༄༅།།རེབ་གོང་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་བསྙེན་ཕུར་བྱིན་ཅན།

WechatIMG2317.jpg 

WechatIMG40.jpg

 ༄༅།།རེབ་གོང་ནང་བའི་གདན་ས་ཐོག་མ་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་བསྙེན་ཕུར་བྱིན་ཅན།


དང་པོ། ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་འཁྲུལ་མེད་ཡིན་པའི་ཡིག་ཚང་ལོ་རྒྱུས།

སྔར་སེ་འབྲས་དགའ་གསུམ་སོགས་མ་བཏབ་པའི་ཡར་སྔོན་གྱི་དབུས་ཀྱི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་ནང་ཚན་ཚལ་གུང་ཐང་[]གི་གདན་སར་གསང་སྔགས་རྙིང་མའི་ཆོས་དང་ཁྱད་པར་སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱུད་མན་ངག་དང་བཅས་པའི་མཛོད་འཛིན་གྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་མང་དུ་བྱོན་པ་ལས་ཟུར་ཆེན་ཟུར་ཆུང་དུ་གྲགས་པ་ཟུར་ཆེན་ཤཱཀྱ་འབྱུང་གནས[]་དང་ཟུར་ཆུང་ཤེར་གྲགས་རྣམ་གཉིས་ཀྱི་ཕྱི་མ་ཟུར་ཆུང་ཤེས་རབ་གྲགས་པ་ནི།[]དབུས་གཙང་སྒྲོ་ཕུག་ཏུ་གསང་སྔགས་རྙིང་མའི་བླ་རབས་སྒྲོ་ཕུག་པ་ཤཱཀྱ་སེངྒེ༼1074-1134༽འི་ཡབ་ཡིན་ལ།[]ཁོང་གི་སློབ་དཔོན་ཡང་ཡིན།རིག་འཛིན་བླ་མ་ཁོང་ཡང་ཟུར་ཆེན་པའི་སློབ་རྒྱུད་ཡིན་པ་ཁོང་གི་རང་རྣམ་དུ་གསལ་བ་བཞིན་ནོ།།[]བདུད་འཇོམས་རིག་འཛིན་སྔགས་ཀྱི་སྡོམ་པའི་བརྒྱུད་འདེབས་སུ།[]བསྣུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང་།།ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག།ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང་།།ཟུར་ཆུང་ཤེར་གྲགས་རྣམས་ལ་གསོལ་བ་འདེབས།།ཞེས་གསུངས་པའི་སྐབས་ཀྱི་ཟུར་ཆེན་ཤཱཀྱ་འབྱུང་དང་ཟུར་ཆུང་ཤེར་གྲགས་རྣམ་གཉིས་ལས་ཕྱི་མ་དང་སྐུ་དུས་མཉམ་པའི་ཆུ་སྐྱེས་པདྨ་རིག་འཛིན་ནམ་ཆུ་སྐྱེས་ཉི་མ་ཐག་རྟོད[]་ཁོང་ཕྱོགས་ངེས་མེད་དུ་འགྲིམས་ནས་ཁམས་ཕྱོགས་དང་དབུས་སུ་ཕེབས་སྟེ་བླ་མ་མང་པོ་དང་།སྒོས་སུ་གཙོ་བོ་ཟུར་ཆུང་ཤེས་རབ་གྲགས་པ༼ཕྱི་ལོ་1014-1074༽་སྒོ་གསུམ་གུས་པ་ཆེན་པོས་ལོ་ངོ་མང་པོར་བསྟེན། ཨ་མྱི་བྱང་ཆུབ་འདྲེ་བཀོལ༼ཕྱི་ལོ968—1076༽[]་གྱི་ལུང་བསྟན་ལས། “ཞལ་དཀར་ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་རུ།།[]རབ་བྱུང་དང་པོའི་རྩིས་མགོའི་ས་གླང་ལོར།།༼ཕྱི་ལོ༡༠༤༩༽གནས་གཞི་བཟུང་ནས་མི་བརྒྱུད་མང་པོ་འབྱུང་།།བརྒྱལ་བུ་རླངས་ཚང་ཞེས་པ་ཡོངས་སུ་གྲགས།།”[]ཞེས་པ་སོགས་ཀྱི་ལུང་བསྟན་ལྟར་བརྩིས་ནའང་དུས་འགྲིག མཐར་རང་ཡུལ་ལ་ཕེབས་དུས་བླ་མས་རྟེན་སྐལ་ལ་བསྙེན་ཕུར་འདི་གནང་སྟེ་མདོ་སྨད་དུ་གསང་སྔགས་སྙིང་མའི་ཆོས་རྒྱུད་སྤེལ་བར་བཀའ་བབ་ཏུ་བྱོན་པ་སྔོན་གྱི་ངག་རྒྱུན་དང་ཡང་ཐོད་ཐུག་པས། ཕྱིར་རང་ཡུལ་དུ་ཕེབས་ནས་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་གི་ནང་རྟེན་དུ་ཕུལ། རྗེས་ནས་བརྒྱལ་བུ་དཔོན་པོ་ཐོག་མ་ཨ་སྐྱབས་རྡོ་རྗེའི་བུ་འབྲིང་བ་བརྒྱལ་བུ་བླ་མ་དཔལ་ལྡན་ལུང་རིགས[11]་ཀྱིས་བསྙེན་ཕུར་གྱི་བྱིན་ནུས་ལ་དགོངས་ཏེ་སློབ་དཔོན་ཡབ་ཡུམ་གསུམ་བཞེངས་ནས་དེའི་ཐུགས་རྟེན་དུ་གཉེར།   དེའི་རྗེས་ཕྱི་ལོ1726ཙམ་ལ་རིག་འཛིན་བླ་མས་“ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང”་ལ་སླར་ཡང་ཞིག་གསོ་མཛད་ཅིང་། དགོན་མིང་ལ་“རིག་འཛིན་རབ་འཕེལ་གླིང”་ཞེས་མཚན་སྒྱུར། ལྷ་ཁང་རྒྱ་བསྐྱེད་གནང་དུས་བསྙེན་ཕུར་ཕྱིར་བཏོན་ནས་རེབ་གོང་སྔགས་མང་ལ་སྒྲུབ་ཆེན་བཀའ་བརྒྱད་བཙུགས་པའི་དཀྱིལ་འཁོར་གྱི་སྒྲུབ་རྟེན་གཙོ་བོར་མཛད། ཟུར་ཆུང་བའི་ཡར་སྔོན་ལོ་ངོ་ཅི་ཙམ་སོང་བ་མི་གསལ་ཡང་ཁོང༼ཕྱི་ལོ་1014-1074༽་ནས་བརྩིས་ན་ད་ལྟའི་བར་མི་ལོ་སྟོང་གཅིག་ལྷག་སོང་བ་གསལ། དད་པ་སྟོབས་ལྡན་རྣམས་མཇལ་བ་ཙམ་གྱིས་སྐབས་དོན་གྱི་ནད་དང་བར་ཆད་ཐམས་ཅད་སེལ་བར་འགྱུར། ཞེས་སྔོན་གྱི་བཤད་རྒྱུན་ལ་གྲགས་པ་སོགས་ཆོས་ཁུངས་བཙུན་པའི་ཡིག་ཚང་གི་རབས་དང་པོའོ།།

གཞན་ཡང་།ད་ལྟའི་ལོ་རྒྱུས་འགའ་རེར་བསྙེན་ཕུར་འདི་སློབ་དཔོན་བེེ་རོ་ཙ་ནའི་ཕྱག་ཕུར་ཡིན་ཟེར་བའི་རེབ་གོང་སྔགས་མང་གི་རྟེན་ཕུར་བྱིན་ཅན་ཞིག་ཡིན་པར་འདོད་མཁན་གྱི་མཁས་པ་མང་ཡང་།དོན་གྱིས་ཡིག་ཚང་དང་གཞི་འཛིན་ས་གང་ཡིན་གྱི་དཔྱད་པ་གནང་མཁན་གཅིག་ཀྱང་མ་བྱུང་མོད།ཡར་སློབ་དཔོན་བེེ་རོ་ཙ་ནར་གཏུགས་ཐུབ་ན་ལོ་ངོ་སྟོང་གཅིག་ཉིས་རྒྱ་ལྷག་གི་ལོ་རྒྱུས་ཡོད་པས་དཔྱད་པར་འཚལ།

ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྲོལ་མ་ཉམས་པ་ཁྱུང་མགོན་མི་འགྱུར་རྡོ་རྗེ་གླིང་དུ་བཞུགས་པའི་གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཕུར་བྱིན་ཅན་འདོད་འབྱུང་གཏེར་གྱི་བུམ་བཟང་དུ་[12]གསུངས་པ་དེའང་གཏེར་ཆེན་ཁོང[13]་རྒྱལ་དབང་ལྔ་བའི་སློབ་མ་ཡིན་པས་ཟུར་ཆེན་ཟུར་ཆུང་གཉིས་དང་སློབ་རྒྱུད་གཅིག་པས་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་བསྙེན་ཕུར་འདི་དང་ཆོས་ཁུངས་འདྲ་ལ།ཕྱག་རྒྱུད་གཅིག་པའོ་སྙམ་པའང་ཤར། རང་ཉིད་གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཕུར་བྱིན་ཅན་དེར་མཇལ་མ་མྱོང་ཡང་།ཁྱུང་མགོན་མི་འགྱུར་རྡོ་རྗེ་གླིང་གི་ཆོས་སྲོལ་གྱི་བྱུང་བ་བརྗོད་པ་སྐབས་སུ་མ་བབ་པས་དུས་དེར་དཔྱད་པར་འདོད་དོ།།

གཉིས་པ། བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་དང་བསྙེན་ཕུར་འདིའི་བར་གྱི་འབྲེལ་བ།

བླ་མ་རིག་འཛིན་[14]པས་བསྙེན་ཕུར་འདི་སྔ་འགྱུར་གཏེར་བདག་རྣམས་ཀྱི་ཆོས་ཁུངས་དང་འབྲེལ་བའི་བྱིན་རྟེན་གལ་ཆེར་བཟུང་སྟེ་རེབ་གོང་སྔགས་མང་ལ་སྒྲུབ་ཆེན་བཀའ་བརྒྱད་བཙུགས་པའི་དཀྱིལ་འཁོར་གྱི་སྒྲུབ་རྟེན་དུ་བཀུར་བའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོང་འབྲས་སྤུངས་སུ་སློབ་གཉེར་གནང་བའི་སྐབས་ཤིག་གནས་གསུམ་མི་བདེ་བ་འདྲ་བྱུང་བར་བརྟེན། རང་རྣམ་དུ།གནས་ཆུང་དང་དགའ་གདོང་ཆོས་སྐྱོང[15]་སོགས་ལ་བརྟག་པ་ཞུས་པར།    གཙོ་ཆེར་འདོད་མོས་ལྟར་དང་ཁྱད་པར་ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རང་ནས་ཟབ་ལམ་གྱི་གདམས་པ་མནོས་ན་ལེགས་ཚུལ་སོགས་བབས་པ་དང་།[16]ཞེས་གསུངས་པ་ལྟར་བརྟག་པ་བབས་པ་ལ་ཡིད་བཅོལ་ཏེ་སྔ་འགྱུར་གཏེར་ཆེན་དག་ལས་ཟབ་ལམ་གདམས་ངག་བཙལ་བའི་ཐོག་མའི་ཡིག་ཚང་གི་རབས་གཉིས་པའོ།།

གཞན་ཡང་། ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་དུ་འཁྲུངས་པའི་སྔ་འགྱུར་[17]་རྙིང་མའི་རྣལ་འབྱོར་བ་འཆི་མེད་བླ་མ་རྒྱལ་མཚན་དང་། ཆུ་སྟོད་ཉི་མའི་འཁོར་ལོ། ཆུ་སྐྱེས་ཉི་མ་ཐག་རྟོད། ཆུ་སྐྱེས་ཉི་མ་དྲག་འཛིན་སོགས་བྱོན་པ་དག་སྔ་འགྱུར་གཏེར་བདག་ཟུར་ཆེན་ཟུར་ཆུང་རྣམ་གཉིས་ཀྱི་ཆོས་རྒྱུད་དུ་བྱོན་ཅིང་།བླ་མ་རིག་འཛིན་པས་ཀྱང་མེས་པོའི་ཆོས་རྒྱུད་ལ་དགོངས་ནས་ཟུར་ཆེན་ཤཱཀྱ་འབྱུང་གི་ཡང་སྲིད་ཕྱི་མའི་ཕྱི་མ་ཟུར་ཆེན་ཆོས་དབྱིངས་རང་གྲོལ༼ཕྱི་ལོ1604-1669༽་གྱི་སྐུ་རབས་ཕྱི་མ་ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས་ལས་གསང་སྔགས་རྙིང་མའི་ཆོས་བཀའ་གསན་རྒྱུའི་སྐལ་བ་དང་རྟེན་འབྲེལ་འགྲིགས་པས་ཡབ་མེས་གོང་མ་རྣམས་ཀྱི་ཆོས་རྒྱུད་དང་ངོ་འཕྲོད་པ་ཡིན་ནོ།།རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་སོགས་སུ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་འདི་བ༼1604-1669༽དུས་ཚོད་འདི་ལ་ངོས་འཛིན་གནང་ཡོད་པ་དང་ཡང་ཐོད་ཐུག་གོ།[18]

ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས་འདི་བ་དུས་རབས་བཅུ་བདུན་པ་རབ་བྱུང་བཅུ་གཅིག་པའི་སྨད་དུ་འཁྲུངས་པ་དང་།གཤེགས་ལོ་མི་གསལ་ཡང་ཕྱི་ལོ་1699ལོར་མཁན་པོ་བློ་བཟང་པདྨ་འཕྲིན་ལས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་ལོ་ཚིགས་གསལ་བས་ན།ཁོང་རྒྱལ་དབང་ལྔ་པའི་བླ་མ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་དེ་སྔ་འགྱུར་བྱང་གཏེར་གྱི་བླ་བརྒྱུད་ཡིན་པ་ཡིག་ཚང་དུ་གསལ་ལོ།།

རླངས་རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་འདི་བ་༼ཕྱི་ལོ1688-1742༽བརྒྱལ་བུ་རླངས་ཚང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་རྡོ་རྗེ་བསམ་འགྲུབ༼ཕྱི་ལོ1677-1731༽ཀྱི་སྐུ་དུས་སུ་ཆུ་སྐྱེས་ཐང་དུ་འཁྲུངས་ནས་དཔོན་པོ་པདྨ་དར་རྒྱས༼ཕྱི་ལོ1701-1761༽ཀྱི་སྐུ་དུས་སུ་ཆུ་སྐྱེས་ཞལ་དཀར་མཁའ་འགྲོའི་ཁྲོམ་ར་རུ་སྐུ་གཤེགས།  ཁོང་ཐོག་མར་རོང་བོར་ཚོགས་ཞུགས་མཛད༼ ཕྱི་ལོ1705-1711༽། ཕྱིས་དབུས་སུ་ཕེབས ༼ཕྱི་ལོ་1713-1718༽། དང་པོ་འབྲས་སྤུངས་དགེ་བཤེས། སྨིན་གྲོལ་གླིང་དུ་ཕྱིན[19]༼ཕྱི་ལོ་1719- 1726༽། རྙིང་ཆོས་ཀྱི་ཁུང་ཕྱུང་སྟེ་མཉན་པས་འབྲས་སྤུངས་འགྲིག་ལ་གཅུར་ཏེ་སྤྱོད་ལམ་ཁང་བ་བརྒྱུད་འགྲོས་དགོས་བྱུང་། མདོ་སྨད་དུ་གཏེར་ཆོས་ཀྱི་སྒྲུབ་འཕྲིན་སྤེལ་དྲག བན་མིན་མོན་མིན་གྱི་གཏེར་བརྡོལ་བས་མཁན་ཆེན་དང་མཐུན་འགྲས་ཤོར།[20]ཞེས་མདོ་སྨད་ཆོས་འབྱུང་གསུངས་པ་བཞིན་ཕྱིས་མདོ་སྨད་དུ་མི་ལོ་བཅོ་ལྔའི་རིང་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་སྤེལ་བས་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་བས་ཁོང་གི་སྙན་པ་འཕེལ་ཞིང་། ཕྱི་ལོ༡༧༢༦ཙམ་ལ་རིག་འཛིན་བླ་མས་ཆུ་སྐྱེས་མཁའ་འགྲོའི་ཕོ་བྲང་ལ་སླར་ཡང་ཞིག་གསོ་མཛད་ཅིང་། དགོན་མིང་ལ་“རིག་འཛིན་རབ་འཕེལ་གླིང”་ཞེས་མཚན་སྒྱུར། ༼ཕྱི་ལོ་1726-1742༽རང་རྣམ་དུ།ཁམས་ནས་ཁྲི་ཀ་བརྒྱུད་དེ།    རྟའི་ལོ་གསར་ཟླ་བ་ལ་རང་ཡུལ་མདོ་སྨད་རེབ་ཀོང་གསེར་ལྡན་གྱི་ལྗོངས་འདིར་ཕྱིན་ཏེ།    དེ་ནས་མེ་མོ་ལུག་གི་ལོ་ནས་བཟུང་ད་ལྟའི་བར་དུ་རེབ་ཀོང་སྟོད་སྨད།    ཤར་ཕྱོགས་ཁ་གྱ།    ལྷོ་ནུབ་ཧོར་སོག ནུབ་བྱང་ལ་མོ།    བྱང་ཕྱོགས་ཚོ་ལྔ་ལ་སོགས་པར་དབང་ལུང་ཁྲིད་བཅས་ཡང་ནས་ཡང་དུ་བགྱིས[21]་པས་སྨིན་གྲོལ་གླིང་གི་བསྟན་པ་ཡར་ངོའི་ཟླ་བཞིན་འཕེལ་བ་རང་རྣམ་ཡིག་ཚང་ལོ་རྒྱུས་དང་སྐབས་དོན་གྱི་བཤད་རྒྱུན་དངོས་ན་ཉི་མ་བཞིན་གསལ་ལོ།།

དེ་བས་ཀྱང་ཤེས་ཐུབ་པ་ཞིག་ནི་སྐབས་དེའི་རེབ་གོང་གི་ཁ་ཆེན་དབང་ཆེན་མཐའ་ལ་ལྷུང་བ་རྣམས་གཡོ་འཁྲབ་ཀྱི་དབང་དུ་སོང་སྟེ་གྲུབ་མཐའི་ལ་རྒྱ་ཙམ་ལ་ཁ་གཡར་ནས་རང་གི་ཞེ་འདོད་འབའ་ཞིག་འགྲུབ་ཆེད་ཁ་སྣ་ཚོགས་སུ་བསྒྱུར་པ་ལས་སྤྱི་ཕན་གྱི་བྱ་བ་རྒྱ་ཆེན་པོ་ཞིག་འགྲུབ་མེད་དོ།།རིག་འཛིན་བླ་མའི་གསུང་ལས།“བླ་མ་དང་དགྲ་གཉིས་བཀའ་དྲིན་མཉམ།།ངོ་མཚར་རྐྱེན་ངན་གྲོགས་སུ་ཤར།།འདི་འདྲ་བསམ་ན་རྒོད་རེ་བྲོ།།ད་ལྟ་དགྲ་རྣམས་དབྱིངས་སུ་ཡལ།།ཉམས་ཆུང་ཁོ་བོས་ལྟད་མོ་བལྟས།།ཀྱེ་མ་ཉམས་ཀྱི་མཚར་བ་ལ།།འཇིག་རྟེན་སྒྱུ་མའི་ཡོ་ལང་འདི།།སྒྱུ་མ་ལས་ཀྱང་སྒྱུ་མར་སྣང་།།སྒྱུ་མ་ལོགས་ནས་འཚོལ་མ་དགོས།།མདང་གསུམ་རྨིས་པའི་རྨི་ལམ་དང་།།འདི་གཉིས་ཁྱད་པར་གང་གིས་འབྱེད།།”[22]ཅེས་སྐབས་དེའི་གནས་བབ་ལ་ཡིད་མུག་པའི་གསུང་དབང་མེད་དུ་བྱོན་པ་ལས་རྐྱེན་ངན་གྲོགས་སུ་ཤར་བའི་སྐྱེས་བུ་དམ་པའི་ཁྱད་ཆོས་ཤིག་ངམ་གྱིས་ཐོན་ཡོད་པ་ལ་གོ་རྒྱུ་ཆེན་པོ་ཡོད་དོ།།

སྒོས་སུ་རིག་འཛིན་ཁོང་རང་ལོ་ཉེར་ལྔའི་སྟེང་དབུས་སུ་ཕེབས་ཤིང་།[23]འབྲས་སྤུངས་སུ་སློབ་གཉེར་གནང་དུས་ཕྱི་ལོ་1713ནས་ཕྱི་ལོ1718་བར་ཡིན་ལ།“དེ་ནས་ལོ་ལྔ་ཙམ་ལ་བཞུགས་པ་རང་རྣམ་དུ་གསལ་བས།ཕྱི་ལོ་1718བར་འབྲས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་སྐབས་ཀྱི་གངས་ཅན་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཞེས་པ་ནི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ༼1617-1682༽་ཡིན་མི་སྲིད[24]་ཀྱང་རྒྱལ་དབང་དྲུག་པ༼ཕྱི་ལོ་1683-1746་ལྷ་བཟང་ཧན་གྱིས་ཕོ་བྲང་པོ་ཏ་ལར་བཟང་བཙོན་ལྟ་བུར་བཀག་ཡོད་སྟབས་གཞུང་སྒེར་སུས་ཀྱང་མཚན་ཙམ་ཡང་གླེང་མི་ཆོག་པ་ཆབ་སྲིད་ནག་པོའི་འགྲོ་ལུགས་རང་ཡིན་ཕྱིར་ཁོང་གི་དད་སྟོབས་དང་ཐབས་མཁས་ཀྱིས་རྒྱལ་དབང་ཞེས་རྟེན་འབྲེལ་ཙམ་གྱིས་གླེང་བ་ཙམ་དུ་ཟད་ཀྱི་དོན་གྱིས་རྒྱལ་དབང་དྲུག་པ་རང་ཡིན་དགོས་ལ།རྒྱལ་དབང་ཁོང་རྒྱུན་པར་ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་སྐུ་མདུན་དུ་བཅར་རྒྱུའི་རང་དབང་ཙམ་ཡོད་ཐང་ཡང་སྲིད།དེ་ཕྱིར་བླ་མ་རིག་འཛིན་པའང་སྐབས་དེ་དང་བསྟུན་ནས་རྒྱལ་དབང་དྲུག་པར་མཇལ་བའི་སྐལ་བ་བྱུང་ཡོད་པར་སྙམ།

རིག་འཛིན་བླ་མའི་གསུང་དྲིས་ལན་ལྷའི་རྔ་བོ་ཆེར།ཤིང་ཁམས་མགྱོགས་འགྲོའི་ལོ་ལ་བོད་ཡུལ་དབུས། །འགྲོ་མགོན་ཞིང་གི་གདན་ས་གུང་ཐང་དུ། །ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་སྐུ། །ངག་དབང་བླ་མ་ཀུན་དགའི་དཔལ་འཛིན་ཞིང་། །བསོད་ནམས་ཡེ་ཤེས་འབྲས་བཟང་ཡོངས་སྨིན་པར། །ལེགས་པར་གཏུགས་ནས་ཐུགས་སྒྲུབ་རྣམ་གསུམ་དང་། །བླ་མ་གསང་འདུས་བཀའ་བརྒྱད་བདེ་འདུས་དང་། །རྟ་མཆོག་པདྨ་དབང་ཆེན་དམར་ནག་གཉིས། །འཇིག་རྟེན་དབང་ཕྱུག་ཕྱག་རྡོར་མེ་ཕྲེང་སོགས། །བཀའ་གཏེར་ཟབ་ཆོས་དཔག་ཏུ་མེད་པ་ཡི། །སྨིན་བྱེད་དབང་དང་རྒྱབ་རྟེན་ལུང་ལ་སོགས། །གདམས་པའི་བཅུད་ཀྱིས་སྙིང་གི་ཟ་མ་ཏོག  །ཡོངས་སུ་གཏམས་པས་ཐོག་མའི་རྟེན་འབྲེལ་འགྲིགས། [25]ཞེས་གནས་ཆུང་དང་དགའ་གདོང་ཆོས་སྐྱོང་ལ་བརྟག་པ་ཞུས་པ་ལྟར་ཚལ་གུང་ཐང་དུ་ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས་ལས་ཐུགས་སྒྲུབ་རྣམ་གསུམ།གསང་འདུས་བཀའ་བརྒྱད་བདེ་འདུས།རྟ་མཆོག་པདྨ་དབང་ཆེན་དམར་ནག་གཉིས་སོགས་ཐོག་མའི་རྟེན་འབྲེལ་གྱི་དབུ་བཙུགས་ཏེ་སྔ་འགྱུར་གསང་སྔགས་ཀྱི་ཟབ་ཆོས་གང་བྱོན་བུམ་པ་གང་བྱོའི་ཚུལ་དུ་གསན་པ་སོགས་ནི་ཆོས་ཁུངས་བཙུན་པའི་ཡིག་ཚང་གི་རབས་གསུམ་པའོ།།

སྐྱབས་མགོན་ཞབས་དཀར་བས། རེབ་གོང་བླ་མ་ཐམས་ཅད་ཀྱི།།ནང་ནས་ཤིན་ཏུ་དྲིན་ཆེ་བ།།རྗེ་བཙུན་སྐལ་ལྡན་རྒྱ་མཚོ་དང་།།རིག་འཛིན་དཔལ་ལྡན་བཀྲ་ཤིས་ཡིན།།[26]ཞེས་ཆེན་པོ་རྣམས་ཀྱིས་ཀྱང་བཀུར་བཟོའི་ཚད་དུ་སླེབས་པས། གཞན་རྣམས་ལྟ་ཅི། དེ་ཕྱིར་རེབ་གོང་གི་མི་སྣ་གྲགས་ཆེན་སྔོན་མ་རྣམས་གླེང་དུས་ཁོང་གི་རྒྱུས་ཀྱང་གླེང་དགོས་པ་ཉི་མ་རྒྱབ་ཤར་ལག་པས་མི་ཁེབ་པའི་གནས་བབ་ཅིག་ཡིན་ལ། དེར་བརྟེན་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་བསྙེན་ཕུར་བྱིན་ཅན་འདི་བསྙེན་བདག་གང་ནས་བརྒྱུད་པའི་ཡིག་ཚང་གི་རྒྱུས་བཙལ་ནའང་བླ་མ་རིག་འཛིན་པའི་ཆོས་རྒྱུད་སྔ་མ་དག་ལ་ཁུངས་གཏུགས་དགོས་པ་ནི།ཆོས་མགོ་རྒྱ་གར་དང་།ཆུ་མགོ་གངས་ལ་གཏུགས་དགོས་པའི་ཆོས་ཉིད་བཞིན་རིག་འཛིན་ཁོང་གིས་ཀྱང་བསྙེན་ཕུར་བསྙེན་བདག་ལ་ངོ་འཕྲོད་པ་ལྟར་རེབ་གོང་སྔགས་མང་ལསྒྲུབ་ཆེན་བཀའ་བརྒྱད་བཙུགས་པའི་དཀྱིལ་འཁོར་གྱི་སྒྲུབ་རྟེན་གཙོ་བོར་མཛད་པའང་གནད་དེ་ཉིད་དོ།།

