སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་རྩོམ་གསར་པ། ཚོགས་བཤད་ལྷག་བསམ་ཟླ་ཞུན།

WechatIMG643.jpeg

ཨོཾ་སྭ་སྟི། གང་མཚན་ངོ་མཚར་གྲགས་པའི་འོད་སྣང་ཅན། །ཀུན་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །བཀྲ་ཤིས་གཟི་ལྡན་དཔལ་གྱི་མཛོད་བརྙེས་པ། །ཚེ་དཔག་མེད་མགོན་རྒྱལ་བས་དགེ་ལེགས་སྩོལ། །རྒྱལ་ཀུན་གསུང་གི་རྡོ་རྗེ་ཧྲཱིཿ  དམར་མདངས། །ཡ་མཚན་མཆོག་གི་པདྨར་བརྫུས་ཏེ་འཁྲུངས། །རྒྱལ་བའི་རྒྱལ་ཚབ་གངས་ལྗོངས་འགྲོ་བའི་མགོན། །མཚོ་འཁྲུངས་པདྨ་རྒྱལ་པོས་རྗེས་སུ་སྐྱོངས། །ཆེར་སྙིགས་བསྐལ་བ་ཕྱི་མའི་དུས་ཀྱི་མཐར། །བསྟན་ཞབས་གཏེར་གྱིས་སྐྱོང་བའི་མངའ་ཐང་ཅན། །སྤྲུལ་བའི་གཏེར་ཆེན་ཆོས་རྒྱལ་རཏྣ་གླིང་། །དགུ་ལྡན་བརྒྱུད་པར་བཅས་པས་དེང་འདིར་དགོངས། །ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པའི། །མདོ་སྔགས་ཚང་ལ་མ་ནོར་བརྒྱུད་པའི་སྲོལ། །མི་ཟད་མཛོད་ལ་དབང་བའི་འཁོར་ལོས་བསྒྱུར། །གྲུབ་དབང་རྫོགས་ཆེན་རྒྱལ་བ་ཡབ་སྲས་རྒྱལ།

དེ་ལ་འདིར་ཁྱབ་བདག་གདོད་མའི་མགོན་པོ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད། ཆོས་སྐུའི་དུས་ན་ཆོས་སྐུ་པདྨ་ཀུན་ཏུ་འཆང་། ལོངས་སྐུའི་དུས་ན་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ། སྤྲུལ་སྐུའི་དུས་ན་མི་མཇེད་འཇིག་རྟེན་གྱི་ཁམས་སུ། འགྲོ་འདུལ་སྤྲུལ་བའི་སྐུ་མཆོག་གུ་རུ་མཚན་བརྒྱད། འཕྲུལ་མཚན་ཉི་ཤུ་རྩ་ལྔ་ལ་སོགས་པར་སྤྲུལ་ནས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་དང་རྣམ་དབྱེར་མེད་པའི་སངས་རྒྱས་ཀྱིི་མཛད་པ་ཆོ་འཕྲུལ་ཆེན་པོ་ལ་མངའ་བརྙེས་པ་རྒྱལ་བའི་དབང་པོ་སློབ་དཔོན་པདྨ་ཀ་ར་ཉིད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཁ་བ་ཅན་གྱི་ལྗོངས་འདིར་གངས་ཅན་བསྟན་པའི་སྒྲོན་མེར་སྤྱན་དྲངས་ནས། ལས་ཅན་དག་པའི་འཁོར་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ལས། སྤྱིར་མཐོ་རིས་ཡོན་ཏན་བདུན་གྱི་མཆོག ལྷ་ཆོས་དང་མི་ཆོས་ཐམས་ཅད་ཀྱི་སྒྲུབ་གཞི། ཁྱད་པར་ཆོས་ལྡན་གྱི་གང་ཟག་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་ཤིན་ཏུ་གཅེས་པ། ཚེ་རིང་དུ་འཚོ་བའི་ཐབས་དང་གདམས་པ་ཡིན་ཕྱིར། རྒྱལ་བ་ཐབས་མཁས་ཐུགས་རྗེ་དང་ལྡན་པས། ཚེ་བསྲིང་བར་བྱེད་པའི་སྒྲུབ་བྱེད་ཀྱི་ཐབས། ཕྱི་རྫས་སྔགས་སྨན་གྱི་བཅུད་ལེན། ནང་རྟེན་འབྲེལ་རྩ་རླུང་གི་སྦྱོར་བ། གསང་བ་བསྐྱེད་རྫོགས་ཟབ་མོའི་རིམ་པ་མཐའ་ཡས་པ་ཞིག་བསྟན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བརྟེན་ཏེ་འཆི་མེད་སྒྲུབ་པ་ཉིད་ཡིན་བཞིན། གསང་སྔགས་གསར་རྙིང་ཀུན་ཏུ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་འབྱུང་བ་ལས། འདིར་བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད་འཆི་མེད་རིག་འཛིན་གྱི་སྐུར་བཞེངས་པ་བདེ་བ་ཆེན་པོ་པདྨ་སམ་བྷ་བ་ཉིད། 

WechatIMG647.jpeg

གདུལ་བྱ་ཐུན་མོང་པའི་སྣང་ངོར་ཚེ་ལམ་གྱི་ཕྱག་རྒྱ་ལྷ་ལྕམ་མནྡ་ར་བ་དང་ལྷན་ཅིག བྲག་ཕུག་མ་ར་ཏི་ཀར་ཚེའི་རིག་འཛིན་སྒྲུབ་པའི་སྐབས་སུ། མགོན་པོ་ཚེ་དཔག་མེད་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་དང་བཅས་པས་དགོངས་པ་དབྱེར་མེད་ཀྱི་དབང་བསྐུར་ལུང་བསྟན་བྱིན་གྱིས་བརླབས་ནས། འཁོར་བ་མ་སྟོང་གི་བར་དུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བརྙེས་ཏེ། འཆི་མེད་ཚེ་ཡི་ཏནྟྲ་བྱེ་བ་ཕྲག་བརྒྱ་གཏན་ལ་ཕབས་པའི་ནང་ཚན། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། འོག་མིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ། །ཀུན་བཟང་རྡོ་རྗེ་འཆང་དང་རིགས་ལྔ་དང་། །གསང་བའི་བདག་པོའི་ཐུགས་ཀྱི་བཅུད་བླངས་པའི། །མི་ཤིགས་རྡོ་རྗེ་ཚེ་ཡི་སྒྲུབ་པ་འདི། །ཕྱི་རབས་རྗེས་འཇུག་རྣམས་ཀྱི་དོན་དུ་བཞག །སྐལ་ལྡན་མང་པོ་བདུད་ལས་རྒྱལ་བར་ཤོག །ཅེས་གསུངས་པ་ལྟར། ཚེའི་རྒྱུད་ལུང་མན་ངག་གི་རིམ་པ་སྐལ་ལྡན་རྗེ་འབངས་སོ་སོའི་ངོ་སྐལ་དུ་བསྩལ་ནས། ཕྱི་རབས་ཀྱི་གདུལ་བྱར་དགོངས་ཏེ་བཞག་པའི། རྩོད་དུས་སྐྱེ་དགུར་དབུགས་འབྱིན་གྱི་ངལ་གསོ་སྟེར་བ། ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་དལ་ཞལ་འབྱེད་པའི་སྐབས་ཏེ། ཇི་སྐད་དུ། སྟོན་འཁོར་གནས་དང་སྒྲུབ་པའི་ཐབས། །སྒྲུབ་པའི་ཡོ་བྱད་སྒྲུབ་པའི་དུས། །ཐམས་ཅད་ཕུན་སུམ་ཚོགས་ལྡན་ན། །དངོས་གྲུབ་མཆོག་ལ་སྦྱོར་བར་ངེས། །ཞེས་གསུངས་པ་ལྟར། དུས་ཕུན་སུམ་ཚོགས་པ་བདག་ཅག་གི་སྟོན་པས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་དུ། དུས་འཁོར་རྩ་རྒྱུད་ཀྱི་ཆོས་འཁོར་བསྐོར་བའི་དུས་བཟང་ལ། སྟོན་པ་ཕུན་སུམ་ཚོགས་པ་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན། མངོན་སུམ་མིའི་རྣམ་རོལ་དུ་བྱོན་པ། གྲུབ་དབང་རྫོགས་ཆེན་པ་ཆེན་པོ་མཆོག་གི་གདན་སའི། རྒྱལ་ཚབ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ཉིད་ཚོགས་མགོན་དུ་བཞུགས་བཞིན། འཁོར་ཕུན་སུམ་ཚོགས་པ་རིག་གྲོལ་ཡོན་ཏན་བརྒྱད་ལྡན་དབང་ཐོབ་དམ་ཚིག་སྡོམ་པ་ལ་གནས་པའི་འཕགས་ཚོགས་འདུས་པ་རྒྱ་མཚོ་གདན་འཛོམས། 

