླ་མ་རྒྱལ། །གངས་ཅན་བཅུ་ཕྲག་རིག་པའི་བཅུད་འདུས་ཤིང་། །ལུགས་གཉིས་བླང་དོར་སྟོན་པའི་དེད་དཔོན་ཆེ། །མདོ་རྒྱུད་མན་ངག་ཟབ་མོའི་གནད་ཚང་བ། །གསུང་རབས་ཆོས་ཚུལ་མཚན་བཟང་གྲངས་ལ་བསྟོད། །   འོ་ལགས་སོ། དེ་ནས་དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ། དོན་ལྡན་དུས་ཚོད་བཟང་པོ་འདི་ལ། སྤོས་ངན་ལྡན་པའི་གྲོང་ཁྱེར་ཆེན་པོ་འདིར། གངས་ཅན་རིག་པའི་དབང་ཕྱུག  ལྔ་གཉིས་རིག་པའི་མཁས་དབང་། མདོ་སྔགས་ཐེག་པའི་རབས་འབྱམས། རྒྱལ་བསྟན་སྲོག་གི་ཀ་བ། གསང་ཆེན་བསྟན་པའི་བདག་པོ། སྙིགས་དུས་འགྲོ་བའི་སྐྱབས་གནས། ༧མཚུངས་བྲལ་འཁོར་ལོའི་མགོན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཁྱབ་བདག་པ་ཆོས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་ཆོས་རིན་པོ་ཆེ་དབུ་འབྱེད་ཀྱི་མཛད་སྒོའི་རྟེན་འབྲེལ་བཟང་པོའི་སྐབས་འདིར། ཐོར་མར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་བཤད་ལས་གསུམ་གྱིས་འཛིན་སྐྱོང་སྤེལ་བའི་ཆོས་ཀྱི་གྲོགས་པོ་རྣམས་དང་། གངས་ཅན་བཅུ་ཕྲག་རིག་གཞུང་སོགས་ཕྱོགས་མེད་རིག་པ་སྨྲ་བའི་མཁྱེན་ལྡན་མཁས་དབང་རྣམ་པས་གཙོས་པའི་འདིར་བཞུགས་ཡོངས་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་གསུང་ཆོས་དབུ་འབྱེད་དང་འབྲེལ་ནས་སྐབས་སུ་བབ་པའི་གཏམ་བརྗོད་ཉུང་ངུའི་ངག་གིས་ཞུས་ན། དེ་ཡང་ཟབ་གསང་ཆོས་ཀྱི་གན་མཛོད། ཆོས་སྐུའི་རིང་བསྲེལ་ཆེན་མོ། གསུང་ཆོས་དེབ་ཚོགས་མཚན་བཟང་གི་གྲངས་ལྡན་འདི་ཉིད་ལས་བརྩམ་སྟེ་ཅུང་ཟད་བརྗོད་པ་ལ། ཐོག་མར་བདག་པོ་གང་ཟག་གི་ཆེ་བ། དེ་ལས་བྱུང་བའི་བསྟན་བཅོས་ཀྱི་ཆེ་བ་ཅུང་ཟད་བརྗོད་པའོ། །ཐོག་མར་བསྟན་པའི་མངའ་བདག་ཆེན་མོ་གང་འདིའི་མཚན་དཔེ་སྐུ་ཡི་ཆེ་བ། ཚངས་དབྱངས་གསུང་གི་ཆེ་བ། ཟབ་གསང་ཐུགས་ཀྱི་ཆེ་བ་སོགས་ཕལ་བས་བརྗོད་པའི་ཡུལ་ལས་འདས་མོད་འདིར་ཐུན་མོང་གི་སྣང་ཚུལ་ལས་བརྩམ་སྟེ་མདོར་ཙམ་བརྗོད་ན། དམ་པ་འདི་ཉིད་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་བྱང་འབྲོག་རྫ་ཆུ་ཁར་རིགས་རུས་ཕུན་སུམ་ཚོགས་པ་ཧོར་ཤུལ་དཔོན་ཚང་གི་གཞིས་སུ་སྐུ་འཁྲུངས། འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ཀྱིས་སྒྲིབ་བྲལ་ཟག་མེད་ཡེ་ཤེས་ཀྱི་སྤྱན་གྱིས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་རོལ། རྫོགས་ཆེན་མཁན་ཆེན་པདྨ་རྡོ་རྗེའི་སྐུའི་ཕྲེང་རབ་གསུམ་པར་འཁྲུལ་མེད་དུ་ངོས་བཟུང་ཞིང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ། སྐུ་ཞང་རྫ་མུ་ར་སྤྲུལ་སྐུ། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཆེན་པདྨ་ཚེ་དབང་སོགས་ཡོངས་འཛིན་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་ལས་མདོ་སྔགས་རིག་གཞུང་དུ་མའི་ཆོས་ཚུལ་གྱི་གསན་བསམ་མཛད། ཁྱད་པར་གདོད་མའི་མགོན་པོ་དངོས་སྣང་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་དང་། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་མི་ཡི་ཟོལ་སྣང་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་རྣམ་གསུམ་ཐུན་མིན་རིགས་ཀྱི་བདག་པོར་བསྙེན་ནས། ནང་རྒྱུད་ཡོ་ག་སྡེ་གསུམ་སྤྱི་དང་ལྷག་པར་ཨ་ཏི་རྫོགས་པ་ཆེན་པོའི་སྨིན་གྲོལ་མན་ངག་ཆིག་བརྒྱུད་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་བཞེས་མཛད། 