འཁོར་བའི་ཟིང་ཟིང་གི་སྐྱ་བར་ནས་དུས་འདའ་བའི་བློ་དམན་བདག་ལྟ་བུ་ཞིག་ལ་རིག་གཞུང་ལོ་རྒྱུས་ལ་དཔྱོད་པའི་འོས་མེད་མོད།《རླངས་ཀྱི་པོ་ཏི་བསེ་རུ》་ལས།“ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་འདྲ།མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ།ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡལ་བོར་འདྲ།”[27]ཞེས་གསུངས་པ་ལྟར་རང་གི་ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་ལ་མཇལ་རྒྱུའི་སྐལ་བ་དང་ལྡན་པ་ནི་རང་གི་ཚེ་འདིའི་བསོད་ནམས་དང་རྒྱུ་ཚོགས་ཕུན་སུམ་ཚོགས་པར་མཐོང་ནས་ཡིག་ཚང་ཁུངས་མ་དང་སྔོན་མའི་བཤད་རྒྱུན་དག་ལ་ཁུངས་བཅོལ་ཏེ་སྒྲོ་བཏགས་དང་རྟོག་བཟོའི་དབང་དུ་མ་སོང་བར་དཔྱད་པ་གཏོང་རྒྱུ་གལ་ཆེར་མཐོང་ནས་སོ།།

དེ་ཕྱིར་འདི་ཡང་ཉེ་བའི་ལོ་འདི་འགའི་རིང་རེབ་གོང་གི་ནང་བའི་ཆོས་འགོ་སྔ་འགྱུར་རྙིང་མ་དང་སྒོས་སུ་སྨིན་གླིང་གི་བསྟན་སྲིད་ཀྱི་རྒྱུས་འཚོལ་བའི་ལས་སུ་ཞུགས་པའི་གཏམ་ཟུར་ཙམ་ལས་འདིར་བློ་དཀར་གཞུང་དྲང་གི་ལྷག་བསམ་ཅན་དག་ལ་བློ་འདྲིའི་གཞིར་ཕུལ་བའོ།།

ཞེས་པ་ནི་ཆུ་སྐྱེས་པས་ཕྱི་ལོ་༢༠༢༢་ལོའི་ཟླ་༨་པའི་ཚེས་༡༣་ལ་གནའ་མཁར་ཟི་ལིང་ནས་མཇུག་རྫོགས་པར་བྲིས་པའོ།།

 

བློ་འདྲིའི་ཟུར་བཀོལ།

༄༅། །རེབ་གོང་ནང་བའི་གདན་ས་ཐོག་མ་རིག་འཛིན་རབ་འཕེལ་གླིང་དུ་བཞུགས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་ཕྱག་རྒྱུད་བསྙེན་ཕུར་བྱིན་ཅན་འདིའི་ཡིག་ཚང་ཁུངས་མ་འགའ་ཟུར་དུ་བཀོལ་བ།

༼སྔོན་གྱི་རྒྱུས་གང་ལ་གསལ་ཁ་དང་དཔྱད་པ་གནང་མཁ་སུ་དང་གང་ཡིན་ཡང་གཙོ་བོའི་ནང་གི་གཙོ་བོ་ནི་ཁུངས་བཅོལ་སའི་ཡིག་ཚང་ཁུངས་མ་དང་ས་གནས་དེའི་གནའ་མིའི་ངག་རྒྱུན་ཟུང་འབྲེལ་གྱིས་གཏན་འཁེལ་བྱེད་དགོས་པ་ལས་ཞེན་ཤུགས་ཙམ་ལ་སྐྱབས་བཅོལ་བ་དཔྱོད་ལྡན་བདེན་ལུགས་ཀྱི་རྗེས་སུ་འབྲངས་མཁན་ཞིག་ཡིན་ན་ནི་ལས་སུ་མི་རུང་ངོ་།།ཞེས་རང་གིས་བྲིས་པ་གང་ཡིན་ནས་ཡང་དང་སྐྱར་དུ་བདེན་པ་བརྡར་བ་བོ་ནི་ཆུ་སྐྱེས་པའོ།།

ཡིག་ཚང་དང་པོ།

ཟུར་ཆུང་ཤེས་རབ་གྲགས་པ་ནི།༼ ཕྱི་ལོ་ 1014-1074

1.འུག་པ་ལུང་པའི་གདན་རབས་དང་པོ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཡིན་ལ་ཁོང་གདན་རབས་གཉིས་པ་ཡིན། རབ་བྱུང་མ་ཚུགས་པའི་ཤིང་སྟག་ཕྱི་ལོ་ ༡༠༡༤ ལོར་འཁྲུངས། རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་ ༡༠༧༤ ལོར་སྐུ་གཤེགས། ཆུང་དུས་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལས་དཔེ་ཁྲིདཞུས། ཇོ་མོ་གཡུ་མོ་མ་སྨད་གཉིས་དང་བཟའ་བསྒྲིགས་གནང་། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་པ་དང་། ཆོས་ཀུན་ལ་མཁས་པར་བྱས། འུག་པ་ལུང་པའི་གདན་སར་སློབ་མ་མང་པོ་བསྐྱངས། གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་པོ་དགུ་འདུས་སུ་བྱོན། སྒོམ་སྒྲུབ་ལོ་ངོ་བཅུ་བཞིའི་རིང་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་རྒྱུ་བ་བྱུང་། མཚན་ལ་ཡང་བདེ་གཤེགས་རྒྱ་བོ་ཞེས་ཞུ། མཐར་རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་ ༡༠༧༤)ལོར་སྐུ་འདས། སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དང་། སློབ་མའི་ཚོགས་ནི་ཀ་བ་བཞི་དང་། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན། སློབ་མ་དེ་ལས་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ཇོ་ཤཱཀྱ་བཅས་དང་། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་། སྐྱ་སྟོན་ཆོས་ཀྱི་སེང་གེ གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀྱ་རིང་། སྣུབས་སྟོན་ཆོས་ཀྱི་སེང་གེ དབུས་པ་ས་འཐོར། སུལ་སྟོན་ཟླ་བ་གྲགས་པ། རྩེ་ཕྲོམ་བྱང་དཔལ་བཅས་མང་དུ་བྱོན་ནོ།། 

མཚན་གྱི་རྣམ་གྲངས་ལ། བདེ་གཤེགས་རྒྱ་བོ་པ། ཟུར་ཆུང་།

2. རྙིང་མའི་བླ་རབས་སྒྲོ་ཕུག་པ་ཤཱཀྱ་སེངྒེ་ནི་ཕྱི་ལོ1074ལོར་སྒྲོ་ཕུག གཙང་ཁུལ་དུ་ཡབ་ཟུར་ཆུང་ཤེས་རབ་གྲགས་པ་དང་ཡུམ་མདའ་མོ་གཙུག་གཏོར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཟུར་མེས་དབོན་གསུམ་གྱི་ནང་ཚན་དང་ཟུར་ཆུང་ཤེས་རབ་གྲགས་པའི་སློབ་མ་ཀ་བ་བཞིའི་གྲས་ཀྱི་གཅིག་ཡིན། ཕྱི་ལོ1134ལོར་སྐུ་མྱ་ངན་ལས་འདས།

བྱང་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནས་གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་ཆོས་འཁོར་བསྐོར། སྒོ་ཕུག་གི་གདན་ས་མཛད། སློབ་མ་དགེ་བའི་བཤེས་གཉེན་སྟོང་ལ་ཉེ་བ་བསྐྱངས་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་ཞིང་དར་བར་མཛད། སློབ་ཚོགས་ལའང་། མེ་བཞི་དང་། ནག་བཞི། སྟོན་བཞི་སོགས་བསྐྱངས།

འཕྲིན་ལས་རྡོ་རྗེ་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི 《བོད་བརྒྱུད་ནང་བསྟན་གྱི་བླ་རབས་ཐོ་གཞུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པའི་དཔར་ཐེངས་དང་པོ། ཤོག་གྲངས131ན་གསལ།

ཡིག་ཚང་གཉིས་པ། 

ཟུར་ཆེན་ཆོས་དབྱིངས་རང་གྲོལ།༼1604-1669༽

ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་དབུ་བླ་གསང་སྔགས་རྙིང་མའི་མཁས་གྲུབ་སྙན་གྲགས་ཅན་ཞིག་ཡིན། ཡབ་ཟུར་གྱི་རིག་འཛིན་བརྒྱུད་པའི་གདུང་རབས་ཟུར་ཆེན་གཞོན་ནུ་དོན་གྲུབ་དང་ཡུམ་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་འབྲུག(༡༦༠༤) ལོར་འབྲོམ་ཐོད་ལག་ཚང་དུ་སྐུ་འཁྲུངས། དྲུང་པ་དཀོན་མཆོག་རིན་ཆེན་གྱི་སྐུ་སྐྱེར་ངོས་འཛིན་མཛད་དེ་ཡི་གེ་འབྲི་ཀློག་དང་། འཕགས་ཡུལ་གྱི་ཡིག་རིགས་རྣམས་ཀྱང་དཀའ་ཚེགས་ལ་མ་ལྟོས་པར་ཐུགས་སུ་ཆུད། དགུང་ལོ་དགུ་ནས་བྱང་པ་རིག་འཛིན་ངག་གི་དབང་པོ་ལས་ལྷ་བྲིས་དང་། རྩིས་རིགས། དྲག་སྔགས་ཀྱི་སྐོར་སོགས་གསན། དགུང་ལོ་བཅུ་གཉིས་ཙམ་ནས་སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་སུ་བཅར་ཏེ་བཀའ་བརྒྱད་བདེར་འདུས་སྐོར་དང་། མཁའ་འགྲོ་སྙིང་ཐིག་བཀའ་གཏེར་གཉིས། བླ་མ་ནོར་བུ་རྒྱ་མཚོ་དང་། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་དབང་ལུང་དང་ཉམས་ཁྲིད་མཐར་ཕྱིན་པ་གསན། ཕྱག་ཆེན་ལྔ་ལྡན་དང་གཅོད་ཁྲིད་སོགས་ཉམས་སུ་བཞེས། དགུང་ལོ་བཅུ་བདུན་པར་རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་དུ་བྱོན། བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་དུ་གནང་། དགུང་ལོ་ཉི་ཤུ་བཞེས་སྐབས་སླར་ཡང་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དུ་སྒྲུབ་པར་མཛད། ཤིང་བྱི(༡༦༢༤)ལོར་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེད་ཐང(ལྔ་མཆོད་གྲྭ་ཚང)དུ་དགུན་ཆོས་ཆེན་མོའི་ཐོག་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་དབུ་བླར་བསྟེན་ནས་ཟིལ་གནོན་སོགས་ཆོས་དཀའ་རྣམས་དང་དྲག་སྔགས་ཀྱི་སྐོར་སོགས་ཞི་རྒྱས་དབང་དྲག་ལས་རབ་འབྱམས་ཀྱི་ལུང་ཁྲིད་རྣམས་གསན་བཞེས་ལྟར་ཕུལ་བ་མཛད། གཞན་ཡང་ཕུར་པ་ལུགས་གསུམ་དང་། བཀའ་བརྒྱད་ལུགས་གསུམ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་ཐུགས་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོང་མ་འཕྲུལ་བ་ཐུགས་རྒྱུད་ལ་འཁྲུངས། དཀར་གཙང་མཆོད་ཡོན་གྱིས་དགེ་ལུགས་སྤྱི་དང་དགའ་ལྡན་ཕོ་བྲང་ལ་སྡང་ཟུག་ཆེ་བས་རྗེ་འདིས་ལས་སྦྱོར་མཛད་པས་དགའ་ལྡན་ཕོ་བྲང་གྱིས་བོད་ཡོངས་ལ་དབང་བསྒྱུར་ཐུབ་པ་བྱུང་བར་གྲགས། བྱང་པ་རིག་འཛིན་ངག་གི་དབང་པོའི་སྐུ་སྐྱེ་རིག་འཛིན་པད་མ་འཕྲིན་ལས་ངོས་འཛིན་གྱི་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་བཀོད་ནས་ཀ་གཏེར་གྱི་ཆོས་མཐའ་དག་བསྩལ་ཅིང་བསྟན་པའི་བདག་པོར་མངའ་གསོལ། སྐུ་ཚེའི་སྨད་དུ་གུང་ཐང་དུ་བཞུགས་ཤིང་ཡེར་པ་སྤོས་དགའ་སོགས་དགོན་གནས་ཀྱི་ཞལ་འཛིན་མཛད། རྒྱ་བོད་ཧོར་གསུམ་གྱི་བླ་མ་སྐྱེ་སྤྲུལ་སོགས་ཆོས་དོན་གཉེར་ཅན་རྣམས་ལ་ཀ་གཏེར་གསར་རྙིང་གིས་རྣམ་པར་གྲོལ་བའི་ལམ་གྱི་དངོས་པོ་ཅི་རིགས་པར་སྦྱོར་བ་མཛད། ཐུགས་སྲས་བླ་མ་གྲངས་ཀྱིས་མི་ལངས་པ་ཡོད་པ་ལས། གཙོ་བོར་གྱུར་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་དང་། གཉོད་སྟོན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་སོགས་ཡིན། དགུང་ལོ་རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་བྱ(༡༦༦༩)ལོར་སྐུ་གཤེགས། འབྲོམ་ཐོད་ལག་ཚང་གི་མི་རྒྱུད་ནི་ཟུར་ཆོས་དབྱིངས་རང་གྲོལ་དང་གདུང་རྒྱུད་གཅིག་པ་ཡིན་ཞེས་གྲགས།ཞེས་དུང་དཀར་ཚང་གསུངས།

