གངས་ཁྲོད་ཀྱི་བསམ་གཏན་པ་བགྲེས་པོ།

WechatIMG1307.jpeg

ནགས་ཀྱི་བསམ་གཏན་པ་བགྲེས་པོོ། 

༼ ཁྱབ་བདག་རྫོགས་ཆེན་པར་ཕུལ་བ།༽

རི་གངས་དཀར་གྱི་དབུ་རྩེ་སྤྲིན་ལ་ཟུག། 

སྤྲིན་དཀར་དམར་གྱི་ཡོལ་བ་ཕྱོགས་ཀུན་རྒྱུ།། 

ནགས་ཤིང་ལོ་ཡི་མགོ་ལྕོག་ལྡེམ་པ་ན།།

རྩྭ་མེ་ཏོག་གི་གཡེར་ཁ་བག་རེ་བཀྲ། 

ཆུ་དྭངས་གཙང་གི་རྦབ་རྒྱུན་དྲག་ཏུ་ཁོལ།།

བྱ་བྱེའུས་མཆོད་དབྱངས་ནགས་སུ་འདྲེས།། 

རི་ནགས་ཁྲོད་དེ་བསམ་གཏན་ཁང་བཟང་པོ།།

ཆོས་བྱིན་དབྱངས་ཀྱི་སྙན་འཇེབས་འཁྱིལ་པ་ལ།།

ཐུགས་སྙིང་རྗེ་ཡི་ཆར་འབྲུ་བརླན་སེ་བ།།

ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་ཤར་བ།། 

བུ་སྐལ་ལྡན་གྱི་སྙིང་གི་མོས་གུས་ལ།།

གོང་མཁས་གྲུབ་ཀྱི་གདམས་པ་སྩོལ་མཁས་པ།།

ཕ་བླ་མ་དེ་དུས་གསུམ་སངས་རྒྱས་དངོས།། 

ཆོས་གདམས་ངག་དེ་སྙིང་གི་བཅུད་དུ་རློམ།། 

ལམ་ཟུང་འཇུག་གི་མདོ་སྔགས་གཉིས་འདྲེས་ཀྱིས།། 

འཁོར་གདུལ་བྱ་ཡི་བློ་ཕུགས་དྲོད་ལམ་མེར།། 

ཞེ་ཕུ་བཅད་ཀྱི་དད་པའི་སྤུ་གཡོ་བ།། 

གནས་རི་ཁྲོད་ཀྱི་བྱུང་ཆུབ་ལྗོན་དབང་ལ།། 

བཀའ་མདོ་རྒྱུད་ཀྱི་ཡལ་འདབ་ཟིམ་མེར་བཞད།། 

འཁོར་སློབ་ཚོགས་ཀྱིས་མོས་གུས་གཤོག་འགྱུར་རྩེན།། 

གནས་རི་ཁྲོད་ཀྱི་བསམ་གཏན་བགྲེས་པོ་ལགས།། 

བུས་མཁྲེགས་ཆོད་ཀྱི་གདོན་གཤིས་ཤིག་པར་སྨོན།། 

སེམས་མ་རིག་གི་སྨག་ཆེན་དྭངས་པར་སྨོན།། 

༢༠༢༣.༦.༣༠  

རྩོམ་སྒྲིག་པ། དོན་གྲུབ་རྡོ་རྗེ།