༄༅།།གན་རྒྱ་བྲག་དཀར་གྱི་གནས་བསྟོད།

WechatIMG9.jpeg

ཕུན་ཚོགས་རིན་ཆེན་གཏེར་བརྒྱས་རབ་ཕྱུག་ཅིང་། །

འཛམ་བུའི་སྒྲ་དབྱངས་ལྡན་པའི་གླིང་ཆེན་གྱི། །

རྩེ་མོར་མངོན་མཐོ་རྒྱ་ཆེའི་བོད་ལྗོངས་སུ། །

ལྟ་ན་ཉམས་དགའི་ངོ་མཚར་བརྗོད་ལས་འདས། །

ཕྱོགས་མཚམས་རི་ཕྲན་མང་པོས་ཡོངས་བསྐོར་ཞིང་། །

ལྗོངས་ཀུན་ལོ་ལེགས་ཞིང་ཁའི་དྲ་བ་དང་། །

རྒྱ་ཁྱོན་ས་མཐའ་བྲལ་བའི་རྩྭ་ཐང་གིས། །

རབ་མཛེས་ཡུལ་ལྗོངས་ས་ལ་བཀྲམ་པ་ལྟའི། །

དགེ་བཅུ་ཀུན་ཚང་གན་རྒྱའི་ཡུལ་ཁམས་དེའི། །

དབང་ལྡན་ཕྱོགས་སུ་གཉའ་གོང་བྲག་དཀར་ཞེས། །

བདེ་ཆེན་རྒྱལ་པོ་བཅོམ་ལྡན་ཧེ་རུ་ཀའི། །

བྱིན་རླབས་ཅན་གྱི་གནས་མཆོག་དམ་པ་ཉིད། །

བརྗིད་ཆགས་བྲག་རི་དགུང་སྔོན་དབྱིངས་སུ་སྙེགས། །

ལང་ལོང་སྤྲིན་དཀར་མཛེས་པའི་སྟོད་གཡོགས་བཅིངས། །

རྩ་བར་སྨན་ལྗོངས་ནགས་ཚལ་སྟུག་པོས་ཁེབས། །

དྭངས་གཙང་ཆུ་རྒྱུན་དལ་གྱིས་འབབ་པའི་ཁྲོད། །

ཟུང་འཇུག་སྐུ་བརྙེས་གྲུབ་དབང་མི་ལ་ཉིད། །

སླར་ཡང་བྱོན་འདྲའི་དཀའ་སྤྱད་བརྟུལ་ཞུགས་ཀྱིས། །

སྐལ་ལྡན་གདུལ་བྱ་རྒྱ་མཚོ་སྐྱོང་བའི་མགོན། །

ཡུན་རིང་བཞུགས་གནས་ཉམས་དགའི་ཕུག་པ་དེར། །

ཀུན་རྟོག་གཡོ་བྱེད་འགྲོ་འོང་མ་ལུས་པ། །

དབྱིངས་སུ་བཅོམ་ནས་ཟུང་འཇུག་རྡོ་རྗེའི་སྐུར། །

བཞེངས་པའི་རང་རྟགས་ཕྱི་རུ་མངོན་པ་བཞིན། །

སྲ་མཁྲེགས་བྲག་ལས་དྭངས་བསིལ་ཆུ་རྒྱུན་འབབ། །

དེ་དང་ཉེ་བར་མཐོ་བརྗིད་ཤར་རིའི་ངོས། །

རྡོ་བའི་སྤྱིལ་ཆུང་རང་ཤོང་ཕུག་པ་ཞིག །

རང་བྱུང་སྐྱིད་པའི་གནས་ཁང་འདིར་ཡོད་ཅེས། །

སྒྲུབ་པ་པོ་ལ་མགྲོན་དུ་འབོད་པ་བཞིན། །

རྒྱལ་བས་བསྔགས་པའི་དབེན་གནས་འདི་འདྲ་རུ། །

དམ་ཆོས་སྒྲུབ་པའི་སྙིང་རུས་ལྡན་གྱུར་ན། །

ཐ་མལ་བུད་མེད་ལུས་སུ་སྐྱེས་པ་ཡང་། །

ཚེ་འདིར་ཟུང་འཇུག་འགྲུབ་པའི་སྐལ་ལྡན་ཞེས། །

མཁའ་སྤྱོད་ཞིང་གི་རྡོ་རྗེ་བཙུན་མོ་དངོས། །

མཐུན་སྣང་མི་མོའི་རྣམ་པར་རོལ་པའི་གར། །