སྨོན་ལམ་ཚིག་མཛོད་ལྟར་ན་དགུང་ལོ་ང་གསུམ་ལ་གཤེགས་པ་དང་།ཕྱི་ལོ་1647གཏགས་ནོར་ཡིན་པ་འདྲ།༼1604-1657༽དགུང་ལོ་ང་གསུམ་ལ་སྐུ་གཤེགས་པ་ཡིན་ན་འདས་ལོ་འདི་འགྲིག་ཀྱང་སྒང་བསོད་ནམས་རྡོ་རྗེས་༼1604-1669༽ལ་བཞག་པ་རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་སོགས་སུ་༼1604-1669༽ལ་ངོས་འཛིན་གནང་ཡོད།གསུངས་པ་དང་།ཁོང་གིས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་དབྱིན་ཡིག་ནས་བོད་བསྒྱུར་ཞིག་ཡོད་པར་ཐོས་པས་ཤིན་ཏུ་སྤྲོ།ཉི་སྤྲུལ་དྲུག་པའི་རྙིང་མའི་ཆོས་འབྱུང་དུ་དགུང་ལོ་རེ་དྲུག་ལ་སྐུ་གཤེགས་པ་ལྟར་བྱས་ན་ཕྱི་མ་འགྲིག་པར་མཐོང་ལ།དུང་དཀར་ཚང་ཡང་ཕྱི་མར་འཐད།སྒང་བར་བཀའ་དྲིན་ཞུ་བ་ལགས།

ཨྱོན་ཆེན་པོའི་དངོས་སློབ་རྗེ་འབངས་ཉེར་ལྔའི་ནང་ཚན་གཉགས་ཛྙཱ་ན་ཀུ་མ་རའི་རྣམ་སྤྲུལ་སྔ་འགྱུར་བྱང་གཏེར་ཆོས་བརྒྱུད་འཛིན་པའི་མཁས་གྲུབ་ཆེན་པོ་ཞིག་སྟེ་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་རིགས་བདག་ཏུ་བསྟེན་པར་མཛད། དམ་པ་འགའ་ཡི་རྡོ་རྗེའི་ལུང་གིས་ཟིན་པ་བཞིན་ཡབ་ཟུར་གཞོན་ནུ་དོན་གྲུབ་དང་ཡུམ་མཁའ་འགྲོའི་མཚན་དང་ལྡན་པ་ཡིད་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་འབྲུག་༼ཕྱི་ལོ་༡༦༠༤༽ལོར་སྐུ་བལྟམས། ཡབ་ཀྱིས་མཚན་རྡོ་རྗེ་ནོར་བུ་ཞེས་གསོལ། དགུང་ལོ་བདུན་པ་ལྕགས་ཁྱི་༼ཕྱི་ལོ་༡༦༡༠༽ལོར་རིག་འཛིན་ངག་དབང་ཡེ་ཤེས་གྲུབ་པར་གཙུག་ཕུད་ཕུལ་བའི་མཚན་ངག་དབང་བཀྲ་ཤིས་ཀུན་དགའ་ཞེས་གསོལ། དབང་རྗེས་གནང་ལྗགས་ལུང་སོགས་གནང་། སྐུ་ཆུང་ངུ་ནས་མཁྱེན་དཔྱོད་མཆོག་ཏུ་ཡངས་པ་ལྷ་བྲིས་དང་སྐར་རྩིས་སོགས་རིག་པའི་གནས་བཅུར་མཁྱེན་རྒྱ་ཟབ་པར་གྲགས། ཡོངས་འཛིན་གཙོ་བོ་རྡོ་བྲག་རིག་འཛིན་ངག་གི་དབང་པོ་དང་། གུ་རུང་དབྱངས་དཔོན་པ་ཁྲག་ཐུང་ཡེ་ཤེས་རྡོ་རྗེ། ཡབ་འཁོར་ལོའི་དབང་ཕྱུག་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པ་ལས་གཏེར་ཁ་སྣ་ཚོགས་ཀྱི་དབང་ལུང་གསན། ལྔ་པའི་ཡོངས་འཛིན་ཕ་བོང་ཁ་རྡོ་རྗེ་འཆང་འཁོར་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་དགེ་བསྙེན་དང་རབ་བྱུང་། བསྙེན་རྫོགས་ཀྱི་དངོས་པོར་བསྒྲུབས་ཏེ་མཚན་དཔལ་འབྱོར་འཕྲིན་ལས་རབ་རྒྱས་སུ་གསོལ་ཞིང་སྐུ་བཙུན་པའི་ཚད་དུ་གྲགས། གསར་རྙིང་ཆོས་བཀའ་མང་དུ་གསན། གཞུང་ལུགས་རབ་འབྱམས་མཁྱེན་པའི་ཀློང་བརྡོལ་ཏེ་ལྔ་མཆོད་དུས་སུ་གསར་རྙིང་མཁས་པའི་ཚོགས་དབུས་སུ་རྩེད་ཐང་དུ་གྲྭ་སྐོར་གཞུང་བཤད་མཛད་དེ་དྲི་ལན་གང་ལ་ཡང་ལན་ཐོགས་མེད་འདེབས་པ་བྱུང་བས་མཁས་པའི་གྲགས་པ་གངས་རིའི་ལྗོངས་སུ་ཁྱབ། ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་གནང་བའི་ཚེ་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་ཐུགས་ཉམས་སུ་བཞེས་པས་རྟོགས་པ་ཀློང་དུ་གྱུར། བླ་མ་ཞི་དྲག་བཀའ་བརྒྱད་ཆོས་སྐྱོང་སྐོར་མང་པོ་ལ་བསྙེན་པ་ཚད་དུ་ཐེམས། རྒྱལ་བ་རིན་པོ་ཆེ་མཆོག་ལ་དབང་ལུང་མན་ངག་མང་པོ་དང་ཁྱད་པར་བཅས་ཆོག་ཆེན་མོའི་ཕྱག་ལེན་དང་དབང་ལུང་མན་ངག་མཐའ་དག་ཤིན་ཏུ་ཞིབ་པར་ཕུལ། བྱང་པ་རིག་འཛིན་ངག་གི་དབང་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་གནས་ཚུལ་གསན་འཕྲལ་རྡོ་རྗེ་བྲག་ཏུ་བྱོན་ནས་སྐུ་གདུང་རིན་པོ་ཆེར་གདུང་མཆོད་ཕུལ་ནས་བཟུང་ལོ་ལྟར་དུས་དྲན་གྱི་མཆོད་འབུལ་མཛད། རྗེ་འདིས་དམ་པའི་ཆོས་ཀྱི་བཀའ་དྲིན་བསྩལ་བའི་སློབ་མ་ནི། རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། རྡོ་བྲག་སྐྱབས་མགོན་རིག་འཛིན་སྐུ་ཕྲེང་བཞི་པ་བློ་བཟང་པདྨ་འཕྲིན་ལས། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་ལ་སོགས་མཐའ་ཡས་པ་ཞིག་བྱོན། དེ་ལྟ་བུའི་དམ་པ་འདི་ཉིད་མཐར་དགུང་ལོ་ལྔ་བཅུ་ང་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་བྱ་༼ཕྱི་ལོ་༡༦༤༧༽1647གཏགས་ནོར་ཡིན་པ་འདྲ།༼ཕྱི་ལོ་༡༦༥༧༽ལོ་བོད་ཟླ་བདུན་པའི་ཚེས་ཉེར་ལྔའི་ཉིན་རྒྱལ་མཆོག་ལྔ་བ་རིན་པོ་ཆེར་རྒྱུད་འབུམ་གྱི་ལྗགས་ལུང་ཕུལ་རྗེས་ཆོས་མཚམས་མཛད་ཅིང་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་ནས་ཕྱིར་བཞུགས་གནས་སུ་བྱོན་ཏེ་ས་སྲོད་ཙམ་ལ་སྐུའི་བཀོད་པ་བསྡུས་ནས་རེ་ཞིག་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས། སྨོན་ལམ་ཚིག་མཛོད་གསུངས།

ཡིག་ཚང་གསུམ་པ། 

ཟུར་ཆེན་ངག་དབང་ཀུན་དགའ་བསོད་ནམས།༼ དུས་རབས་བཅུ་བདུན་པ་རབ་བྱུང་བཅུ་གཅིག་གི་སྨད་དུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཡོས་༼ཕྱི་ལོ་༡༦༩༩༽ལོར་བསྙེན་པར་རྫོགས། འདས་ལོ་མ་རྙེད༽

རྒྱལ་དབང་ལྔ་པའི་བླ་མ་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་སྔ་འགྱུར་བྱང་གཏེར་བླ་བརྒྱུད་ཡིན། དུས་རབས་བཅུ་བདུན་པ་རབ་བྱུང་བཅུ་གཅིག་གི་སྨད་དུ་འཁྲུངས། རྒྱལ་དབང་ལྔ་པ་ཆེན་པོས་ངོས་འཛིན་མཛད་དེ་མཚན་ངག་དབང་ཀུན་དགའ་བསོད་ནམས་ཞེས་གསོལ། རྒྱལ་དབང་དྲུག་པའི་བྱང་གཏེར་གྱི་སློབ་དཔོན་ཡང་ཡིན། རྡོ་རྗེ་བྲག་ཏུ་བཞུགས་ཏེ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་གནང་། རིག་འཛིན་པད་འཕྲིན་དགུང་ལོ་ང་བརྒྱད་ལོར་རིག་འཛིན་པད་འཕྲིན་ཉིད་ལས་དགེ་ཚུལ་བསྒྲུབས་པའི་མཚན་ངག་དབང་ཀུན་དགའ་བསོད་ནམས་པདྨ་ཐེག་མཆོག་བསྟན་འཛིན་ཞེས་གསོལ། འདི་ཉིད་རིག་འཛིན་པདྨ་འཕྲིན་ལས་ཀྱི་ནང་ཐུགས་ཀྱི་སྲས་གཅིག་པུ་རུ་གྱུར་པར་རང་རྣམ་དུ་གསལ་བ་ལྟར་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ། པདྨ་འཕྲིན་ལས་ཀྱི་རང་རྣམ་ལས། བསྟན་པའི་རྒྱལ་མཚན་ལེགས་པར་ཚུགས་པས་རྒད་པོ་ཤི་ཡང་འགྱོད་པ་མེད་ཅིང་བློ་བདེ་བར་གྱུར་ཞེས་སོགས་བསྔགས་བརྗོད་ཆེ། རབ་བྱུང་བཅུ་གཉིས་པའི་ས་ཡོས་༼ཕྱི་ལོ་༡༦༩༩༽ལོར་མཁན་པོ་བློ་བཟང་པདྨ་འཕྲིན་ལས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཞི་ཁྲོ་བཀའ་བརྒྱད་ཀྱི་དུས་དབང་གི་སྐབས་རྡོ་རྗེ་རྒྱལ་ཐེབས་སུ་ཟུར་ཆེན་མཆོག་སྤྲུལ་མངའ་གསོལ་བར་བཤད། ཟུར་ཆེན་མཆོག་སྤྲུལ་གྱི་བསྐུལ་ངོར་བྲིས་པའི་བྱང་གཏེར་ལ་ཡིག་འཇོག་ཀྱང་ཡོད། རིག་འཛིན་པད་འཕྲིན་གྱི་རང་རྣམ་རབ་དཀར་ཤེལ་གྱི་མེ་ལོང་གི་བར་སྐབས་ཚིག་བཅད་ལས། ཟུར་ཆེན་བླ་མའི་ཡང་སྲིད་སྤྲུལ་པའི་སྐུར། ། ཟབ་ཆོས་བདུད་རྩིའི་བུམ་པ་གང་བྱོའི་ཚུལ། ། ཕུལ་བས་དགྱེས་པ་བསྐྱེད་དང་སྔ་འགྱུར་བའི། ། བསྟན་པ་རིན་ཆེན་གསོས་སུ་འགྱུར་སྙམ་བགྱིད། ། ཅེས་གསུངས་པ་བཞིན་ཐུགས་རྩིས་ཤིན་ཏུ་ཆེ་བར་གསལ། དེ་ནས་སྐུ་སྐྱེས་རིམ་བྱོན་རྡོ་རྗེ་བྲག་གི་རྒྱལ་སྲས་སྤྲུལ་སྐུར་གྲགས་པ་དེ་ཡིན་ཞིང་རིག་འཛིན་ཆེན་པོ་མ་བཞུགས་པའི་སྐབས་རྒྱལ་སྲས་སྤྲུལ་སྐུ་དང་ཆུ་བཟང་སྤྲུལ་སྐུ་གཉིས་ཀྱི་སུ་རུང་ནས་ཁྲི་ཚབ་མཛད་སྲོལ་ཡོད་པ་དེ་ཡིན་ནོ།། ཞེས་སྨོན་ལམ་ཚིག་མཛོད་གསུངས། རྗེ་འདི་པར་རང་རྣམ་ཞིག་ཡོད་པར་གྲགས་ཀྱང་ལག་ཏུ་མ་སོན།

ཡིག་ཚང་བཞི་བ།

རྒྱལ་དབང་སྐུ་ཕྲེང་ལྔ་པ་རྒྱལ་བ་བློ་བཟང་རྒྱ་མཚོ། ༼1617-1682༽

1. ཁོང་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་གཉིས་ཀའི་ཐོག་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེ་བ་དེ་ཡིན། ཁོང་ལྷོ་ཁ་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང་ཡུལ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་མེ་སྦྲུལ(༡༦༡༧)ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(༡༦༨༢)ལོར་སྐུ་གཤེགས། དགུང་ལོ་རེ་དྲུག་བཞུགས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྭ་སྒྲེང་གི་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཟན་རིལ་བརྟག་པ་མཛད་པ་དང༌། ཆོས་སྐྱོང་ཁག་གི་བཀའ་ལུང་རྣམས་གཅིག་མཐུན་བྱུང་བ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཀྱང་སྐབས་དེར་གཙང་པ་རྒྱལ་པོའི་དབང་ཤུགས་ལ་བརྟེན་ནས་འབྲས་སྤུངས་ཕོ་བྲང་དུ་གདན་ཞུ་མ་ཐུབ་པར་ལོ་ཤས་ལུས་ཤིང༌།པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནས་གཙང་པ་རྒྱལ་པོར་ཐབས་མཁས་དུ་མའི་སྒོ་ནས་ཞུ་བསྐུལ་གནང་བར་བརྟེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ཞུ་ཐུབ་ཙམ་བྱུང༌། དགུང་ལོ་དགུ་པར་པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ་མཛད་དེ་དགེ་ཚུལ་གྱི་བསླབ་སྡོམ་བཞེས། མཚན་ངག་དབང་བློ་བཟང་རྒྱ་མཚོ་ཞེས་གསོལ་ཞིང༌། དགེ་ལུགས་ཀྱི་དབང་ལུང་ཁྲིད་སོགས་མན་ངག་མང་པོ་གསན། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ཡི་སློབ་ཁྲིད་ཆ་ཚང་དང༌། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་ནས་སྒྲ་རིག་པ་དང་སྙན་ངག ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་དྲུང་ནས་ས་སྐྱའི་ཆོས་སྐོར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་སྐོར་གསན་ཏེ་གྲུབ་མཐའ་རིས་མེད་དང༌། རིག་གནས་སྐོར་ཡོངས་སུ་རྫོགས་པ་གསན་བསམ་མཛད། དགུང་ལོ་ཉི་ཤུ་རྩ་གཉིས་པ་ས་སྟག་ལོར་ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ་མཛད་དེ་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས། བསྙེན་རྫོགས་བཞེས་ནས་ལོ་གྲངས་ལྔ་སོང་བ་ནས་སྐུ་ཚེ་མ་རྫོགས་བར་བསྒྲུབ་བྱ་སྟོང་ཕྲག་མང་པོར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བསྩལ་ཞིང་བསླབ་ཁྲིམས་གཙང་མར་བསྲུང་བར་མཛད། དགུང་ལོ་ཉེར་ལྔ་བཞེས་པ་བོད་ལྕགས་སྦྲུལ(༡༦༤༡)ལོར་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དམག་དཔུང་དབུས་སུ་འོང་ཏེ་གཙང་པ་རྒྱལ་པོའི་སྲིད་གཞུང་གཏོར་ཕམ་བཏང་རྗེས། དེའི་ཕྱི་ལོར་གཞིས་ཀ་རྩེར་གདན་དྲངས་ཐོག་དངོས་འབུལ་ཤིན་ཏུ་རྒྱ་ཆེ་བ་དང་བཅས་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ཏུ་ཕུལ་བ་ལྟར་བོད་ས་གནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་པ་གནང་ཞིང༌། ཐོག་མའི་སྡེ་སྲིད་དུ་ཕྱག་མཛོད་བསོད་ནམས་ཆོས་འཕེལ་བསྐོ་བཞག་མཛད། དགུང་ལོ་ཉེར་དགུ་པ་ཤིང་བྱ(༡༦༤༥)ལོར་པོ་ཏ་ལའི་ཕོ་བྲང་རྙིང་པའི་ཤུལ་སྔོན་ཡོད་ཀྱི་ཤར་ངོས་སུ་རྒྱ་བསྐྱེད་ཐོག་ཕོ་བྲང་དཀར་པོ་གསར་བཞེངས་མཛད་ཅིང༌། ཕོ་བྲང་གྲུབ་རྗེས་བཞུགས་ཡུལ་འབྲས་སྤུངས་ཕོ་བྲང་ནས་པོ་ཏ་ལར་སྤོ་བ་གནང་སྟེ་ཆོས་སྲིད་གཉིས་ཀའི་མཛད་སྒོ་གལ་ཆེན་ཁག་དེར་སྤེལ་བ་གནང༌། ཕོ་བྲང་དཀར་པོ་གྲུབ་པའི་ལོ་དེ་ནས་བཟུང་ལོ་འགའ་ཤས་རིང་མན་ཆིང་སྲིད་གཞུང་གི་གོང་མ་དང་པོ་ཧྲུན་ཀྲིས་ཏཱ་ལའི་བླ་མ་མཆོག་རྒྱལ་ས་པེ་ཅིན་དུ་གདན་འདྲེན་ཞུ་ཡིག་ཐེངས་མང་འབྱོར་བ་བཞིན་དགུང་ལོ་སོ་དྲུག་པ་ཅུ་འབྲུག(༡༦༥༢)ལོར་སྐུ་འཁོར་སུམ་སྟོང་ལྷག་ཙམ་དང་བཅས་བྱང་ལམ་དང༌། མཚོ་སྔོན་བརྒྱུད་ལམ་བར་ཕེབས་བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པས་སྣ་དྲངས་ཏེ་རིམ་གྱིས་ཕེབས་པ་ན། གོང་མས་དངོས་སུ་བསུ་བར་མ་ཕེབས་ཀྱང་རི་དྭགས་བརྔོན་པར་ནན་ཡོན་སྐྱེད་ཚལ་དུ་ཕེབས་པ་དང་ལམ་བར་དུ་སྟབས་ལེགས་ཀྱིས་མཇལ་བའི་ཚུལ་གྱིས་ས་གནས་དེར་མཇལ་འཕྲད་གནང་ཞིང༌། གོང་མ་ཉིད་ཁྲི་ལས་བབས་ཏེ་ཕན་ཚུན་གཉིས་ཀ་མཉམ་བཞེངས་ཐོག་མཚམས་འདྲི་གནང་ཟིན་རྗེས་སོ་སོའི་ཁྲི་ལ་མཉམ་བཞུགས་དང༌། གསོལ་ཇ། གསོལ་ཚིགས་བཅས་མཉམ་བཞེས་མཛད། དེ་རྗེས་ཉིན་མང་པོར་གཞིས་ལེན་གྱི་སྟོན་མོ་དང༌། དངོས་འབུལ་ཟམ་མི་ཆད་པར་ཕུལ་ཞིང༌། གོང་མས་ཆེད་གཉེར་གྱིས་བསྐྲུན་པའི་ཕོ་བྲང་ཏའི་ཁར་ཉིན་ཤས་བཞུགས། གོང་མ་པེ་ཅིན་དུ་ཕེབས་གྲུབ་ཆེན་ཏཱ་ལའི་བླ་མ་རིན་པོ་ཆེ་ཉིད་ཀྱང་པེ་ཅིན་དུ་ཕེབས་ཏེ་གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་དགུའི་མགྲོན་དངུལ་བཏང་སྟེ་ཆེད་གཉེར་གྱིས་བསྐྲུན་པའི་བཞུགས་ཡུལ་ལྷ་ཁང་སེར་པོར་གྲགས་པ་ཞིག་ཡོད་པ་དེར་བཞུགས་ཤིང༌། ལོ་གསར་མ་ཤར་གོང་དེར་གོང་མས་ནང་བློན་ཀ་པ་ལ་ཨ་མ་དང༌། ཨ་ས་ཁན་ས་མ་གཉིས་ཆེད་གཉེར་གྱིས་མངགས་པའི་མདུན། གདུགས་དང༌། རྒྱལ་མཚན། བ་དན། འཕན། སྤོས་ཕོར། ཉི་ཡོལ། དུང་རྒྱ་གླིང་སོགས་གོང་མའི་ཏི་ཤྲིར་འོས་པའི་ཆས་རྣམས་ཆ་ཚང་བ་གནང༌། ཆུ་སྦྲུལ་ལོའི་ལོ་གསར་སྐབས་གོང་མ་ཆེན་པོ་དང༌། བཙུན་མོ། ཆིང་ཝང༌། ཕྱི་ནང་གི་བློན་ཆེན་སོགས་ཚང་མས་ཉིན་གྲངས་མང་པོའི་བར་དགའ་སྟོན་དངོས་འབུལ་རྒྱས་པར་ཕུལ་ཞིང༌། པེ་ཅིན་ནས་ཞལ་གྱེས་ཁར་གོང་མས་ཕེབས་རྫོངས་སུ་གསེར་སྲང་ལྔ་བརྒྱ་དང༌། གསེར་གྱི་སྡེར་མ་མང་པོ། དངུལ་སྲང་ཁྲི། གོས་ཆེན་ཡུག་ཆིག་སྟོང་སོགས་རྣམ་གྲངས་ཤིན་ཏུ་མང་བ་ཕུལ། གོང་མ་ཧྲུན་ཀྲི་རང་ཉིད་ནས་ཀྱང་ནན་ཡོན་སྐྱེད་ཚལ་དུ་ཕེབས་ནས་དགའ་སྐྱེལ་གསོལ་སྟོན་རྒྱས་པར་བཤམས། ཏཱ་ལའི་བླ་མ་མཆོག་པེ་ཅིན་ནས་ཞལ་གྱེས་ཏེ་ཏའི་ཁ་ཕོ་བྲང་དུ་བཞུགས་སྐབས། གོང་མས་ལི་པུ་ཧྲང་ཧྲུའུ་ལུའོ་ལང་ཆིའུ་སོགས་མངགས་པའི་མདུན་གསེར་སྲང་ང་བཅུ་ཐམ་པ་ལས་བཟོས་པའི་གསེར་གྱི་ཐམ་ཀའི་ངོས་སུ། ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ། འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་རྒྱ་སོག་བོད་གསུམ་གྱི་ཡི་གེ་གསུམ་གཤིབས་བྱས་པའི་གསེར་ཐམ་དང་གསེར་གྱི་བྱང་བུ་ཚོས་ཤོག་འཐུབ་ཤོས་དང་མཉམ་པ། ཞེང་ལ་སོར་བཞི་དང་དཀྱུས་སུ་མཐོ་གང་ཡོད་པ་ངོ་གྲངས་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་ནས་ལྡེབས་ཆོག་པའི་ངོས་སུ་བསྟོད་བསྔགས་རྒྱ་ཆེར་བཀོད་པའི་མཇུག་ཏུ། ཁྱེད་ལ་ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཕུལ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་རེད། གོང་མ་ཧྲུན་ཀྲིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་དེ་ལྟ་བུའི་གུས་བསྐུར་ཞུ་བ་ནི། ཏཱ་ལའི་བླ་མའི་མཚན་གནས་བདེ་སྤྱད་དེ་སོག་རིགས་རྣམས་དབང་དུ་བསྒྱུར་བདེ་བའི་ཆེད་དུ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་འདས་རྗེས་ལོ་ངོ་གསུམ་རིང་སྐུ་ངོ་མས་སྲིད་དབང་བསྐྱངས། དེ་ནས་སྡེ་སྲིད་ཟུར་དུ་བསྐོ་གཞག་གནང་བ་ནི་ཛའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོ། མཆོད་དཔོན་བློ་བཟང་མཐུ་སྟོབས། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཡིན་ཞིང༌། སྲིད་གཞུང་གི་ལས་དོན་གལ་ཆེའི་རིགས་དགོངས་སྐོར་ཞུ་རྒྱུ་ཙམ་མ་གཏོགས། གཙོ་བོར་ཆོས་ཕྱོགས་ཀྱི་མཛད་སྒོ་འཆད་རྩོད་རྩོམ་གསུམ་གྱི་ངང་དུ་བཞུགས་ཏེ་པོ་ཏ་ལ་དང་གཙུག་ལག་ཁང་ཡས་མས། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང༌། གདན་ས་གསུམ་དང༌། ཆོས་འཁོར་རྒྱལ་སོགས་སྔར་ཡོད་རྣམས་ལ་ཉམས་གསོ་དང༌། མཆོད་རྒྱུན་གོང་འཕེལ་གཏོང་བ་གནང་ཞིང༌། དགོན་པ་ཁག་གཅིག་ལ་ཆོས་གཞིས་གསར་བསྩལ་ཐོག།གཞན་ཁག་གཅིག་ལ་ཕོགས་ཐེབས་སྦྱོར་འཇགས་མཛད། དགའ་ལྡན་ཕོ་བྲང་སྲིད་གཞུང་ལ་ངོ་ལོག་བྱེད་མཁན་གྱི་ཀརྨ་བཀའ་བརྒྱུད་པའི་དགོན་ལྡེ་ཁག་གཅིག་ཕུད། དེ་བྱིངས་བོན་པོ་ཚུད་པའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་རིས་མེད་པའི་སྒོ་ནས་སྐྱོང་བར་མཛད་ཅིང༌། དགོན་པ་གསར་འདེབས་གྲས་དགེ་ལུགས་དགོན་པ་བཅུ་དང༌། རྙིང་མའི་དགོས་པ་གསུམ་བཅས་ཡོད། དཔེ་རྒྱུན་དཀོན་རིགས་དཔར་འདེབས་བྱེད་རྒྱུ་ཁྱབ་བརྡལ་གཏོང་ཆེན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་དཀར་ཁང་དང་། རྩེ་པོ་ཏ་ལའི་སྟག་སྒོའི་རྒྱབ་ཀྱི་དཔར་ཁང་བཅས་གསར་འཛུགས་གནང༌། དགོན་པ་ཁག་གི་ཆོས་ཁྲིམས་དང་ནང་བསྟན་སློབ་སྦྱོང་གི་བཅའ་ཁྲིམས་མང་པོ་འགྲེམ་སྤེལ་ཐོག་མངོན་གསལ་དོད་པོའི་གྲུབ་འབྲས་ཐོབ་པ་རྣམས་ལ་བྱ་དགའ་གཟེངས་བསྟོད་ཀྱི་ལམ་ལུགས་འཛུགས་གནང་མཛད་པ་སོགས། ཆོས་སྲིད་གང་གི་ཐད་ཀྱང་སྤྱན་རྒྱང་རིང་བའི་མཛད་ཕྱོགས་ནུས་པ་ཐོན་ངེས་བྱུང་ཡོད། སྐུ་གཤེགས་ཁར་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྐབས་དེའི་མན་ཆིང་སྲིད་གཞུང་གི་གནས་བབས་དང་བྱེད་ཕྱོགས། སོག་པོ་ཕྱི་ནང་གི་མཐུན་སྒྲིལ་དང་ཁ་འཐོར་གྱི་ཉེན་ཁ། གསར་དུ་བཙུགས་ནས་ཡུན་རིང་མ་སོང་བའི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ཉེན་ཁའི་གནས་ཚུལ་བཅས་རྒྱུ་མཚན་དང་དགོས་པ་མང་པོ་གསུངས།སྐུ་གཤེགས་ནས་ལོ་ཁ་ཤས་རིང་གསང་བ་ཤིན་ཏུ་དམ་པོ་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་ནན་ཏན་བསྩལ་ཏེ་དགོངས་པ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་དུང་དཀར་གསུངས།