WechatIMG542.jpeg

《 པར་གྱི་གཡོན་ནས་རིམ་པར།  མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ།  སྐུ་ཞབས་དགེ་མང་སྤྲུལ་སྐུ།  སྐྱབས་རྗེ་པདྨ་སྐལ་བཟང་།  རྫོཊ་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྨུགས་སང་སྤྲུལ་སྐུ་བཅས་ལྷ་ལྡན་དུ། 》

དུས་འགྱུར་མུན་ནག་གི་ཁྲོད་དུ་གསེར་བཙོ་མའི་རང་མདོག་མ་འགྱུར་བར་བརྟན་མཁས་ཡོན་ཏན་གྱི་འོད་མདངས་ལྷག་པར་གསལ། བསིལ་ལྡན་གངས་རིའི་ལྗོངས་སུ་ཡང་དར་བསྟན་པའི་ཉིན་བྱེད་གསར་དུ་ཤར་བའི་སྐབས་སུ། དམ་པ་གང་གིས་ཤིན་ཏུ་ཉམ་ཉེས་པར་གྱུར་བའི་ཡུལ་གངས་ཅན་པའི་བླ་སྲོག་བཅུ་ཕྲག་ནོར་བུའི་བང་མཛོད་ཉིད་ཉམ་པ་སླར་གསོ་དང་མི་ཉམས་གོང་དུ་སྤེལ་བའི་བླ་ན་མེད་པའི་ཐུགས་སྟོབས་ཀྱིས་སི་བོད་སློབ་གྲྭ་ཆེན་མོ་གནས་རུ་དམ་ལུང་དཔལ་གྱི་སེང་གེ་རིར་འཛུགས་པའི་མཐུན་སྦྱོར་དང་ཕྱོགས་དུ་མ་ནས་མཚན་ལྡན་དགེ་བའི་བཤེས་གཉེན་གདན་འདྲེན་པ་སོགས་ཕྱོགས་ཡོངས་ནས་རམ་འདེགས་རྒྱ་ཆེར་གནང་བའི་བདག་རྐྱེན་ལས། སློབ་གྲྭ་དེ་ནས་ཐོན་པའི་མཁས་དབང་དུ་མ་དེང་དུས་གངས་ཅན་བླ་སྲོག་མཐུད་པའི་མཚན་ལྡན་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པ་ཧ་ཅང་མང་། 

WechatIMG536.jpeg

《  ༡༩༨༡  ལོར་སི་ཁྲོན་བོད་ཡིག་སློབ་གྲྭ་རྫོགས་ཆེན་དུ་ཚུགས་པའི་པར་རིས།  》

IMG_3024.JPG

《  སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གིས་བོད་ཡིག་སློབ་གྲྭར་ཕྱག་ལས་གནང་བཞིན་པ། 》

IMG_3438.JPG

《 གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན། 》

ཁྱད་པར་རྒྱལ་བསྟན་སྤྱི་དང་ལྷག་པར་མེ་ཏོག་ཕོག་པའི་ལྷ་དཔལ་གསང་ཆེན་སྔ་འགྱུར་པའིབསྟན་པ་རིན་པོ་ཆེ་ཐུགས་ལ་བརྣག་ནས། སྔ་འགྱུར་བསྟན་པའི་འབྱུང་གནས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་གཞིར་བཞེངས་སུ་བསླངས་བ་ཡིནཏེ། ཐོག་མར་གནས་དུས་ཀྱི་སྐུ་ཚེགས་དུ་མ་ཁྱད་དུ་བསད་དེ་གྲུབ་དབང་རྫོགས་ཆེན་དགོན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་རྟེན་དང་བརྟེན་པའི་བསྟན་པའི་གནས་གཞི་ཉམ་པ་སླར་གསོ་དང་བསྟན་པའི་གཞི་མ་དགེ་འདུན་འདུས་པའི་སྡེ་བསྡུས་ཏེ། བཀའ་གཏེར་མཐོང་བརྒྱུད་ཕྱག་བཞེས། དུས་དང་སྒྲུབ་པའི་མཆོད་པ་དུ་མ་སླར་ཡང་གསོས་ཏེ་གསང་ཆེན་སྔ་འགྱུར་བསྟན་པའི་ཆུ་མགོའི་སྲོལ་རྒྱུན་མཐུད་པར་མཛད་དོ། །བར་དུ་སྐུའི་ཟུང་ཁྲག་དྲོན་མོའི་རིན་གྱིས་རྨང་བཏིང་སྟེ་གངས་ལྗོངས་མཁས་པའི་འབྱུང་གནས། དཔལ་གྱི་ནཱ་ལེནྡྲ་གཉིས་པ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་སླར་གསོ་དང་རྒྱ་བསྐྱེད་ཀྱིས་བླ་ན་མེད་པའི་ཐུགས་བསྐྱེད་ཀྱིས་མཁས་བཙུན་བཟང་པོའི་རྣམ་ཐར་ཅན་བསྟན་འཛིན་གཞོན་སྐྱེས་ཀྱི་སྡེ་སྣོད་འཛིན་པ་བརྒྱ་སྟོང་མང་པོ་སྐྱེད་བསྲིངས་ནས་ཕྱི་ནང་ཀུན་ན་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་སྤེལ་བཞིན་པའི་མཛད་རྗེས་འདི་ཁོ་ནའང་རྣམ་ཐར་གྱི་མཆོག་ཏུ་གྲུབ། མཐར་ཡང་གངས་ཀྱི་འདབས། ནགས་ཀྱི་ཁྲོད། རུ་དམ་ཡང་དབེན་པདྨ་ཐང་དུ་བཞུགས་གདན་འཇགས་ཤིང་སྒྲུབ་པའི་རྒྱལ་མཚན་བཙུགས་ནས། ལོ་ལྟར་སྐལ་བཟང་ལས་ཅན་གྱི་སློབ་མ་ཁྲི་སྟོང་མང་པོར། མདོ་སྔགས་ཐེག་དགུའི་ཆོས་ཚུལ། སྨིན་གྲོལ་གདམས་པའི་ཆུ་བོའི་ཟབ་རྒྱས་ཀྱི་སྒོ་ཡངས་པོར་ཕྱེ་ནས་ཆོས་མིང་ས་ལ་ཐོག་པ་དོན་ལྡན་དུ་བྱས་སོ། །

