༄༅། །སེམས་ཅན་མགུ་བར་བྱེད་པའི་བསྟོད་པ།

WechatIMG1922.jpg

རྒྱ་གར་སྐད་དུ། སཏྭ་ཨ་རཱ་དཱ་ན་སྟ་བ།

བོད་སྐད་དུ། སེམས་ཅན་མགུ་བར་བྱེད་པའི་བསྟོད་པ།

འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། 


ང་ལ་གུས་པ་སེམས་ཅན་དོན་ཏེ་གུས་པ་གཞན་དག་མིན། །

གང་གིས་སྙིང་རྗེ་མ་བཏང་དེ་ཡིས་ང་ལ་གུས་པ་སྟེ། ། 

སྙིང་རྗེ་བཏང་ནས་གནས་པར་གྱུར་པ་ལྟུང་བ་གང་ཡིན་པ། ། 

དེ་ནི་སྙིང་རྗེས་བསླབ་པར་ནུས་ཀྱི་གཞན་གྱིས་མིན། ། 

གང་གི་སྙིང་རྗེས་སེམས་ཅན་ལ་ནི་རྗེས་སུ་ཞུགས་གྱུར་པ། ། 

དེས་ནི་ང་ཡང་མཉེས་བྱས་དེས་ནི་བསྟན་པའི་ཁུར་ཡང་བཟུང་། ། 

ཚུལ་ཁྲིམས་ཐོས་པ་སྙིང་རྗེ་ངག་དང་བློ་དང་གསལ་བ་དག ། 

གང་ལ་ཡོད་པ་དེས་ནི་རྟག་ཏུ་བདེ་བར་གཤེགས་པ་མཆོད། ། 

ང་ཉིད་སེམས་ཅན་ཕན་འདོགས་གྱུར་པས་གྲུབ་འདི་བརྙེས། །

སེམས་ཅན་ཁོ་ནའི་དོན་དུ་གཟུགས་སྐུ་འདི་ཡང་བཟུང་། ། 

སེམས་ཅན་རྣམས་ལ་ཡིད་ཀྱི་གནོད་སེམས་ཅན་དེ་གང་གི་ཕྱིར། ། 

ང་ལ་མི་བལྟོས་པས་ན་དེ་ཡི་སྟོན་པར་མི་འགྱུར་རོ། ། 

སེམས་ཅན་ཕན་པ་ཆུང་ཡང་དེ་ནི་མཆོད་པ་འབྱུང་འགྱུར་ཏེ། །

གང་གིས་ཡིད་ནི་མགུ་བར་བྱེད་པ་མཆོད་པ་ཡིན་པས་སོ། ། 

གནོད་པའི་བདག་ཉིད་ཅན་ནམ་རྣམ་པར་འཚེ་འང་རུང་། ། 

ལེགས་པར་སྦྱར་ནས་མཆོད་ཀྱང་དེས་ནི་མཆོད་མི་འགྱུར། །

 ཆུང་མ་དག་དང་བུ་དང་འབྱོར་པ་རྒྱལ་སྲིད་ཆེན་པོ་དང་།

ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་མིག་དང་ལུས་རྣམས་ཀྱང་། ། 

གང་ལ་བརྩེ་བའི་དབང་དུ་བྱས་ནས་ང་ཡི་ས་ཡོངས་བཏང་། །

དེས་ན་དེ་ལ་གནོད་པ་བྱས་ན་ང་ལ་གནོད་བྱས་འགྱུར། །

དེ་ན་སེམས་ཅན་ཕན་པ་བྱས་ན་ང་ལ་མཆོད་པའི་མཆོག ། 

བདེ་དང་སྡུག་བསྔལ་བ་དང་སེམས་ཅན་མཚུངས་པར་མྱོང་བས་ན། ། 

སེམས་ཅན་རྣམས་ལ་འཚེ་བར་བྱེད་དེ་ང་ཡི་སློབ་མ་ཇི་ལྟར་ཡིན། ། 

སེམས་ཅན་རྣམས་ལ་བརྟེན་ནས་སངས་རྒྱས་མཉེས་དང་དགེ་བ་བྱས། །