ཡིག་ཚང་ལྔ་བ།

རྒྱལ་དབང་སྐུ་ཕྲེང་ལྔ་པ།༼1617-1682༽རབ་བྱུང་བཅུ་པའི་མེ་སྦྲུལ་ཕྱི་ལོ་༡༦༡༧ལོར་ལྷོ་ཁ་འཕྱོངས་རྒྱས་འཕྱིང་བར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང༌། ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། འབྲས་སྤུངས་ཀྱི་མི་སྣ་ཁག་བཅས་ཀྱིས་རྒྱ་ཆེའི་ཕེབས་བསུ་ཞུས་ཏེ་དགའ་ལྡན་ཕོ་བྲང་གི་རྒྱལ་དབང་གོང་མའི་བཞུགས་ཁྲིར་འཁོད། པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས། དེ་ནས་རིམ་པར་དགེ་ཚུལ་སློང་གི་སྡོམ་པ་བཞེས། རབ་བྱུང་བཅུ་གཅུག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ཟླ་ ༤ ཚེས་ ༥ ཉིན་གཞིས་ཀ་བསམ་འགྲུབ་རྩེར་གསེར་ཁྲིར་མངའ་གསོལ་ཏེ་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར། གུ་ཤྲིར་རང་ཉིད་ཀྱི་དཔུང་ཚོགས་དང་བཅས་པ་ཏཱ་ལའི་བླ་མའི་མངའ་འབངས་སུ་ཕུལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་དམར་པོ་རིར་བརྩིགས་པའི་ཕོ་བྲང་དེའི་ཤུལ་དུ་ད་ལྟའི་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་གནང་བའི་ཐུགས་ཐག་བཅད་དེ་ཤིང་བྱི་ཕྱི་ལོ་ ༡༦༤༥ ལོར་མགོ་བཙུགས་ཏེ་སྔ་རྗེས་སུ་བསྡོམས་ལོ་ཞེ་གསུམ་ནང་ལེགས་པར་གྲུབ། ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་མན་ཇུ་གོང་མ་དང་པོ་ཧྲུན་ཀྲིས་ཏཱ་ལའི་བླ་མ་རིན་པོ་ཆེ་པེ་ཅིང་དུ་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང༌། དེ་དུས་པེ་ཅིང་དུ་ཏཱ་ལའི་བླ་མ་བཞུགས་ས་ཕོ་བྲང་སེར་པོ་ཞེས་པ་དེ་གསར་དུ་བསྐྲུན། དེ་གར་ཕེབས་སྐབས་གོང་མ་རང་ཉིད་ཀྱང་ཕེབས་བསུར་བཅར་བ་སོགས་འདྲ་མཉམ་གྱི་ཆེ་མཐོང་དང༌། མཚན་བསྟོད་རྒྱ་ཆེ་ཕུལ་ཡོད། བོད་ས་སྟོད་སྨད་བར་གསུམ་ལ་སྐོར་ཞིབ་པ་གཞུང་ཞབས་ཆེད་བརྫངས་གནང་སྟེ་འབངས་ཀྱི་བདེ་སྡུག་ལ་གཟིགས་རྟོག་དང༌། ས་མི་ཞིབ་བཤེར། སྒོ་ཁྲ་ཐེམ་བཤེར་གྱི་མིང་གཞུང་གསར་བཟོ། ཁྲོ་བཟོ་ཁུངས་འཇུག ཡུལ་ལུང་ཡར་རྒྱས་ཀྱི་མཐུན་རྐྱེན། ས་སྡེ་སྲུང་བའི་ཡུལ་དམག་གི་དམག་ཕོགས་སུ་བཏང་བའི་ལྷག་མ་རྣམས་གཞུང་གི་མཛོད་ཁང་དུ་འབུལ་རྒྱུའི་སྲོལ་གཏོད་མཛད་པ་དང༌། སྔར་བོད་ཀྱི་ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་ཆ་ལུགས་རྒྱན་གོས་རྣམས་ཀྱི་སྲོལ་བཟང་མི་ཉམས་པའི་ཆེད། གདན་ཐོབ་མཐོ་དམའི་གདན་ཡིག་ཀྱང་གསར་སྒྲིག་མཛད། རྒྱ་ནག་ཏུ་བཞུགས་སྐབས་བོད་སོག་རྒྱ་གསུམ་གྱི་དགོན་སྡེ་ཆེ་ཆུང་ཀུན་ལ་ཞབས་ཀྱིས་བཅགས། སྲིད་ཕྱོགས་ལའང་གུ་ཤྲིར་ཁཱང་གི་སྲས་བསྟན་འཛིན་རྡོ་རྗེར་རྒྱལ་པོའི་གོ་མིང་གནང་ཞིང༌། སྡེ་སྲིད་བསོད་ནམས་ཆོས་འཕེལ་གཤེགས་ཚབ་ཏུ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང༌། མཆོད་དཔོན་བློ་བཟང་མཐུ་སྟོབས་དང༌། རྣམ་གྲྭ་བློ་བཟང་སྦྱིན་པ། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་བཅས་རིམ་པར་སྡེ་སྲིད་དུ་བསྐོས་གནང་མཛད། ཆོས་སྲིད་གཉིས་ཀྱི་མཛད་པ་རྒྱ་ཆེར་གནང་བ་དང༌། རྒྱ་སོག་རྣམས་ཀྱིས་ཀྱང་བདེ་སྡུག་སྐྱབས་འཇུག་ཞུ་ས་དང༌། འཁྲུག་རྩོད་ཀྱི་རྙོག་འཛིང་འཚེ་མེད་ཞི་བའི་ལམ་ནས་ཐག་གཅོད་གནང་མཁན་ཞིག་ཀྱང་ཡིན། གསུང་རྩོམ་སྐོར་ལ། རང་རྣམ་དང་། རྩ་བའི་བླ་མ་ཁག་གི་རྣམ་ཐར། བོད་ཀྱི་རྒྱལ་རབས་ལོ་རྒྱུས། སྙན་ངག མཚན་ཉིད་རིག་པ། ཁྲིམས་ཡིག གནས་དགོན་མང་པོའི་དཀར་ཆག ས་སྐྱའི་ཆོས་སྐོར། རྙིང་མའི་ཆོས་སྐོར། དཔར་བསྐྲུན་མི་ཆོག་པའི་བཀའ་རྒྱ་མ་བཅས་པོད་གྲངས་སུམ་ཅུ་ལྷག་ཡོད། ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་རྒྱལ་དབང་མཆོག་གློ་བུར་དུ་ཞབས་ཀྱི་སྙུན་གཞིའི་ཚུལ་བཞེས་ཤིང༌། སྡེ་སྲིད་ལ་རེ་ཞིག་གསང་རྒྱ་བྱས་ཏེ། བྱ་བ་ཆེ་ཕྲ་བློས་མ་ཆོད་པ་མཐའ་དག་ལྷ་མོར་བརྟག་བསྒྲིལ་ཞུ་དགོས་ཚུལ་སོགས་ཞལ་ཆེམས་རྒྱ་ཆེ་སྩལ་རྗེས་སྐུ་མྱ་ངན་ལས་འདས་ཚུལ་བསྟན།

མཚན་གྱི་རྣམ་གྲངས་ལ། འཇམ་དབྱངས་དགའ་བའི་བཤེས་གཉེན། ཟ་ཧོར་བནྡེ། ཚངས་སྲས་བཞད་པའི་རྡོ་རྗེ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོ་གསར་པའི་སྡེ། ཟིལ་གནོན་བཞད་པ་རྩལ།

ཡིག་ཚང་དྲུག་པ།

རྒྱལ་དབང་སྐུ་ཕྲེང་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ། ༼ཕྱི་ལོ་1683-1746

རབ་བྱུང་བཅུ་གཅིག་པའི་ཆུ་ཕག་༼ཕྱི་ལོ་༡༦༨༣༽ལོར་མོན་ལ་འོག་ཡུལ་གསུམ་དུ་ཡབ་བཀྲ་ཤིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་སྨིན་གླིང་གཏེར་ཆེན་གྱི་བཀའ་ལུང་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་དྲངས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་མཛད་དགོས་དོན་དང༌། ཡང་སྲིད་ཇི་ལྟར་ངོས་འཛིན་མཛད་ཚུལ་གསལ་བཤད་གནང་བས། ཚང་མ་དགའ་སྐྱོ་གཉིས་ལྡན་གྱི་ངང་ནས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ཡིད་ཆེས་བྱུང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ཉིན་པོ་ཏ་ལའི་ཁྲིར་མངའ་གསོལ། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་༼ཕྱི་ལོ་༡༧༠༡༽ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོའམ་ཡང་སྲས་ད་ལའི་ཧན་འདས་ནས་སྲས་པོ་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང༌། དེའི་སྐབས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མ་འཆམ་པ་བྱུང་ཞིང་འཁྲུག་རྩོད་བསླངས་པར་བརྟེན་རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོངས། དེ་ནས་རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཉེས་པ་འབོར་ཆེན་བརྗོད་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་གོང་མའི་ཡང་སྲིད་ངོ་མ་མ་ཡིན་པའི་ཉོག་བཤེར་བྱས། དགུང་ལོ་ཉི་ཤུར་ཕེབས་སྐབས་པཎ་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་དགོས་པའི་གསོལ་འདེབས་ཞུས་ཀྱང༌། ངེད་རང་ལ་བླ་མ་མཇལ་བ་མི་སྤྲོ་བ་མེད་ཀྱང༌། རྒྱལ་དབང་གོང་མའི་ཤུལ་འཛིན་གྱིས་ཚོགས་དབུས་སུ་སྡོད་འདོད་མི་འདུག་གསུངས་ནས་སྡོམ་པ་མ་བཞེས། དེ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་ཕྱིར་འབུལ་གནང་སྟེ་སྐྱ་ཆས་བཞེས་ཤིང༌། བཞུགས་ཡུལ་ཕོ་བྲང་པོ་ཏ་ལ་རང་དུ་མཛད། བརྟུལ་ཞུགས་ཀྱི་མཛད་པ་སྐྱོང་བཞིན་གསུང་མགུར་སྙན་འཇེབས་ལྡན་པ་ཇི་སྙེད་ཅིག་བཀའ་རྩོམ་གནང་བ་རྣམས་ད་ལྟའང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཡོངས་གྲགས་སུ་ཡོད། མེ་ཁྱི་༼ཕྱི་ལོ་༡༧༠༦༽ལོར་རྒྱལ་དབང་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྙུན་གཞི་བཞེས་ཏེ་མདོ་སྨད་མཚོ་སྔོན་པོའི་འགྲམ་གྱི་ཀུན་དགའ་ནོར་དུ་སྐུ་གཤེགས་པའི་བཤད་རྒྱུན་ཞིག་ཡོད་ཀྱང་། ཁོང་གི་གསང་རྣམ་ལྟར་ན་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་༼ཕྱི་ལོ་༡༧༤༦༽ལོར་མདོ་སྨད་དུ་སྐུ་མྱ་ངན་ལས་འདས་པར་བཤད་པ་དག་པར་མཐོང་ངོ་།།དུང་དཀར་ཚང་ཕྱི་མའི་ལོ་ཚུགས་ལྟར་བཞེད།

མཚན་གྱི་རྣམ་གྲངས་ལ། ངག་དབང་ནོར་བུ། གསང་སྔགས་བསྟན་འཛིན། རིག་འཛིན་ཚངས་དབྱངས་རྒྱ་མཚོ།

ཡིག་ཚང་བདུན་པ།

སྨིན་གྲོལ་གླིང་།

རབ་བྱུང་བཅུ་གཅིག་པའི་མེ་འབྲུག་༼ཕྱི་ལོ་༡༦༧༦༽ལོར་སྔ་འགྱུར་བསྟན་པའི་གསལ་བྱེད་ཆོས་རྒྱལ་གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེས་ཕྱག་བཏབ་པའི་རྙིང་མའི་དགོན་པ་གཙོ་བོ་ཞིག་ཡིན། གཏེར་ཆེན་ཉིད་དང་། ལོ་ཆེན་ཆོས་དཔལ་རྒྱ་མཚོ། གདུང་སྲས་མཆེད་ལྕམ་རིན་བྱོན་གྱིས་སྔ་འགྱུར་བཀའ་མའི་རྒྱུད་དང་སྒྲུབ་ཐབས་བཅས་ཀྱི་བཀའ་སྲོལ་དང་། ལྷོ་གཏེར་དང་གཏེར་གསར་གྱི་ཕྱག་རྒྱུན་བསྐྱངས་ཤིང་། བཀའ་སྡེ་ཟུར་བ་ཡབ་སྲས་ཀྱི་བཤད་སྲོལ་མདོ་སྒྱུ་སེམས་གསུམ། ཀུན་མཁྱེན་ཀློང་ཆེན་གྱི་གསུང་གི་བཤད་རྒྱུན་དར་སྤེལ་གནང་ནས་སྔ་འགྱུར་བསྟན་པ་ལ་མཛད་རྗེས་བླ་མེད་བཞག རབ་བྱུང་བཅུ་གཉིས་པའི་མེ་བྱ་༼ཕྱི་ལོ་༡༧༡༧༽ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་ནས་དགོན་པ་འདི་དང་བོད་ཡུལ་དབུས་ཀྱི་རྙིང་མའི་དགོན་པ་མང་ཆེ་བ་གཏོར་བཤིག་བཏང་ཞིང་། རྡོ་རྗེ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས་དང་། ལོ་ཆེན་དྷརྨ་ཤྲི་སོགས་རྙིང་མའི་བླ་ཆེན་མང་པོ་སྐུ་བཀྲོངས་པ་སོགས་ཉམས་ཉེས་ཚབས་ཆེན་བྱུང་། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ཀྱི་སྲིད་དབང་བཟུང་རྗེས་རིམ་བཞིན་དགོན་པ་འདི་དང་རྙིང་མའི་དགོན་སྡེ་ཆེ་ཁག་རྣམས་རིམ་བཞིན་སྔར་རྒྱུན་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད།སྨོན་ལམ་ཚིག་མཛོད་གསུངས།

རིག་འཛིན་བླ་མ་ཁོང་ཡང་དུས་སྐབས་འདི་དང་འཁེལ་བས་ཁོང་གི་གསུང་ལས།“གསེར་འཕྱང་ལོ་ཡི་མཇུག་མ་དང་།།ས་ཁྱིའི་ལོ་འགོར་དགྲ་བྱུང་སྟེ།།༼སྤྱི་ལོ༡༧༡༨༽དབུས་ནས་ཁམས་ཀྱི་ཕྱོགས་སུ་གྲོས།།སྲིན་མོ་རྫོང་གི་གནས་སུ་སླེབས།།ཡང་དག་དོན་གྱི་སྙིང་བོ་རྙེད།།”ཅེས་པའི་སྐབས་འདི་དང་ཐོད་ཐུག 《བླ་མ་རིག་འཛིན་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་དོ་ཤལ་སྐལ་ལྡན་མགུལ་བའི་རྒྱན་ཕྲེང་།》རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༦༧༤ན་གསལ།

ཡིག་ཚང་བརྒྱད་པ།

བྱང་གཏེར།

1.སྔ་འགྱུར་རྙིང་མ་བའི་གཏེར་སྟོན་རིག་འཛིན་རྒོད་ལྡེམ་གྱི་གཏེར་ཆོས་ལ་ཟེར། དེ་ཡང་སྤྱིར་གུ་རུ་པདྨའི་གཏེར་ཆོས་ལ། དབུས་གཏེར་ཟུག་པ་རྩ་བའི་སྐོར། ཤར་གཏེར་འདྲིལ་བ་སྡོང་པོའི་སྐོར། ལྷོ་གཏེར་རྒྱས་པ་ཡལ་གའི་སྐོར། ནུབ་གཏེར་མཛེས་པ་མེ་ཏོག་སྐོར། བྱང་གཏེར་སྨིན་པ་འབྲས་བུའི་སྐོར་ཏེ། ཕྱོགས་བཞི་དབུས་ཀྱི་གཏེར་ཁ་ཆེན་མོ་ལྔ་ལས་འདིར་ཕྱི་མ་སྟེ། འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། སྐྱིད་གྲོང་འཕགས་པ་ཝ་རི་སྙིང་པོར་བྱས་པའི་བྱང་ལ་སྟོད། ཆུ་ལྷོ་བྱང་གི་ཟས་ཆེ་བའི་བྱང་ས། རྨ་ཆེན་སྦོམ་ར་ཤར་དུ་བྱས་ནས་དབུས་གཙང་གི་ཡང་བྱང་དུ་གྱུར་པ་བྱང་ཕྱོགས་རིགས་ལྡན་གྱི་བརྒྱུད་པ་ཟམ་མ་ཆད་པར་བྱོན་པའི་ངམ་རིང་རྒྱལ་ཁབ་དང་གཏེར་སྟོན་དང་གཏེར་གནས་གཉིས་ཀ་ཉེ་བར་གྱུར་པའི་གནས་ནས་བྱོན་པ་དག་ལ་བྱང་གཏེར་ཞེས་པ་ཡིན་ནོ།།

2.བྱང་གཏེར་ཞེས་གཙོ་བོ་རྙིང་མའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་ཐུབ་བསྟན་རྡོ་རྗེ་བྲག་དགོན་ལག་དང་བཅས་པས་དུས་ད་ལྟའི་བར་ཉམས་བཞེས་མཛད་པའི་གཏེར་ཆོས་རྣམས་ལ་ཟེར། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། ནང་འཁྲུགས་ཞི་བ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ཡམས་ནད་དང་གཉན་ནད་འདུལ་བ་སོགས་གང་ལ་གང་དགོས་མ་ཚང་བ་མེད་ཅིང་། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡན་ཆད་ཀྱི་བོད་སྤྱི་དང་བྱེ་བྲག་གི་བདེ་ཐབས་སྣ་ཚོགས་དང་། སྦས་ཡུལ་ཆེན་པོ་བདུན་གྱི་གཙོ་བོར་གྱུར་པའི་གནས་ཡུལ་མང་པོའི་ཐེམ་བྱང་ལྡེའུ་མིག་སོགས་བཞུགས་པས་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་བཅས་ཡོངས་སུ་གྲགས།

3. བོན་གྱི་བསྟན་པ་སྔ་དར་དང་ཕྱི་དར་གྱི་འཕེལ་རིམ་ཁྲོད་བྱུང་བ་ཞིག་སྟེ། དེ་ཡང་བསྟན་པ་ཕྱི་དར་སྐབས་སུ་གཏེར་གནས་དང་ཁོངས་སོ་སོའི་ཁྱད་པར་གྱིས་བྱང་གཏེར་དང་། དབུས་གཏེར། ལྷོ་གཏེར། ཁམས་གཏེར། གཏེར་གསར་ཞེས་ཕྱེས་ཡོད། བྱང་གཏེར་ནི་ཐོག་མ་ལྷོ་བལ་ཨ་ཙ་ར་མི་གསུམ་གྱིས་དབུས་ཀྱི་བསམ་ཡས་ནས་གཏེར་བཏོན་ནས་སྟོད་ལུང་ཡར་ཐོན་ཏེ། བྱང་ནམ་ར་བྱ་བར་སླེབས་སྐབས། ལ་སྟོད་མདོག་སྲས་རོང་ཞེས་པའི་ས་གནས་དེར། བན་དྷེ་ཤཱཀྱ་མུ་ནེ་དང་། མཆིམས་ཤཱཀྱ་བྲ་བ། འོ་མ་བྱང་ཆུབ་སེང་གེ་གསུམ་དང་འཕྲད་པས། ཁོང་གསུམ་ནས་བསམ་ཡས་ལ་གཏེར་འདོན་པར་འགྲོ་བ་དང་། ཨ་ཙ་ར་མི་གསུམ་གྱིས་གཏེར་བཏོན་པ་རྣམས་བེད་སྤྱོད་གཏོང་ས་མ་རྙེད་ནས་ཁོང་གསུམ་ལ་ནོར་དང་བརྗེས། བན་དྷེ་མི་གསུམ་གྱིས་གཏེར་སྒམ་ཁ་ཕྱེས་དུས་ཆོ་འཕྲུལ་སྣ་ཚོགས་བྱུང་སྟེ་ཕྱེ་མ་ཐུབ། དེ་ཁྱེར་ནས་ལ་སྟོད་མདོག་གི་སྨན་གོང་ཞེས་པའི་ས་ཆའི་གཟེར་བན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ། ཚ་བོ་གཟེ་རྒུ་བྱ་བའི་བོན་པོ་ཁོང་དང་འཕྲད་ནས། ཁོང་གསུམ་གྱིས་བོན་པོ་གཟེ་རྒུ་ལ་བྱིན། གཟེ་རྒུ་བོན་པོ་ནས་ལྷ་ཕྱག་འཚལ། གསོལ་བ་བཏབ་ནས་ཁ་ཕྱེ་ཐུབ་པ་བྱུང་། ཡིག་ཚོགས་མང་རྐྱེན་ཁ་བྱང་རྣམ་གྲངས་སོགས་མ་བཀོད་པ་ལེགས་བཤད་རིན་པོ་གཏེར་མཛོད་ཅེས་པའི་དེབ་ཏུ་གསུངས་སོ།།

གཟེ་རྒུ་བོན་པོས་བཀའ་བབ་རྣམས་ལ་བརྒྱུད་ནས་ཡོང་བ་དག་བྱང་གཏེར་ཞེས་བྱ་སྟེ། ལེགས་བཤད་རིན་པོ་གཏེར་མཛོད་ལས། བསམ་ཡས་སྐོར་ཁང་ནས་ཨ་ཙ་ར་གསུམ་གྱིས་བཏོན་ཏེ་བྱང་རྒྱུད་འགྲིམས་ནས་ལ་སྟོད་བྱང་དུ་བཀའ་བབ་པས་བྱང་གཏེར་ཞེས་གྲགས་སོ། །