WechatIMG46.jpeg

《 རྫོགས་ཆེན་ཤྲཱི་སེང་ན་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་། 》

དེང་སང་རྒྱལ་བསྟན་རིན་ཆེན་ཤིན་ཏུ་ཉག་ཕྲ། བསྟན་འཛིན་དག་མ་ཧ་ཅང་དཀོན་པའི་སྙིགས་མའི་མར་གཤམ་འདིར། དམ་པ་མཆོག་འདི་བསྟན་འཛིན་རྒྱུ་སྐར་གྱི་ཁྲོད་ན་རི་བོང་འཛིན་པ་དང་། རི་དབང་གི་ཁྲོད་ན་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་མཁས་ཡོན་ཏན་གྱི་ཕུང་པོ། མཁས་བཙུན་གྲུབ་པའི་དབང་ཕྱུག  མཚན་ཉིད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན།  གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ཏེ་ཐོག་མར་འདུལ་བ་སོ་ཐར་གྱི་ལམ་ནས། ཇི་སྐད་དུ། སུམ་བརྒྱ་པ་ལས།ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས།།ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།།ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ།དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། ། ཞེས་པས་བསྟན་པའི་ཕྱི་སོ་ཐར་འདུལ་བའི་སྐབས་ཀྱི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་མཚན་ཉིད་ཡོངས་སུ་རྫོགས་པས། བསྟན་པའི་གཞི་མ་དམ་ཆོས་འདུལ་བ་རིན་པོ་ཆེ་ལ་སྲོག་ཏུ་བཟུང་བས་ཞི་དུལ་བརྟན་མཁས་གཉིས་ལྡན་གྱི་མཁན་པོར་བཞུགས་ཏེ། སྡོམ་བརྩོན་འདུལ་བ་འཛིན་པ་མཆོག་གྱུར་དགེ་ཚུལ་སློང་སྟོང་ཕྲག་དུ་མར་བསླབ་ཁྲིམས་ཕོག་པར་མཛད་པ་མ་ཟད། གཞི་གསུམ་འདུལ་བའི་ཕྱག་བཞེས་གཞིར་བཞེངས་སུ་བསླངས། གྲངས་མེད་བསྐལ་བའི་སྔོན་ནས་མཐའ་ཡས་འགྲོ་བའི་དོན་དུ་དཔེ་མེད་པའི་ཐུགས་བསྐྱེད་སྔོན་དུ་འགྲོ་བས། རྣམ་དག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་ཕྱིན་ཅིང་། སྐུ་ཚེ་འདིར་ཡང་མ་ལུས་ལུས་པ་མེད་པའི་ཉམ་ཐག་པའི་སེམས་ཅན་རྣམས་ཐར་དང་རྣམ་མཁྱེན་ལ་འགོད་པའི་ཐུགས་སྟོབས་རྨད་དུ་བྱུང་བས་མཛད་པ་ཐམས་ཅད་དང་ཐ་ན་གསུང་དབུགས་ཀྱི་རྒྱུ་བ་ཙམ་ཡང་བསྟན་དང་འགྲོ་བའི་ཆེད་ཁོ་ན་ལས་གཞན་དུ་མིན་པར་མ་ཟད། མདོ་སྡེ་རྒྱན་ལས།བཤེས་གཉེན་དུལ་བ་བ་ཉེར་ཞི་བ།། ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན།།ཞེས་པའི་ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་དམ་པའི་མཚན་ཉིད་ཡོངས་སུ་རྫོགས་པས། ལོ་ལྟར་ཟབ་དང་རྒྱ་ཆེའི་བྱང་སེམས་ཀྱི་སྡོམ་པ་གནང་བ་སྔོན་དུ་འགྲོ་བས། སེམས་བསྐྱེད་འབུམ་མཆོད་ཆེན་མོའི་བློ་ལས་འདས་པའི་ཚོགས་གཉིས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་ཀྱང་། སྣང་བ་དང་མི་སྣང་བའི་གྲངས་མེད་པའི་སེམས་ཅན་གྱི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་ཅིང་གནས་སྐབས་དང་མཐར་ཐུག་གི་བདེ་ནས་བདེ་བར་བགྲོད་པའི་ལམ་བཟང་ལ་བཀོད་པར་མཛད་དོ། །