WechatIMG37.jpeg

གནས་ཕུན་སུམ་ཚོགས་པ་འོག་མིན་གཉིས་པ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི ཐུབ་བསྟན་ཡོངས་འདུས་ཀྱི་དགའ་བའི་ཚལ་ཆེན་པོའི་གྷནྡྷོ་ལར། ཆོས་ཕུན་སུམ་ཚོགས་པ་རྒྱལ་དབང་པདྨ་ཀ་རའི་ཐུགས་བཅུད། ཟབ་མོ་འདུས་པ་སྐོར་བཞིའི་ཡ་གྱལ། སྤྲུལ་པའི་གཏེར་སྟོན་ཆེན་པོ་ཆོས་རྒྱལ་རཏྣ་གླིང་པས་སྤྱན་དྲངས་པའི། ལྷོ་གཏེར་རིན་ཆེན་འབྲས་བུའི་ཆོས་སྡེ། མཚན་ཙམ་གྱིས་ཀྱང་རྩོད་དུས་སྙིགས་མ་ལྔ་བདོའི་སྐྱེ་དགུ་ལ་དབུགས་དབྱུང་སྟེར་བ། ཚེ་སྒྲུབ་གསང་བ་འདུས་པ་ཞེས་བྱ་བ། ཉམས་སུ་བླངས་ཚད་དུས་མིན་འཆི་བའི་གཡུལ་ལས་རྒྱལ་བ་འདི་ཉིད་ཀྱི་ཚོམ་བུ་ཚོགས་སྒྲུབ། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཡབ་སྲས་ཀྱི་ཕྱག་བཞེས་ཉམས་མེད་དུ་སྐྱོང་བ་ལ། སློབ་དཔོན་སངས་རྒྱས་གསང་བའི་ཞལ་ནས། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ནི། །གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའོ། །ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔ་འཛོམས་ཀྱིས་སྒྲུབ་པའི་གཞི་བཟུང་ནས། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་ལ། འདི་ཉིད་ཀྱི་ཆོ་གའི་གཞུང་བསྲངས་ནས་བསྙེན་པ་དངོས་ལ་འཇུག་པ་བསྙེན་པ། སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་སྦྱང་བ་ཉེ་བསྙེན། འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཏེ་ཀུན་ཀྱང་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་པ་སྒྲུབ་པ། རང་དོན་དུ་དངོས་གྲུབ་ལེན་ཅིང་གཞན་དོན་དུ་དབང་བསྐུར་བ་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས། ཚུལ་བཞིན་བསྒྲུབས་པས་སྒྲུབ་པའི་འབྲས་བུ་ཡུན་རིང་གི་འབད་པ་ལ་མི་ལྟོས་པར། ཞག་དང་དུས་ཀྱི་རིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་གཞོལ་བ་ཡིན་ཕྱིར། 

