སྣང་བའི་རྨ་བྱར་བཞེངས་པའི་མགུར།

མཚོ་ཆེན་གཡུ་ཡི་མེ་ལོང་།།

སྒྲོ་ཡག་རྨ་བྱ་ཚེ་རིང་།།

གསུང་སྐད་ལན་གསུམ་སྒྲོགས་དང་།།

བྱ་བརྒྱའི་གཤོག་རྡང་འགྲིག་ཡོང་།།

མཁའ་མཐའི་སྤྲིན་ལ་ཞོན་པའི།།

རྨ་བྱ་སྐུ་ཁམས་བདེ་འམ།།

སྨུག་པའི་སྐ་རགས་བཅིངས་པའི།།

རི་བོ་མིག་གིས་མཐོང་ངམ།།

ལྷོ་མཐའི་བ་མོ་ལང་ལོང་།།

ཁྱོད་ཀྱི་སྨྲེང་བ་དྲངས་སམ།།

མཚོ་མོ་དར་གྱིས་བསྡམས་པས།།

ཐུགས་ངལ་སྐྱེས་པ་གནང་བྱུང་།།

མ་མཐོང་འཇའ་ཡི་གཞི་ལ།།

མཐོང་འདོད་འདུན་མ་ཡོད་རེད།།

གཙང་པོའི་སྒལ་ཚིགས་ངོས་སུ།།

གཤོག་རྗེས་འཇོག་པར་བྲེལ་ལམ།།

ལྷ་ལས་འཁྲུངས་པའི་རྨ་བྱ།།

པིར་གྱིས་བྲིས་འདྲའི་སྒྲོ་གུར།།

བདག་གི་སྤྱན་གྱི་གསོས་སུ།།

སྨིན་པ་ནོར་བུ་འདྲ་བྱུང་།།

དགུང་སྟོད་མཐོན་པོར་མ་བུད།།

རྨ་བྱའི་སྒྲོ་གུར་མ་མཐོང་།།

དགུང་སྟོད་མཐོན་པོར་བུད་པས།།

མིག་གི་མཚར་སྣང་སེལ་བྱུང་།།

དུས་ཀྱི་འགྱུར་བག་རེ་ལ།།

གྲང་རེག་ངར་ཁ་རྒྱས་བྱུང་།།

རྨ་བྱའི་སྒྲོ་མདངས་མཐོང་དུས།།

ཚིག་གི་ཉམས་འགྱུར་འཕེལ་བྱུང་།།

རྨ་ཡུལ་དཔྱིད་ཀྱི་དཔལ་ཡོན།།

རྨ་འབྲིའི་རྒྱུན་ལ་འདྲེས་ཡོད།།

རྨ་བྱའི་མགྲིན་དབྱངས་སྙན་མོ།།

རྨ་རྒྱལ་རི་ནས་ཐོས་བྱུང་།།

གླིང་བཞི་གླིང་ཕྲན་བསྐོར་ཡང་།།

མཛེས་པའི་ནོར་བུ་མ་མཐོང་།།

ནོར་བུ་གུར་དུ་ཕུབ་འདྲ།།

རྨ་བྱའི་སྒྲོ་གུར་ཡིན་རེད།།

རྒྱང་བཞུད་གསེར་གྱི་རྨ་བྱ།།

འཕྲིན་ཆུང་ཞལ་བཞེས་གནང་རོགས།།

ཐུགས་དགྱེས་སྒྲོ་གུར་སུམ་བརྒྱ།།

སྒང་པའི་མངལ་དུ་སྦྲུམ་ཡོད།།

ཁྱོད་ནི་གསེར་གྱི་རྨ་བྱ།།

མིག་དབང་འཕྲོག་པའི་འོད་ཆུང་།།

བདག་མེད་ཚོར་བའི་གྲོང་ལ།།

བདག་པོ་རྒྱག་པ་གནང་རོགས།།

༢༠༢༢ལོའི་སྤྱི་ཟླ༡༠བའི་ཚེས་པ༣༠ཉིན།

WechatIMG9.jpeg

གཅོད་པ་ཐར། གོ་རབས་པའི་ན་གཞོན་རྩོམ་འབྲི་བ།བོད་རིགས།སྨྱུག་མིང་ལ་མགར་ཐང་དཀར་ཟེར།མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་།མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།2018ལོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་སློབ་གྲྭའི་ཕུལ་བྱུང་སྙན་ངག་གི་བརྩམས་ཆོས་བྱ་དགའ་ཐོབ།བརྩམས་ཆོས་དག་《སྦྲང་ཆར》་དང་།《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཁ་བཏགས་དཀར་པོ》《གངས་དཀར་རི་བོ》《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》《མཚོ་ལྷོ་བོད་ཡིག་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ཚགས་དེབ་དང་དྲ་རྒྱའི་ལས་སྟེགས་སུ་བཀོད་ཡོད།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།