༄༅།།རྣལ་འབྱོར་སྨྱོན་པའི་ཐོལ་གླུ་བཞུགས་སོ།།

IMG_5958.JPG

སྟོང་གསལ་འཛིན་པ་བྲལ་བའི་ཆོས་དབྱིངས་ཀྱི་མཁའ་ལ། །འོད་གསལ་རྒྱ་གྲོལ་རིག་པ་བར་མེད་དུ་ཤར་ཏེ། །སྲིད་གསུམ་འགྲོ་བའི་མུན་པ་གཅིག་ཆར་དུ་བསལ་བའི། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དེ་མཁྱེན་ནོ། །གཞི་ལས་གཞི་སྣང་ཤར་ཚེ་རང་སྣང་དུ་ངོ་ཤེས། །གཞི་ཐོག་དང་པོ་ཀུན་ཏུ་བཟང་པོ་ཞེས་མཚན་གསོལ། །འཁོར་འདས་གཉིས་ཀྱི་སྤྱི་དཔལ་རྒྱལ་ཀུན་གྱི་མེས་པོ། །རིག་པ་རང་ཤར་ཆེན་པོའི་རང་གདངས་ལ་གྲོལ་ནས། །རང་བྱུང་གདོད་མའི་མགོན་པོའི་གྲོལ་ལུགས་འདི་མཐོང་ཚེ། །འཁོར་འདས་བཟང་ངན་ལག་པའི་མདུན་རྒྱབ་བཞིན་མཐོང་སྟེ། །མ་བཅོས་གདོད་མའི་གནས་ལུགས་ཐད་ཀ་རུ་མཐོང་བྱུང་། །རིག་པ་ཡེ་ཤེས་ནམ་ལངས་ཉི་ཤར་ལྟར་མངོན་ནས། །དུས་གསུམ་རྟོག་པའི་མུན་པ་གཅིག་ཆར་དུ་བསལ་སོང་། །བདེ་སྡུག་བཟང་ངན་ནམ་མཁའི་འཇའ་ལྟར་དུ་ཡལ་བས། །དུས་གསུམ་རྟོག་ཚོགས་ཐམས་ཅད་རང་ས་རུ་ཞིག་སོང་། །རང་ལུས་ལྷོད་པོར་བཞག་ཚེ་རང་སེམས་འདི་མཐོང་ནས། །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་དབུས་སུ་བབས་ཏེ། །དགོངས་བརྒྱུད་བྱིན་རླབས་འཕོས་པའི་ཉམས་སྣང་ཞིག་ཤར་བྱུང་། །ལྷག་མཐོང་རིག་པའི་ངོ་བོ་ཧྲིག་གེ་རུ་མཐོང་ཚེ། །རྩོལ་བཅས་བསམ་གཏན་སྒོམ་པའི་འབད་པ་དེ་ཞིག་སོང་། །གདོད་ནས་སྐྱེ་མེད་རིག་པ་རང་བབ་ཏུ་བཞག་པས། །གཟུང་འཛིན་འཁྲུལ་བའི་རྒྱ་མདུད་རང་ས་རུ་ཞིག་ནས། །དགག་སྒྲུབ་རེ་དོགས་འཛིན་པའི་སྤྲོས་པ་ནི་མི་དམིགས། །ཅོག་གཞག་རྣམ་གསུམ་དགོངས་པ་དེ་ཀ་རུ་འདུས་ཏེ། །མ་བཅོས་རྣམ་གསུམ་རང་བབ་གང་བདེ་ལ་ཞོག་དང་། །ཀ་དག་རང་ཤར་ལྟ་བ་རང་བབ་ཏུ་གནས་འོང་། །རྡོ་རུས་འབད་རྩོལ་བྱེད་པའི་སྡུག་སྒུར་དེས་ཅི་བྱེད། །ལུས་སེམས་གང་བདེ་མ་བཅོས་རང་བབ་ཏུ་བཞག་ན། །བློ་བདེའི་ངང་དུ་བྱར་མེད་སྐྱེས་བུ་བཞིན་འདུག་ཆོག །བྱ་བྲལ་བག་ཡངས་ཡིན་པ་ནམ་མཁའ་ཡི་རྣལ་འབྱོར། །རེ་དོགས་འཛིན་པ་ཀུན་བྲལ་སྨྱོན་པ་ཡི་ངང་ཚུལ། །བྱ་སྤྱོད་གཞན་མ་མགུ་ཡང་རང་བློ་ནི་བདེ་བས། །ལུས་ངག་ཡིད་ཀྱི་འབད་པ་རང་ས་རུ་ ཞིག་སོང་། །སྣང་གྲག་རིག་གསུམ་དཀྱིལ་འཁོར་རྣམ་གསུམ་གྱི་རོལ་བ། །དྲན་རིག་རྟོག་ཚོགས་ཆོས་ཉིད་སྒྱུ་མ་ཡི་རང་བཞིན། །རང་གྲོལ་རྗེས་མེད་སོང་ཚེ་ངོས་བཟུང་ནི་མ་རྙེད། །དྲན་འཛིན་དམིགས་གཏད་བཅས་པའི་སྒོམ་པ་དེ་བོར་སོང་། །སྒོམ་མེད་ཡེངས་མེད་རིག་པའི་རང་ངོ་ལ་བལྟས་ཏེ། །རིག་སྟོང་སྐྱེ་འགགས་མེད་པའི་ངོ་བོ་དེ་མཇལ་ནས། །རེ་དོགས་སྤང་ཐོབ་བྲལ་བའི་འབྲས་བུ་དེ་བོར་སོང་། །ཡེ་གདངས་ཀུན་ཏུ་བཟང་པོའི་རང་རིག་གི་ངང་དུ། །ཡེ་བཞག་ལྷུན་གྱིས་གྲུབ་པའི་གནས་ལུགས་དེ་གསལ་ཚེ། །ལྟ་སྒོམ་སྤྱོད་པའི་ཐ་སྙད་རང་ས་རུ་བྲལ་སོང་། །རང་གཤིས་ལྷོད་པོའི་ངང་དུ་རང་བབས་སུ་བཞག་ནས། །རིག་སྟོང་སྐྱེ་བ་མེད་པའི་རང་བཞིན་ལ་གཟིགས་དང་། །རིམ་བརྩོན་ཐང་ལྷོད་མེད་པས་ཡུན་རིང་དུ་བསྲིངས་ན། །རང་བཞིན་གདོད་མའི་རྒྱལ་ས་རིམ་བཞིན་དུ་འཐོབ་འོང་། །རང་བྱུང་པདྨའི་དབེན་གནས་མཆིམས་ཕུ་ཡི་གནས་ནས། །ཐོལ་བྱུང་སྨྱོན་པས་བཅོས་གཏམ་དབང་མེད་དུ་ཤོར་སོང་། །རྫོགས་ཆེན་སྒོམ་འདོད་ཡོད་ན་དེ་ལྟར་རང་མཛོད་ཅིག །དབེན་པའི་གནས་ལ་ཚེ་སྒྲུབ་མཐར་ཕྱིན་ཞིག་དགོས་སོ། །ཀྭ་ཡེ་གྲོགས་རྣམས་ཀ་དག་སྐྱེ་མེད་ཀྱི་གནས་ལུགས། །རང་གཤིས་འཛིན་པ་བྲལ་བའི་རང་མལ་འདི་སྐྱོང་དང་། །ས་ལམ་གཅིག་ཆོད་ངང་ནས་གདོད་མ་ཡི་རྒྱལ་ས། །ཟིན་ནས་དོན་གཉིས་འགྲུབ་པའི་སྨོན་ལམ་ཞིག་འདེབས་སོ།། །ཞེས་པ་འདིའང་མཆིམས་ཕུ་ནགས་ཀྱི་དབེན་གནས་ནས་མ་ཏི་ས་རས་སློབ་བུ་ཚེ་རིང་ནོར་བུ་ལ་གདམས་པའོ།། དགེའོ། དགེའོ། དགེའོ། སརྦ་མངྒ་ལཾ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།