WechatIMG646.jpeg

སྒྲུབ་པའི་དབུ་ཚུགས་ནས་མཇུག་མ་གྲོལ་གྱི་བར་དུ། འདིར་བཞུགས་དགེ་འདུན་འདུས་པ་ཡོངས་ཀྱིས་སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་ངོ་བོར་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་སྣང་བ་དང་མི་འབྲལ་བའི་ངང་ནས། བསྐྱེད་རྫོགས་ཉམས་ལེན་གྱི་གནད་དང་མཐུན་པར་གནང་རྒྱུ་དང་། དུས་དང་རྣམ་པ་ཐམས་ཅད་དུ་སོ་བྱང་སྔགས་ཀྱི་སྡོམ་དམ་ཚིག་རྣམ་པར་དག་པས། རང་རྒྱུད་ལ་བྱི་དོར་གནང་བ་དང་ཆབས་ཅིག སྔར་བྱོན་དམ་པ་གོང་མ་དག་གི་མཛད་པ་ཕྱག་བཞེས་ཀྱི་རྗེས་སུ་འབྲངས་ཏེ། ཁ་མིག་ཡར་བལྟ། བྱ་མིག་གྱེན་བལྟས་ཀྱིས། གྲྭ་ས་སྒྲིག་གིས་འཚོ། སྒྲིག་ལམ་ཁྲེལ་གྱིས་བསྲུངས་པ་དང་། ཁྱད་པར་དེང་གི་ཕྱི་མའི་དུས་འདིའི་བོད་རྒྱལ་བསྟན་ཡང་དར་གྱི་དུས་འདིར། རྙིང་བསྟན་མདོ་སྨད་དུ་སྤེལ་བའི་སྔ་འགྱུར་བསྟན་པའི་འབྱུང་ཁུངས། སྟོན་དང་བསྟན་པ་གཉིས་ཀའི་བདག་ཉིད། ཕྱོགས་འདིའི་དམ་ཆོས་འདུལ་བསྟན་དར་བའི་ཆུ་འགོ་མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་སྔར་ལུགས་ཀྱི་ཕྱག་སྲོལ་བཞིན། མཁས་པའི་ཚུལ། བཙུན་པའི་ཚུགས། གྲུབ་པའི་ཉམས་བཞེས་དང་ལྡན་པའི་སྒོ་ནས། རྟག་ཏུ་བསླབ་ལ་བརྩོན་པ་དང་བན་དེའི་རང་ཁྲིམས་རང་གིས་བསྲུངས་ཏེ། རང་རྒྱུད་ཀྱི་བསླབ་པར་ནང་ནས་བྱི་དོར་གནང་བ་དང་ཆབས་ཅིག ལས་དང་རྐྱེན་གྱི་དབང་གིས་བསླབ་ལས་འདས་པའི་གང་ཟག་དག་གིས་ཀྱང་། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ལ་འབགས་པ་དང་ཁྱིམ་པ་སུན་འབྱིན་གྱི་ཉེས་པ་འགོག་ཆེད། སྐྱ་ལམ་སེར་ལམ་ཐ་དད་དུ་རང་ལམ་རང་གིས་འཚོས་ནས། མདོར་ན། རང་གཞན་མཆོག་ཕལ་ཀུན་གྱི་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས། རྒྱལ་བའི་བསྟན་པ་རིན་པོ་ཆེར་སྒོ་ཀུན་ནས་སྲི་ཞུ་དོན་ཡོད་པར་བྱ་བ་ཉིད་ཐུགས་ལ་འདོག་པར་ཞུ། 

མཐུ་ཆེན་རྡོ་རྗེ་གྲགས་ལྡན་དགྲ་ལྷའི་རྒྱལ། །གནོད་སྦྱིན་ཙིའུ་དམར་པོ་ཡང་ལེ་བེར། །རྒྱལ་བཙན་སྲུང་མ་རྣམ་གཉིས་འཁོར་བཅས་ཀྱིས། །བསྟན་པ་སྲུང་ཞིང་བསྟན་དགྲ་ཆོམ་ལ་ཕོབ། །ཁྱད་པར་རྒྱལ་གདོན་འགོང་པོས་རྒྱུད་བརླམས་པའི། །དམར་སེར་རྟགས་ཅན་བསྟན་སེལ་བདུད་ཀྱི་རིགས། །དྲག་པོ་མངོན་སྤྱོད་འབར་བས་ཚར་ཆོད་ལ། །བསྟན་དགྲ་དམ་སྲི་མིང་གི་ལྷག་མར་ཐོངས། །ཚོགས་གཉིས་ནོར་བུའི་སྤྲིན་ཆེན་མཁའ་ལ་བསྙེགས། །ཕན་བདེ་བདུད་རྩིའི་གྲུ་ཆར་ཆད་མེད་འབེབས། །བཤད་སྒྲུབ་ལུང་དང་རྟོགས་པའི་དབུ་འཕང་མཐོ། །ཆོས་སྲིད་མངའ་ཐང་མཐའ་རྒྱས་ཡུན་གནས་ཤོག །འོག་མིན་རུ་དམ་ར་བ་དཔལ་གྱི་ལྗོངས། །མཁས་བཙུན་སེང་ཆེན་འབུམ་ཕྲག་རོལ་བའི་གནས། །མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །


རང་དགོན་ལྟེ་བའི་རཏ་གླིང་ཚེ་སྒྲུབ་ཀྱི་དུས་མཆོད་བསྐྱར་གསོའི་སྐབས། ཆོས་ཁྲིམས་འགན་བཞེས་པ་བསོད་ནམས་ཆོས་འཕེལ་གྱི་ངོར་པདྨ་སྐལ་བཟང་དེས་ཐུན་བར་གཅིག་ལ་བྲིས་པ་དགེ།     

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།