སེམས་ཅན་མང་པོའི་དོན་ལ་རབ་གནས་ཕ་རོལ་ཕྱིན་པ་ཐོབ། ། 

སེམས་ཅན་དོན་ལ་བརྩམས་པའི་ཡིད་ཀྱིས་བདུད་ཀྱི་སྟོབས་ཀྱང་བཅོམ། ། 

སེམས་ཅན་རྣམས་ཀྱིས་དེ་ལྟ་དེ་ལྟར་སྤྱད་པ་དེས་ན་ང་སངས་རྒྱས། ། 

སྐྱེ་བ་སྐྱེ་བ་ཞེས་པར་གྱུར་པའི་གཉེན་འདྲ་སྲོག་ཆགས་མེད་གྱུར་ན། །

དངོས་པོ་གང་ལ་འདིར་ནི་སྙིང་རྗེ་བྱམས་པས་དམིགས་པར་ངེས་པར་འགྲུབ། ། 

བཏང་སྙོམས་དགའ་བ་ལ་སོགས་དངོས་པོའི་ཡུལ་དང་རྣམ་པར་ཐར་བ་སོགས་གང་ལ། ། 

གང་གི་དོན་དུ་སྙིང་རྗེ་དེ་ལ་འབད་པའི་ཡིད་ཀྱིས་བཟོད་པ་ཡུན་རིང་བསྒོམས། །

གླང་པོ་ལ་སོགས་སེམས་ཅན་རྣམས་ཉིད་དུ་མ་ང་ཡིས་སྦྱིན་པ་བྱས། །

སེམས་ཅན་རྣམས་ཉིད་སྣོད་ཉིད་དུ་ཡང་ཉེ་བར་གྱུར་པ་ང་ཡིས་སྦྱིན་པ་བསྡུས། །

སེམས་ཅན་རྣམས་ཉིད་སྣ་ཚོགས་དངོས་པོར་གྱུར་ལས་ང་ཡིས་སྙིང་རྗེ་འཕེལ་བར་གྱུར། །

གལ་ཏེ་སེམས་ཅན་རྣམས་ལ་བསྲུང་མ་བྱས་ན་གང་གི་དོན་དུ་དོན་འདི་བསྒྲུབས། ། 

གལ་ཏེ་སེམས་ཅན་མེད་ན་འཁོར་བ་ཉོན་མོངས་མང་པོ་ལས། །

སྐྱེ་བ་བརྒྱུད་པར་གནོད་པ་མཚུངས་པ་མེད་པས་གང་ལ་བརྟེན་ནས་ཕན་འདི་བསྒྲུབས། ། 

བདེ་བར་གཤེགས་པ་བདག་ཉིད་ཆེན་པོ་ངོ་མཚར་ཆེ་བ་འཁོར་བའི་རྒྱན་གྱུར་འདི། །

གལ་ཏེ་ང་ལ་སེམས་ཅན་ལ་བརྩེ་མེད་གྱུར་གང་གི་དོན་དུ་ཉེ་བར་བསྒྲུབས། ། 

ཇི་སྲིད་ང་ཡི་བསྟན་པ་འགྲོ་བ་རྣམས་ལ་བསྟན་པ་འདི་ནི་འབར་གྱུར་པ། །

དེ་སྲིད་གཞན་ལ་མཆོག་ཏུ་ཕན་པ་འདོད་པས་ཁྱེད་ཀྱིས་གནས་པར་གྱིས། །

ཐོས་པས་ང་ཡི་ལེགས་པར་སྤྱོད་པ་སེམས་ཅན་དོན་ལ་མི་སྐྱོ་ཐོས་གྱིས་ལ། ། 

སྐྱོ་བ་མེད་པར་ལུས་འདི་ལས་ནི་སྙིང་པོ་དག་ནི་བླང་བར་གྱིས། །


བྱང་ཆུབ་སེམས་དཔའི་སྡེ་སྣོད་བ་ཚྭའི་ཆུ་ཀླུང་ཞེས་བྱ་བའི་ལུང་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་དཀའ་སྩལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྡུས་པ་སེམས་ཅན་མགུ་བར་བྱ་བའི་བསྟོད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།