མ་ཎི་བྷ་དྲའི་མཚོན་རྟགས་ངོས་སྦྱོར།


WechatIMG80.jpeg

སྤྱི་ལོ་༢༠༡༡ལོ་སྟེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བརྒྱད་པའི་སྐབས་ཀྱི་ཉིན་གསུམ་པའི་མཇུག་གི་ཕྱོགས་སྡོམ་སྐབས་གསར་དུ་གཏན་འབེབ་གནང་བའི་མཚོན་རྟགས་རི་མོ་དང་འབྲེལ་བའི་གསུང་བཤད་ཁོལ་ཕྱུང་སྒྲ་བཤུས་མ། 

དེ་སྔ་ཡན་ཆོད་ནམ་འཚོགས་ཀྱི་སྐབས་སུ། དང་པོ་འཛོམས་དུས་ཁམས་བཟང་རེ་ཞུ་རྒྱུ་དང་། མཇུག་བསྔོ་བ་དང་འབྲེལ་ནས་གྱེས་ཕྱག་རེ་འབུལ་རྒྱུ་ལ་ངས་གཏམ་ཚིག་ཁ་ཁ་ཤས་འདི་ལྟར་ཞུ་གིན་བསྡད་པ་རེད། ད་ཕན་ཆོད་ནི་བསྟན་འགྲོ་སྤྱི་བྱེ་ལ་སྨན་པའི་ཚོགས་བསགས་མཆོད་འབུལ་ལ། དེ་ཡང་མི་དགོས་པར་བསམས་ཏེ། ཕྱིན་ཆད་མཚོན་བྱེད་རྟགས་ཀྱི་རི་མོ་ཞིག་གིས་མཚོན་པར་བྱེད་ཆགས་ཡིན། རྟགས་སྟབས་བདེ་ཤར་ཤར་གསུམ་དང་སྒོར་སྒོར་གཅིག རི་མོ་ཐམས་ཅད་ཀྱི་ཕྱི་མོ་རི་མོ་སྣེ་ཁ་གཉིས་ཀྱི་ནང་དུ་ཆ་ཚང་འདུས་པ་ཞིག་ཡིན། འདི་རེད་ དཀྱིལ་ན་ཕར་ལ་རི་མོ་ཤར་བུ་རིང་པོ་གཅིག་དང་གོང་འོག་གཉིས་ན་ཤར་བུ་རེ་རེ་ཡོད་པའི་སུམ་ཤར་ཤིག  མཐའ་སྐོར་དུ་སྒོར་ཐིག་གཅིག་གིས་ཟླུམ་པོར་བསྐོར་ཡོད་པ་འདི་ཡིན། འདི་ལ་གཙུག་ལག་ཟུང་གི་བཤད་པ་བྱས་ན་ཆོག  སྲིད་ཀྱི་ཕྱོགས་ནས་དཀྱིལ་གྱི་ཤར་བུ་འདི་གནམ་འདེག་ས་གནོན་ཐུབ་པའི་སྙིང་སྟོབས་མཚོན་བྱེད་ཡིན། སྟེང་གི་ཤར་བུ་དེ་བཟང་པོ་གྱེན་ལ་བསྟོད་རྒྱུ་དང་། འོག་གི་ཤར་བུ་དེ་ངན་པའི་མགོ་འཕང་གནོན་རྒྱུའི་མཚོན་བྱེད། མཐའ་སྐོར་ཐིག་ཟླུམ་གཅིག་གིས་བསྐོར་བ་འདི། ལྷག་བསམ་མཐུན་སེམས་གཅིག་གིས་གོང་བུར་བཟླུམ་རྒྱུའི་རྟགས་ཡིན། ཆོས་ཕྱོགས་ནས། དཀྱིལ་གྱི་ཤར་བུ་དེ་ཆོས་ཚུགས་རང་རྐང་གིས་བཟུང་སྟེ། སྟེང་གི་ཤར་བུ་དེ་ཐར་པའི་ལམ་སྟོན་དང་། འོག་གི་ཤར་བུ་དེ་ངན་སོང་གི་སྒོ་འགེག་ཡིན། མཐའ་སྐོར་ཐིག་ཟླུམ་གཅིག་གིས་བསྐོར་བ་དེ། འཁོར་ འདས་མཉམ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཏུ་བཟླུམ་པའི་མཚོན་རྟགས་དང་། འདིའི་ཁ་དོག་ངུར་སྨྲིག་གིས་ཟླུམ་གཟུགས་ཡོངས་ལ་ཁྱབ་པ་དེ། འཛམ་གླིང་གོ་ལ་ཟླུམ་པོར་རྣམ་དག་བསྟན་པ་ཡུག་གཅིག་གིས་ཁྱབ་རྒྱུའི་རེ་སྨོན་མཚོན་རྟགས་ཡིན། འདི་ང་པདྨ་སྐལ་བཟང་རྗེས་རབས་པ་དང་བཅས་པའི་གུས་སེམས་མཚོན་བྱེད་ཡིན་ལ། སེམས་བསྐྱེད་འབུམ་མཆོད་ཀྱི་སྐབས་སུ་ཚོགས་པའི་རྟགས་ཡིན། ལེགས་སྐྱེས་ཀྱི་གཟེངས་རྟགས་འབུལ་དུས་ལྷག་བསམ་གྱི་རྟགས་ཡིན། ལོ་རྒྱུས་ཀྱི་རྗེས་བརྗོད་བྱེད་དུས་རྗེས་དྲན་གྱི་རྟགས་ཡིན། གདོང་མཆོང་པ་ཞིག་གི་སྙིང་སྟོབས་དང་། གསར་གཏོད་པ་ཞིག་གི་སེམས་ཤུགས་ཡར་སྐུལ་གྱི་རྟགས་ཡིན་ཞེས་སྨྲས་ཀྱང་མི་ཆོག་རྒྱུ་མེད། ཅེས་སོགས་གསུངས། འདི་ལ་སྐབས་ཐོབ་ཀྱི་མིང་སྣ་ཚོགས་བཏགས་ཏེ། མ་ཎི་བྷ་དྲ་དང་། ལྷག་བསམ་འཁོར་ལོ། གནམ་ས་རི་ལུ། མ་ཧཱ་བ་ལམ། འབྲུ་ཟླའི་སྐར་ཁྱིམ། བྱམས་བརྩེའི་ཐིག་ལེ། སྣ་ཚོགས་དབང་པོ། རྗེས་དྲན་སུམ་བཅད་མ། ཕྱོགས་རྟགས་ཟླུམ་གཟུགས་མ། དྷི་ར་ཎ། མེ་གྷ། བྷེ་ཊི་ཐ་རམ་སོགས་རྗེས་གྲུབ་དང་། འདོད་རྒྱལ། འདྲེས་མ་སོགས་ཅི་རིགས་པ་མང་ངོ་།།

timg-5.jpeg


WechatIMG78.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།