WechatIMG123.jpeg

དེ་བཞིན་རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །གསང་སྔགས་བླ་མའི་མཚན་ཉིད་དོ།།ཞེས་པས། ཨ་ཏི་ཡོ་གའི་ལྟ་བ། ཨ་ནུ་ཡོ་གའི་སྒོམ་པ། མ་ཧཱ་ཡོ་གའི་སྤྱོད་པ་སྟེ་གསང་བའི་མཛོད་གསུམ་དང་ལྡན་ཞིང་། དབང་བཞིའི་ཆུ་བོ་ཡོངས་སུ་རྫོགས་ལ། གསང་སྔགས་ཀྱི་གཉེར་ཁ་དང་ལྡན་པས་རྒྱུད་སྡེ་རྒྱ་མཚོའི་དོན་ལ་མངའ་དབང་འབྱོར་བས་མཁས་ཤིང་། ཞི་རྒྱས་དབང་དྲག་མཆོག་དང་བཅས་པའི་ལས་རབས་འབྱམས་ལ་མཁས་པའི་རང་བྱན་ཚུད། གསང་བ་མན་ངག་ཟབ་མོ་སྙན་བརྒྱུད་ཀྱི་དྲོད་ཚད་ལྡན་པའམ་འཆང་བས། གསང་ཆེན་རྡོ་རྗེ་ཐེག་པའི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས། ཕྱི་ནང་རྒྱུད་སྡེ་སྤྱི་དང་ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད་དང་མན་ངག  རྒྱབ་རྟེན་ལུང་དང་བཅས་པ་ཁུངས་བཙན་ཞིང་བྱིན་བརྒྱུད་རྟོགས་པའི་ཕ་ཕོག་དང་བཅས་ཕང་མེད་དུ་བསྩལ་བས་སྐལ་བཟང་ལས་ཅན་གྱི་སློབ་མ་གྲངས་མེད་པ་རྣམ་གྲོལ་གྱི་ས་ལ་འགོད་པར་མཛད་དོ། ། དེ་ལྟ་བུའི་མཁས་བཙུན་གྲུབ་པའི་དབང་ཕྱུག་རྗེ་བླ་མ་དམ་པ་འདི་ལ། གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་ཡོངས་ཀྱིས་བོད་རབ་བྱུང་བཅུ་བདུན་ཆུ་འབྲུག་སྤྱི་ལོ་༢༠༡༢ལོ་བོད་ཟླ་དྲུག་པའི་ཡར་ཚེས་བཞི་སྟེ་མཉམ་མེད་ཐུབ་པ་ཆེན་པོས་ལེགས་གསུང་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་དགེ་བར། ༧ཁྱབ་བདག་པ་ཞེས་པའི་མཚན་གྱི་ཅོད་པཎ་དོན་ལྡན་དུ་ཕུལ། དེ་ལ་སྤྱིར་ཁྱབ་བདག་ཞེས་པ་གསར་རྙིང་གྲུབ་མཐའ་ཀུན་གྱིས་རང་རང་གི་རྩ་བའི་བླ་མར་དད་གུས་ཀྱིས་མཚན་ཟུར་དུ་འབུལ་སྲོལ་མཆིས་མོད། དེ་ལ་བདག་སྒྲ་པ་ཞེས་པ་སྦྱར་བས་ནི་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་གོ་འཕང་དང་། ལུང་རྟོགས་ཀྱི་ཡོན་ཏན་དང་འབྲེལ་བའི་བསྟན་པའི་མངའ་བདག་བསྟན་འཛིན་གྱི་སྐྱེས་མཆོག་ཞིག་གི་ཆེས་མཐོ་བའི་མཚན་གནས་ཤིག་ཡིན་པ་མ་ཟད་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་བཅའ་ཡིག་ལས། ༼ཤེས་བྱའི་ཆོས་ལ་མཁྱེན་པའི་བློ་གྲོས་རྒྱས་ཤིང་། གྲུབ་པའི་ས་མཐོར་གཤེགས་པའི་ལམ་རྟགས་ཀྱི་ཡོན་ཏན་བརྙེས་པ། ཟབ་གསང་ཆོས་ཀྱི་གཏེར་མཛོད། སྨིན་གྲོལ་དབང་གི་བུམ་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོར་བཞེངས་པ། རིས་སུ་མ་ཆད་པའི་བསྟན་འཛིན་ཆེ་དགུ་དག་གིས་ཞབས་ཀྱི་པདྨོ་སྤྱི་བོར་ལེན་པ་བཅས་ལ་ཁྱབ་བདག་པ་ཞེས་པའི་མཚན་གསོལ།  ༽ཞེས་པས་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་བླ་ན་མེད་པའི་མཚན་ཐོབ་ཅིག་སྟེ། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཐོག་མར་ཆོས་གྲྭ་དེ་ཉིད་ཕྱག་འདེབས་པ་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་ཁྱབ་བདག་བཀའ་འགྱུར་པ་ཞེས་པའི་མཚན་ཐོག་པ་དང་། དེ་ནས་རྗེ་བཙུན་བླ་མ་དམ་པ་འདི་ཉིད་གཉིས་པ་ཡིན། དེ་ཡང་གཙོ་བོ་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་བྱུང་བའི་ཐ་སྙད་ཅིག་ཡིན་པ་ཡང་།འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པཎ་ཅན། །སོགས་དང་། རྡོར་སེམས་སྒྱུ་དྲྭ་ལས། བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་པ་ལྟར་རྒྱུད་སྡེ་དུ་མ་ལས་འབྱུང་བ་དང་། དེའི་དོན་ཡང་། རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོའམ་བདག་པོ་ཞེས་པའི་དོན་ཡིན་པར་རྒྱུད་འགྲེལ་ཚད་ལྡན་དག་ལས་བཤད་དོ། ། དེ་ལྟར་དམ་པ་འདི་ནི་ལྷར་བཅས་འགྲོ་བའི་སྐྱབས་གནས། གངས་ལྗོངས་རིག་པའི་དབང་ཕྱུག  འདུལ་འཛིན་གྱི་མཁན་པོ། བྱང་སེམས་ཀྱི་བདག་ཉིད། གསང་སྔགས་ཀྱི་སློབ་དཔོན། མན་ངག་གི་མཛོད་འཛིན། རིགས་ཐམས་ཅད་ཀྱི་གཙོ་བོ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། བསྟན་དང་འགྲོ་བའི་དཔལ་མགོན་ཉིད་དུ་སྐུ་འཚོ་ཞིང་བཞུགས་བཞིན་པའོ། །དམ་པ་དམ་པ་དུ་མས་ལུང་གིས་བསྔགས། །མཁས་པ་མཁས་པ་མང་པོས་གཙུག་ཏུ་བཀུར། །གྲུབ་པ་གྲུབ་པ་སྟོང་གི་འཁོར་ལོས་སྒྱུར། །བླ་མ་བླ་མའི་མཆོག་ལ་རབ་ཏུ་འདུད། །གཉིས་པ་སྐབས་དོན་གསུང་ཆོས་སྐུའི་རིང་བསྲེལ་ཆེན་མོ་འདི་ཉིད་ལས་འཕྲོས་ཏེ་ཅུང་ཟད་བརྗོད་ན། དེ་ཡང་མཛད་པ་ཐམས་ཅད་ཀྱི་ནང་ནས་གསུང་གི་མཛད་པ་འདིས་རྒྱ་ཆེ་ལ་རྒྱུན་རིང་བའི་སྒོ་ནས་བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པ་ཡིན་པར་རྒྱལ་ཚབ་བྱམས་མགོན་གྱིས་ཀྱང་། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་པ། །ཞེས་གསུངས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདིས་བསྟན་འགྲོའི་དོན་ཆེན་མཛད་པས་བསྟན་པ་མཐའ་རྒྱས་སུ་གནས་པ། དེ་བཞིན་འཕགས་བོད་མཁས་གྲུབ་རྣམས་ཀྱིས་ཀྱང་བསྟན་པ་ཐུགས་ལ་བརྣག་པའི་ཐུགས་བསྐྱེད་རྣམ་པར་དག་པས། དཔྱད་གསུམ་རྣམ་པར་དག་པའི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པར་མཛད་པ་འདི་དག་གིས་ཀྱང་རྒྱལ་བསྟན་ཡུན་དུ་གནས་ཤིང་བསྟན་པ་མཐའ་རྒྱས་སུ་གྱུར། དེ་བཞིན་ཁྱབ་བདག་འཁོར་ལོའི་མགོན་པོ་མཚུངས་མེད་བླ་མ་དམ་པ་འདི་ཉིད་ནི། ཆོས་ཉིད་རང་བྱུང་གི་ལྟ་བ་ཀློང་དུ་གྱུར་པས་སྟོང་ཉིད་ཀྱི་ལྟ་བ་རྟོགས། ཡི་དམ་ལྷག་པའི་ལྷ་མཆོག་དུ་མས་ཞལ་གཟིགས་ལུང་བསྟན་ཐོབ། རིག་པའི་གནས་མཐའ་དག་ལ་རང་བྱན་ཆུད་པས་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡོངས་སུ་རྫོགས་ཤིང་། སྐྱེས་སྟོབས་མཁྱེན་པའི་ཡེ་ཤེས་ནང་ནས་རྒྱས། སྦྱང་སྟོབས་ཤེས་རབ་ཀྱི་རྩལ་ཆེན་ཕྱི་ནས་རྫོགས་ཏེ། ཐུགས་དགོངས་པའི་ཀློང་རྡོལ། གསུང་མགྲིན་པའི་རྩ་མདུད་གྲོལ་བར་བརྟེན། དམ་པ་གང་གིས་དངོས་སུ་བརྩམས་པའི་སྙན་འགྱུར་ལྗགས་རྩོམ་གྱི་རིགས་དུ་མ་ཞིག་དང་། གཞན་ཡང་ཐུགས་ཀྱི་དཔལ་བེའུ་རུ་བསྐྱིལ། མགྲིན་པའི་བུམ་བཟང་ནས་ཐོན། དུང་གི་ཚེམས་བར་ནས་ཕྱུང་། ལྗགས་ཀྱི་པདྨ་རུ་བཀྲམ་པའི་གསུང་ཆོས་དག  དད་ལྡན་བུ་སློབ་རྣམས་ཀྱིས་དེང་རབས་འོད་ལྡེར་སོགས་ཀྱི་སྒྲ་ལས་ཇི་བཞིན་པར་ཡི་གེར་བཀོད་ནས་གསུང་ཆོས་པོ་ཏི་གླེགས་བམ་ཀྱི་རྣམ་པར་བཞུགས་པ་འདི་དག་ཀྱང་། རྒྱལ་ཚབ་བྱམས་མགོན་གྱིས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།།།ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་།།ཞེས་གསུངས་པའི་དོན་ཡོངས་སུ་རྫོགས་པར་མ་ཟད་འཆོས་སྐྱོབ་གཉིས་ལྡན་གྱི་བསྟན་བཅོས་མཚན་ཉིད་པ། བསིལ་ལྡན་རིག་པའི་ཉིང་བཅུད། ལུགས་གཉིས་ལེགས་པའི་ལམ་སྟོན། མདོ་སྔགས་ཐེག་པའི་ཟབ་གནད། ལྟ་སྒོམ་སྤྱོད་པའི་ཉམས་ལེན་གྱི་དམིགས་བུ་གཅིག་པུར་གྱུར་པ་ཡིན་ཞིང་། དམ་པ་ཁོང་དགུང་གྲངས་བཅུ་བདུན་ཙམ་ནས་དུས་འགྱུར་ཆེན་མོ་བྱུང་བར་བརྟེན་རྒྱ་ཆེར་སྦྱང་བའི་དུས་སྐབས་དཀོན་པར་གྱུར་མོད། རྩོམ་པ་གང་ལ་ཡང་ལྷན་སྐྱེས་རང་བཞིན་གྱི་སྙན་འགྱུར་གྱི་རོ་བཅུད་དང་ལྡན་པས་རྗོད་བྱེད་སྙན་ཚིག་ངག་གི་རོལ་མོ་དབྱངས་ཅན་མཚོ་བྱུང་ལྷ་མོའི་འགྱུར་ཁུག་ལྟ་བུའི་བརྗོད་བྱ་ཐུགས་སུ་འཁྱིལ་བའི་དོན་ལྡན་གྱི་སྙན་རྩོམ་ཕྱོགས་མེད་དུ་འཁྲོལ་བ་འདི་དག་གིས་ཀྱང་དེང་རབ་གཞོན་སྐྱེས་ཀྱི་ཚོགས་ལ་ལེགས་བཤད་རྩོམ་གྱི་མིག་དཔེ་དང་བློ་སྒོ་རབ་ཏུ་ཕྱེ། དམིགས་བསལ་དཔེ་ཚོགས་འདིའི་བརྗོད་བྱ་རྗོད་བྱེད་དང་འབྲེལ་བའི་རིན་བྲལ་ཁྱད་པར་གྱི་ཆོས་ཆ་ཤས་ནས་ཅུང་ཙམ་ཞུས་ན། དུས་རབས་ཉེར་གཅིག་པའི་གངས་ལྗོངས་གཞོན་ནུའི་ཁྱུ་ཚོགས་ལ་སྤྲིངས་པའི་མཆིད་གཏམ་དུས་ཀྱི་སྒྲ་དབྱངས་སོགས་བསླབ་བྱའི་ཚོགས་ཀྱིས་ཀྱང་གངས་ཅན་གཞོན་སྐྱེས་རྣམས་ལ་ལུགས་གཉིས་བླང་དོར་གྱི་མིག་ཟུང་ལེགས་པར་ཕྱེ། དེང་དུས་ཕན་ཚུན་འགྲན་རྩོད་དང་ཕྲག་པ་དོག་པའི་གུ་དོག་བློ་ཡིས་བསྟན་འགྲོའི་དེད་དཔོན་དུ་ཁས་འཆེ་བ་དག་ཀྱང་བསྟན་འཛིན་ཟོལ་མར་གྱུར་པའམ་ཡང་ན་བྱིས་པས་བྱིས་པ་བསྟོད་པའི་ངང་ཚུལ་ལས་འདས་ཏེ། དུས་མཉམ་བསྟན་འཛིན་ཆེ་དགུ་དག་ལ་བཅོས་མིན་ཐུགས་ཀློང་དུ་འཁྱིལ་བའི་དོན་དམ་དབྱངས་ཀྱི་བསྟོད་པ་སྙན་འགྱུར་ངག་ཚིག་གི་ལམ་ནས་དྲང་པ་འདི་དག་གིས་ཀྱང་དམ་པ་གང་གི་དཀྱེལ་ཡངས་གསོང་པོའི་རང་བཞིན་གྱི་ཐུགས་སྟོབས་མཚོན། བླུན་པོས་བླུན་པོ་བཀུར་བའི་གཡམ་རྒྱུགས་ཙམ་མིན་པར་དམ་པས་དམ་པ་བཀུར་བའི་ངང་ཚུལ་གསོན་པོས། བསྟན་