གུང་རི་མཁའ་འགྲོའི་མཚན་ཅན་སྐྱེས་མཆོག་གི །

སྐུ་ཕྲེང་རིམ་པས་བསྟན་འགྲོའི་དོན་ཆེན་མཛད། །

དམ་པའི་སྐྱེས་མཆོག་ཉི་ཟླ་ཟུང་གཅིག་གི།

ཐུགས་བསྐྱེད་འོད་སྣང་འཕྲོ་བའི་རང་གཟུགས་ལས། །

ལེགས་འོངས་རིགས་སྔགས་འཆང་བའི་དགེ་འདུན་སྡེ། །

འཁོར་ལོ་གསུམ་གྱི་མཛད་པས་ཉིན་བཞིན་བྲེལ། །

ཨེ་མ་ཆོས་བྱེད་མཐུན་རྐྱེན་ཀུན་འཛོམས་པའི། །

དབེན་གནས་འདི་འདྲར་ཐོས་བསམ་སྒོམ་གསུམ་གྱི། །

ཉམས་ལེན་ཟུང་དུ་འབྲེལ་བར་ལེགས་སྐྱོང་པའི། །

གོ་སྐབས་རྙེད་འདི་ལྷག་པར་སྐལ་བ་བཟང་། །

WechatIMG1480.jpeg

དེ་ལྟར་གནས་མཆོག་འདི་ཡི་ངོ་མཚར་ཆོས། །

ཉུང་ངུའི་ཚིག་གིས་བརྗོད་པར་མི་ནུས་ཀྱང་། །

སྔོན་བྱོན་དམ་པའི་རྣམ་ཐར་མཛད་འཕྲིན་ལ། །

མོས་པའི་སེམས་ཀྱིས་ཅུང་ཟད་སྨྲས་པ་འདིས། །

བསྟན་འཛིན་དམ་པའི་གྲལ་དུ་སྙེགས་ན་ཡང་། །

ཆོས་བྱེད་སྐལ་བས་ཕོངས་པའི་བླ་གཟུགས་བདག །

རྙེད་དཀའ་རྟེན་བཟང་ལན་ཅིག་ཐོབ་དུས་འདིར། །

དོན་ལྡན་སྙིང་པོ་མྱུར་དུ་ལོན་པར་ཤོག །

ཅེས་པ་འདི་བཞིན་དཔལ་ལྡན་འཁོར་ལོ་སྡོམ་པའི་གནས་མཆོག་<གན་རྒྱའི་>བྲག་དཀར་ལ་མཇལ་བར་སྐྱོད་སྐབས། བསྟན་འཛིན་དམ་པའི་སྐྱེས་མཆོག་གུང་རི་མཁའ་འགྲོ་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་སྐལ་བཟང་དཀོན་མཆོག་དམ་ཆོས་སྒྲོལ་མ་དཔལ་བཟང་པོ་མཆོག་ནས་གནས་མཆོག་འདི་ལ་བསྟོད་པའི་ཚིགས་བཅད་འགའ་ཞིག་བརྩམ་པར་གྱིས་ཤིག་ཅེས་ནན་གྱིས་བསྐུལ་མ་མཛད་པའི་བཀའ་ངོ་མ་བཟློག་ཙམ་དུ། ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ཡུལ་དུ་སྐྱེས་ཤིང་། དབུས་གཙང་ཆོས་ཀྱི་ཞིང་དུ་མི་ཚེ་ཡོལ་བའི་དུས་མཐའི་བླ་གཟུགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གུས་པ་ཆེན་པོས་བྲིས་ཏེ་ཕུལ་བའོ། །

1 རྒན་གྱ་ལ་གན་རྒྱ་དང་རྒན་རྒྱ་འབྲི་སྲོལ་དུ་སྣང་།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།