དམར་དམར་པོ།

སློབ་གསོ་ཞེས་པ་དེ་མི་ཞིག་ཇི་ལྟར་བཅའ་ཚུལ་དང་སྐྱོང་ཚུལ་གྱི་གོ་རིམ་ཡིན་ལ།དེ་ལ་གཞུང་ལུགས་དང་ཆོས་ཉིད་ཀྱི་རྒྱབ་དཔུང་མཐུག་ཅིང་།ལུང་རིགས་ཀྱིས་གྲུབ་པ་སྲ་འཐུས་ཡིན།གོ་རིམ་དེ་ནས་རྒྱལ་ཁབ་ལ་རང་གི་འབངས་མི་དང་ཕ་མ་ལ་རང་གི་བུ་ཕྲུག་གཅེས་ཤིང་སྐྱོང་བའི་རྒྱལ་ཁྲིམས་དང་ཁྱིམ་ལུགས་གཉིས་ཀ་ཡོད།ཉིན་འདི་དག་ལ་དྲ་ལམ་ན་གླེང་བའི་མཚོ་ལྷོ་བའི་སློབ་གསོའི་གནད་དོན་དེ་ཡང་མཐར་དེད་ན།རྒྱལ་ཁབ་ཀྱིས་བཀའ་བསྒོས་པ་དང་རྩ་ཁྲིམས་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའམ།སློབ་གསོ་རིག་པའི་ཞིབ་འཇུག་དང་དཔྱད་འབྲས་སོགས་ཅི་ཡང་མིན་པར།ས་གནས་དེ་གའི་ཏང་སྲིད་མགོ་ཁྲིད་རེ་འགའི་གླེན་རྟགས་དང་ཀློའུ་རྟགས་ཤ་སྟག་ཡིན་པས།རྒྱལ་ཁབ་ཀྱི་ཁྲིམས་ལུགས་མི་བརྩི་བ་དང་།མི་དམངས་ཀྱི་བདེན་དོན་མི་སྲུང་བ།སློབ་གསོའི་ཆོས་ཉིད་མི་བཀུར་བར་ཁྲིམས་འགལ་ནག་ཉེས་བཟོས་ཏེ།དགེ་རྒན་དང་སློབ་མ།ཁྱིམ་བདག་སོགས་སྤྱི་ཚོགས་ཡོངས་ཁ་མེད་མིག་མེད་དུ་གཏོང་མཁན་དག་གུ་ཡངས་མེད་པར་ཁྲིམས་ལ་སྦྱོར་བར་འབོད་སྐུལ་དང་ཐ་ཚིག་བསྒྲགས་ཆོག་ཆོག་ལ།གནད་དོན་དེ་མཚོ་ལྷོ་རྐྱང་བའི་སློབ་གསོའི་གནད་དོན་མིན་པར་ད་ཆ་དང་མ་འོངས་པར་བོད་ཁམས་ཡོངས་ལའང་དེ་འདྲའི་གནད་དོན་བྱུང་དང་འབྱུང་ངེས་ཡིན་པས།ད་ནི་སེམས་ཞི་བ་དང་ལྷོད་པའི་སྒོ་ནས་ཁྲིམས་དང་ཇུས།དོན་དངོས་གསུམ་གཅིག་ཏུ་འབྲེལ་ནས་ཡང་དག་པའི་ཐབས་དང་ཇུས་འདོན་པ་ནི་འཕྲལ་ཕུགས་གཉིས་ཀྱི་གནད་དམ་པའོ།

༼༡༽གནད་དོན་གསལ་ལ།ཁྲིམས་དང་གཞུང་ལུགས།སྲིད་ཇུས་སོགས་ཀྱི་དཔུང་བཙན་པ།

༼༢༽ གནས་ལུགས་གསལ་ལ།དོན་དངོས་དང་ཟུང་འབྲེལ་གྱིས་ལུང་རིགས་སོགས་ཀྱི་ཁུངས་བཙུན་པ།

༼༣༽འབོད་སྐུལ་གསལ་ལ།ཁ་ཕྱོགས་དང་དམིགས་འབེན་སོགས་ཁ་གསལ་ལ་གཏིང་ཟབ་པ།

   ༢༠༡༧ ༤ ༤

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།