འཛིན་དག་མ་ངོས་འཛིན་ཁྲི་འདོན་གྱི་ལེགས་བཤད་འདི་དག་གིས་ཀྱང་བསྟན་དང་འགྲོ་བའི་མགོན་པོ་དམ་པའི་སྐྱེས་བུ་འདིའི་རང་བཞིན་ངོ་མ་མཚོན། རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་དང་འབྲེལ་ཏེ་འཇིག་རྟེན་ཡང་དག་གི་ལྟ་བ། རྒྱུ་འབྲས་བླང་དོར་གྱི་གདམས་པ། རྒྱུ་བཞིས་བསྡུས་པའི་བསགས་སྦྱོང་སྤེལ་བའི་ཐབས་མཁས་ཀྱི་གདམས་ཟབ་གོ་སླ་ལ་གནད་འདུས་པ་དུ་མས་སྐྱེ་དགུ་རྣམས་ལ་ཐར་ལམ་དཀར་པོ་བསྐྲུན། ཐོག་མཐའ་བར་དུ་དགེ་བའི་གཏམ་གྱི་འགྲེལ་བས་རྣམ་དག་ཆོས་ལ་གཞོལ་ནས་རང་ངོར་འཚམས་པའི་ཉམས་ལེན་གྱིས་ཐར་དང་རྣམ་མཁྱེན་ཅི་ལྟར་ཐོབ་ཚུལ་ཞིབ་རྒྱས་སུ་གདམས། མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་བཅུད་འདུས་ཡིད་བཞིན་རིན་ཆེན་མཛོད་སོགས་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་རིན་བྲལ་གསུང་གི་བདུད་རྩིའི་ཟེགས་མ་རེ་རེས་ཀྱང་ཆོས་ཚུལ་ཟབ་མོའི་དཀའ་གནད་ཀྱི་མདུད་རྒྱ་བཀྲོལ། སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་དང་ཁྲིད་ཡིག་ཀུན་བཟང་ཞལ་ལུང་། བློ་སྦྱོང་དོན་བདུན་མ་སོགས་སྔོན་འགྲོའི་ཆོས་ཚུལ་དུ་མ་ཕུལ་བྱུང་ལྗགས་ཀྱིས་བཀྲལ་བས་ཐར་འདོད་སྐྱེས་བོ་རྣམས་ལ་ཐར་དང་ངེས་འབྱུང་གི་ལམ་སྣ་བསྟན། ཟབ་མོ་ནང་རྒྱུད་སྡེ་གསུམ་དང་ཡང་གསང་སྙིང་ཐིག་སྨིན་བྱེད་དབང་གི་རིམ་པ་གྲོལ་བྱེད་ཁྲིད་ཡིག་དང་བསྒྲགས་ནས་སྔ་འགྱུར་དམ་པ་གོང་མའི་ཕྱག་རྒྱུན་མ་ནོར་བར་གནང་བའི་དབང་ཁྲིད་བསྒྲགས་མའི་ཟབ་ཆོས་འདི་དག་ཀྱང་དེང་གི་དུས་ན་དམ་པ་འདི་ཁོ་ནའི་ཁྱད་པར་གྱི་ཆོས་སུ་འཁུམས། གསང་བ་རྒྱུད་དོན་ཟབ་མོ་སྒྲུབ་ཐབས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དང་བླ་མ་རིག་འཛིན་འདུས་པ་སོགས་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ཟབ་མོ་རྡོ་རྗེ་ལྗགས་ཀྱིས་བཀྲལ་བས། ཀུན་ལ་སྣང་སྲིད་དག་པ་རབས་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་གསང་བ་ཟབ་མོ་བསྟན། གཏུམ་མོ་རྩ་རླུང་གི་སྐོར་ཉམས་ཁྲིད་ཟབ་མོས་གབ་པ་མངོན་ཏུ་ཕྱུང་བའི་བཤད་པས་རྫོགས་རིམ་ངེས་གསང་གི་ཟབ་གནད་བསླངས། དྲུག་ཚན་དྲུག་གི་མན་ངག་ཟབ་མོའི་རིན་ཆེན་མཛོད་ཀྱི་གཏེར་སྒོ་མཁྱེན་རབ་ཐུགས་ཀྱིས་ཕྱེ་བའི་ལེགས་བཤད་འདི་ཡང་རྗེས་འཇུག་སྐྱེ་བོར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གྱི་ཟབ་གནད་སྟོན་པའི་གྲོགས་སུ་ཆེ། ཆོས་དབྱིངས་མཛོད་སོགས་ཆོས་ཀྱི་ཉིང་ཁུའི་མན་ངག་གི་གདམས་ངག་དམར་ཁྲིད་རྣམས་ཀྱིས་ཚེ་གཅིག་སངས་རྒྱས་གྲུབ་པའི་ཉེ་ལམ་བསྟན་པ་སོགས་མདོར་ན། དམ་པ་འདིའི་ལེགས་བཤད་གསུང་ཆོས་ཀྱི་གླེགས་བམ་འདི་དག་ནི། རྗོད་བྱེད་ཚིག་གི་ཆ་ནས་སྲོལ་རྒྱུན་སྙན་ངག་གི་ལུས་རྒྱན་སྲོག་གསུམ་གྱི་ཁྱད་གཞིའི་སྟེང་ལ་ཐུན་མིན་རྩོམ་གཤིས་ཀྱི་ཁྱད་ཆོས་འབུར་དུ་དོད། བརྗོད་བྱ་དོན་གྱི་ཆ་ནས་གངས་ལྗོངས་རིག་པའི་བཅུད་འཛོམས་ཤིང་། ལུགས་གཉིས་བླང་དོར་གྱི་གནད་འདུས། མདོ་སྔགས་རྒྱུད་སྡེའི་དཀའ་བའི་གནད་བཀྲལ་ཞིང་མན་ངག་ཟབ་མོའི་དགོངས་པ་རྗེན་པར་སྟོན་པ་སོགས་གནད་བསྡུས་ན། ཚིག་སྙན་ལ་དོན་ཟབ་པ། དགོས་གལ་ཆེ་ལ་སྤྱོད་སྒོ་ཡངས་པ། མཁས་པས་བལྟས་ན་དོན་བཟང་བ། བླུན་པོས་བལྟས་ཀྱང་གོ་སླ་བ། སྐྱ་སེར་ཀུན་ལ་དགོས་ཤིང་། རྒན་གཞོན་ཡོངས་ལ་མཁོ་བ། ཁྲོ་མེད་ཀྱི་བཤེས་གཉེན། རིན་བྲལ་ཀྱི་ནོར་བུ། བསིལ་ལྡན་གངས་རིའི་ལྗོངས་ན་བསྟན་བཅོས་རི་བོའི་གཏོས་དང་མཉམ་མོད་ཚིག་དོན་གཉིས་ཀྱི་ཆ་ནས་གསུང་རབ་ཀྱི་ཆོས་འདི་དང་འདི་ལྟ་བུ་ཕུན་སུམ་ཚོགས་པ་དཀའ་བའི་ཚོད་དུ་སྣང་ངོ་། །དེ་ལྟར་རིན་བྲལ་ལེགས་བཤད་ཀྱི་བསྟན་བཅོས་ཆེན་མོ་འདི་ལས་འཕྲོས་ཏེ་ཡོན་ཏན་གྱི་ཆ་ཤས་སྐྲ་རྩེའི་ཉག་མས་བླང་བའི་ཆུ་ཐིག་ཙམ་ཞིག་ཉུང་ངུའི་ངག་གིས་བརྗོད་ཁུལ་བགྱིས་པ་ལས། མཐའ་དག་ཅི་བཞིན་གླེང་བའི་བློ་གྲོས་ཀྱི་སྟོབས་དང་ཤེས་རབ་ཤིན་ཏུ་ཕྲ་མོད། དེ་ལས་གཞན་དུ། བཤད་པ་བརྒྱ་ལས་བལྟས་པ་གཅིག་གིས་གསལ་བའི་དཔེ་བཞིན་ལགས་པས། རྣམ་པ་ཚང་མས་བསྟན་བཅོས་གསུང་རབ་ཀྱི་ཆོས་དངོས་ལ་མཇལ་བ་ཙམ་གྱིས་ཡོན་ཏན་དང་ཁྱད་ཆོས་མཐའ་དག་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་བས་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །སླར་སྨྲས་པ། དེ་ལྟའི་དོན་ལྡན་བརྗོད་བྱའི་མ་ཎི་ཀ། །རྗོད་བྱེད་སྙན་འགྱུར་སྲད་བུར་ལེགས་བསྟར་ཏེ། །གངས་ལྡན་སྒེག་མོའི་རྒྱན་དུ་ལེགས་བཀོད་པའི། །མཛད་བཟང་བླ་ན་མེད་དོ་རྗེ་བླ་མ། །གསུང་རབ་རིན་ཆེན་མཚན་བཟང་གྲངས་ལྡན་པ། །གསལ་བྱེད་ཉི་མའི་འོད་སྣང་དང་འགྲོགས་ཏེ། །སྐྱེ་དགུའི་མ་རིག་མུན་པ་རབ་བསལ་ཞིང་། །བརྟན་འགྲོའི་བསོད་ནམས་མཁའ་ལ་རྟག་བརྟན་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་ཏུ་བརྟན། །ལེགས་གསུང་ཆོས་འདིའི་ཕྲིན་ལས་ཕྱོགས་མེད་རྒྱས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཀྱི། །དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག  ཅེས་པའང་རབ་གནས་ས་ཁྱི་སྤྱི་ལོ༢༠༡༨ལོ་ས་ག་ཟླ་བའི་དུས་ཚེས་ཕུན་སུམ་ཚོགས་པར། ཆོས་རྗེ་འགྲོ་བའི་མགོན་པོ། དཔལ་ལྡན་བླ་མ་དམ་པ། ཁྱབ་བདག་རྫོགས་ཆེན་པ་གང་གི་གསུང་ཆོས་ཞལ་འབྱེད་ཀྱི་སྐབས་གུས་སློབ་ཤེས་བྱ་ཀུན་གཟིགས་དེས་གུས་པས་བརྗོད་པ་དགེ་ལེགས་འཕེལ།

WechatIMG29.jpeg

《 མཁན་པོ་ཤེས་བྱ་ཀུན་གཟིགས། 》

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།