ཡིག་ཚང་དགུ་བ།

སློབ་དཔོན་བེེ་རོ་ཙ་ན། 

བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། འཁྲུངས་ལོ་དང་འདས་ལོ་ཞིབ་པར་མ་རྙེད་ཀྱང་སྤྱི་ལོ་༧༦༠ཡས་མས་སུ་བོད་ཀྱི་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པ་མཁས་པར་ཡོངས་སུ་གྲགས་པ་རྣམས་ཞལ་མཐུན། ཁོང་ནི་གནའ་རབས་ཀྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་གྱི་རབ་བྱུང་ཐོག་མར་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན། གནའ་དུས་ཀྱི་སྨན་པ་གྲགས་ཅན་བཅས་ཡིན་པས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱི་མི་ཁྱབ་པ་མཛད། བེེ་རོའི་འཁྲུངས་ཡུལ་ནི་སྙེ་མོ་བྱེ་མཁར།ད་ལྟ་སྙེ་མོ་རྫོང་ཟངས་རི་ཆུས།ཡབ་པ་གོར་ཧེ་འདོད་དང་ཡུམ་བྲམ་ཟེ་དཀར་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུས་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ཞེས་བཏགས། བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་སྐྱེ་སྟོབས་ཀྱི་ཤེས་རིག་ལྡན་པས་མཚན་སྙན་ཡུལ་གྲུ་གང་སར་ཁྱབ། དགུང་ལོ་བརྒྱད་མ་སོན་བར་ཡབ་ཡུམ་ལྷན་དུ་བཞུགས། དེ་ནས་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་གཙུག་ལག་ཁང་དུ་གསུང་གི་རྟེན་མེད་པས་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྒྱལ་པོར་བོད་དུ་སངས་རྒྱས་བསྟན་པ་འཛུགས་དགོངས་ན་བོད་འབངས་ཡོངས་ལ་སྐུལ་སློང་བྱས་ནས་ལོ་ཙཱ་བསླབས་ན་བོད་དུ་དམ་ཆོས་དར་ཞེས་གསུངས། དེར་རྒྱལ་པོས་སློང་དཔོན་གྱི་བཀའ་བཞིན་བོད་ཕྲུག་ཤེས་རབ་ལྡན་པ་སྟོང་ཙམ་བསྐོང་བསྡུ་བྱས་ནས་བསམ་ཡས་གཙུག་ལག་ཁང་གི་སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་སློབ་ཏུ་བཅུག དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ངོ་མས་བོད་ཕྲུག་དུ་མ་བསྐོང་པའི་དུས་ལ་སྙེ་མོ་བྱེ་མཁར་ན་གན་ཇག་ཐང་ཏ་ཞེས་བྱ་བའི་བྱིས་པ་ལོ་བརྒྱད་ལས་མ་སོན་ཀྱང་བློ་རིག་ལྡན་པ་ཞིག་ཡོད་པ་གོ་ནས་རྒྱལ་པོ་སྐུ་ངོ་མས་བློན་འབངས་རྟ་པ་དུ་མ་དང་བཅས་པ་སྙེ་མོ་བྱེ་མཁར་ཕེབས་ནས་བེེ་རོ་ཙ་ན་གདན་དྲངས་ཤིང་། ཕ་མ་རྒན་རྒོན་གཉིས་ཀྱང་ཡུལ་ཡར་ལུང་རིག་པ་ཙ་ན་བཞག བུ་གན་ཇག་ཐང་ཏ་བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས་ཏེ་མཁན་པོ་བོ་དྷི་ས་ཏཱ་དང་། ཨོ་རྒྱན་པད་མ་འབྱུང་གནས་ཀྱི་དྲུང་དུ་བཞག་ནས་ལོ་བདུན་བར་དུ་བློ་སྐྱེད་འཕེལ་ཐབས་དང་ལོ་གསུམ་པར་སམ་སྐྲྀའི་སྒྲ་རྣམས་མཁས་པར་སྦྱང་དུ་བཅུག དེ་ནས་བསམ་ཡས་སྒྲ་བསྒྱུར་གླིང་དུ་བེེ་རོ་ཙ་ནས་ཆོས་བསྒྱུར་བས་བོད་ཀྱི་ཉི་ཟླ་ལྟ་བུའི་ལོ་ཆེན་གཉིས་ཀྱི་གྲས་ཉི་མ་ལྟ་བུར་གྲགས་པ་དེ་བྱུང་སྟབས་བཙན་པོ་རབ་རུ་དགྱེས། དེ་ནས་མཁན་ཆེན་བོ་དྷི་ས་ཏཱས་བོད་མིས་རབ་བྱུང་གི་བསླབ་ཁྲིམས་སྲུང་ནུས་མིན་ཚོད་ལྟའི་ཕྱིར་བེེ་རོ་ཙ་ན་སོགས་བོད་ཀྱི་རབ་ཏུ་བྱུང་བའི་སད་མི་བདུན་བྱུང་ཞིང་རྗེས་འབངས་ཉེར་ལྔར་གྲགས་པའི་ནང་གི་ཡ་གྱལ་ཞིག་ཀྱང་ཡིན། དེ་ནས་སློབ་དཔོན་གྱིས་འབངས་ཤེས་རབ་ཆེ་བ་གཉིས་བོ་དྷི་ས་ཏཱའི་དྲུང་དུ་རབ་ཏུ་བྱུང་ལ་ལོ་ཙཱ་བསླབ་ཏུ་གཏོང་དགོས་ཞེས་གསུངས་པར་ལྟར་རྒྱལ་པོས་བོད་ཕྲུག་རབ་བྱུང་བློ་གྲོས་མཆོག་ཏུ་འགྱུར་བ་པ་གོར་ཧེ་འདོད་ཀྱི་བུ་བེེ་རོ་ཙ་ན་དང་གཙང་ཐང་ལྟའི་བུ་ལེགས་གྲུབ་གཉིས་ལ་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་ཞིག་བསྐུར་ནས་རྒྱ་གར་དུ་བཀའ་རྫོགས་པ་ཆེན་པོ་བསླབ་ཏུ་བཏང་། ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་དུ་སློབ་དཔོན་གྱིས་བཀའ་རྫོགས་པ་ཆེན་པོ་བོད་དུ་དར་བར་འགྱུར་བས་ངས་བཤད་ཆོག་ཀྱང་རྒྱ་གེ་རྒྱལ་པོ་ཆོས་ལ་ཕྲག་དོག་ཆེ་བས་གསང་ཐབས་ཀྱིས་བཤད་ཆོག་གསུངས་ནས་ཆོས་རྫོགས་པ་ཆེན་པོ་ཉི་ཤུ་རྩ་ལྔ་གསུངས། བཀའ་ལུང་གི་སྤྱིའི་ཆིངས་ལུང་པོད་ཏི་བཅོ་བརྒྱད་སོགས་གསུངས། རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བས་ལམ་དུ་སྲོག་ལ་ཉན་ཁ་ཡོད་པས་རྐང་མགྱོགས་ཀྱི་གདམས་ངག་གནང་ནས་བསྒྲུབ་ཏུ་གཅུག་པས་གཙང་ལེགས་སྒྲུབ་ཀྱིས་མ་བསྒྲུབས། བེེ་རོ་ཙ་ནས་བསྒྲུབས་པས་སློབ་དཔོན་བེེ་རོ་ཙ་ན་ཞེས་བཏགས་སོ། བེེ་རོ་ཙ་ན་བོད་དུ་ཕེབས་ནས་རྒྱལ་བློན་འབངས་བཅས་ལ་རྫོགས་པར་གསུངས། རྒྱ་གར་རྒྱལ་པོས་གསང་སྔགས་བོད་དུ་དར་བར་ཕྲག་དོག་ནས་བོད་དུ་དཀྲོག་གཏམ་བཟོ་མཁན་རྐང་མགྱོགས་གཉིས་བཏང་ནས་བེེ་རོས་ཕྱི་པ་མུ་སྟེགས་པའི་ངན་ཆོས་མང་པོ་ཁྱེར་སོང་བས་བོད་ཕུང་ངེས་ཡིན་ཞེས་ཕྲ་མ་བཅུག་པར་བརྟེན་བོན་ལ་དགའ་བའི་བློན་པོ་ཏ་ར་ཀླུ་གོང་ལ་སོགས་པས་དེ་ལ་སྙད་བཏགས་ཏེ་བེེ་རོ་ཙ་ན་གསོད་དགོས་ཟེར་བས་རྒྱལ་པོས་གསོད་མ་བཅུག་པར་སྤྲང་པོ་ཞིག་ལ་བེེ་རོའི་ཞྭ་གོས་བཀོན་ནས་ཆུར་བསྐུར། བེེ་རོ་ཙ་ན་ཕོ་བྲང་གི་ཀ་བ་ལ་ཁོག་དོང་བྲུས་ནས་བཅུག ནམ་ཕྱེད་ཙམ་ན་གསོལ་སྟོན་དྲངས་ནས་ཆོས་གསན་པས་སེམས་མ་བུ་བཅོ་བརྒྱད་ཀྱི་ལེའུ་ལྔ་བཅུ་ཚར་བ་ན། རྒྱལ་པོའི་བཙུན་མོ་ཚེ་སྤོང་བཟའ་དང་བོན་ལ་དད་པའི་བློན་པོས་ཤེས་ནས་བཙན་པོ་ལའང་དབང་མ་བྱུང་བར་བེེ་རོ་ཙ་ན་རྒྱལ་མོ་རོང་དུ་མ་བསྐྲད་ཀ་མེད་བྱུང་། བེེ་རོས་རྒྱལ་མོ་རོང་དུ་རྫོགས་ཆེན་གསུངས་ཤིང་དར་བར་མཛད་པས་རྫོགས་ཆེན་དར་བའི་ཡུལ་དང་པོ་མདོ་སྨད་ནས་ཡིན་ཞེས་པ་དེའང་བེེ་རོ་ཙ་ནས་གསུངས་པ་རྣམས་ཡིན་པར་གྲགས། དེ་ནས་བེེ་རོ་ཙ་ན་རྒྱ་ནག་གི་མཁས་པ་དང་དགོངས་པ་བསྡུར་བའི་ཕྱིར་རྒྱ་ནག་ཏུ་བྱོན་ནས་མཁས་པ་མང་པོ་ཞིག་དང་དགོངས་པ་བསྡུར་ཞིང་། ཀུ་སུ་ལུ་ཕྲཛྙ་གྷི་རྡི་སོགས་མཇལ་ཞིང་གདམས་པ་ཞུས། དེ་ནས་བོད་དུ་ནང་བསྟན་གྱི་སྟོབས་ཤུགས་ཆེ་རུ་སོང་རྗེས་རྒྱལ་བློན་རྣམས་ཀྱིས་སློབ་དཔོན་བེེ་རོ་ཙ་ན་བོད་དུ་གདན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་མཛད་ཅིང་བེེ་རོ་ལོ་ཙཱ་བ་ནམ་མཁའ་སྙིང་པོ་དང་ལྷན་དུ་གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་མང་པོ་བསྒྱུར། བེེ་རོ་རང་ཉིད་ཀྱིས་བསྒྱུར་བའི་གྲས་མིང་དུ་འཁོད་པ་བསྟན་འགྱུར་ལས《རྣལ་འབྱོལ་མའི་སྒྲུབ་ཐབས》《རྡོ་རྗེ་རྣལ་འབྱོལ་མ་དཀར་མོའི་སྒྲབས་ཐབས》《རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ》《ཕ་རོལ་དུ་ཕྱིན་པ་བསྡུས་པ》《སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ》《རིག་པ་གྲུབ་པའི་སྒྲོན་མེ》སོགས་མདོ་སྔགས་ཀྱི་གསུང་རབ་བམ་པོ་བཅུ་ཕྲག་དང་ཡིག་འབྲུ་ཁྲི་ཚོ་བརྒྱ་ཕྲག་བསྒྱུར་ཡོད་པ་མ་ཟད། ཁོང་ཉིད་ནི་རྒྱ་བོད་གཉིས་ལ་སོགས་པའི་ཡི་གེ་མང་པོ་མཁྱེན་པ་ཟབ་པས་བོད་ཡིག་ཏུ་བསྒྱུར་པ་རྣམས་བོད་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་བྲིས་པ་ནང་བཞིན་ལས་བསྒྱུར་ཡིག་གི་བཟོ་ཙམ་མེད་པའི་ཁྱད་པར་ཤིན་ཏུ་ཆེ་བས་རྔོག་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་ཀྱང་བེེ་རོ་ཙ་ན་ནམ་མཁའི་ཉི་མ་འདྲ་ཞེས་བསྟོད་བསྔགས་ཚད་མེད་པ་མཛད་ཡོད། བེེ་རོ་ཙ་ན་ནི་རྩིས་སྨན་གང་ལའང་ཤིན་ཏུ་མཁས་པས《བེེ་རོའི་སྔོའི་འཁྲུངས་དཔེ》ཞེས་པ་དང་སྣམ་དཔེ་མང་དུ་མཛད་པ་མ་ཟད། རྩིས་སྨན་འདྲེས་མ་མང་དུ་བསྒྱུར་ཡོད། གཞན་ཡང་ལོ་ཆེན་བེེ་རོ་ཙ་ནའི་ཁྱད་ཆོས་ནི་བསྒྱུར་བ་མང་ཞིང་། མཚན་ཡང་མང་བས་མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། སྨན་བསྒྱུར་ནང་ཆོས་འབར་བྱ་བ་བཅུག་བཅས་སུ་གྲགས། 《བེེ་རོའི་འདྲ་འབག་ཆེན་མོར》འཁོད་པར་གཞིགས་ན། ཁོང་སྔ་རྗེས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་ཀྱི་རིང་ལོ་ཙཱ་བ་གནང་སྟེ་བོད་ཀྱི་ལོ་ཆེན་གཙོ་བོ་མཛད་པ་གསལ་ཞིང་མཐར་སྤྱི་ལོའི་དུས་རབས་དགུ་པར་ཤར་ཙམ་ལ་བསམ་ཡས་ཧད་པོ་རིའི་རྩེར་ཞི་བར་གཤེགས།ཞེས་དུང་དཀར་ཚང་གསུངས།

ཡིག་ཚང་བཅུ་བ།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན།༼742-797༽

ཁོང་ནི་བོད་རྒྱལ་སུམ་ཅུ་སོ་བརྒྱད་པ་ཡིན། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་བཙུན་མོ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་ཆུ་རྟ་ཕྱི་ལོ་༧༤༢ལ་སྐུ་འཁྲུངས། ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་། མཆིམས་བཟའ་ལྷ་མོ་བཙུན། འབྲོ་བཟའ་བྱང་ཆུབ་སྨན། ཕོ་ཡོང་བཟའ་རྒྱལ་མོ་བཙུན། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་སོགས་ཁབ་ཏུ་བསུས། ཚེ་སྤོང་བཟའ་ལ་སྲས་མུ་ཁྲི། མུ་ནེ། མུ་རུག་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་འཁྲུངས། བློན་དབས་སྣང་བཞེར་སྐུ་བརྩན། འགོས་ཁྲི་བཟང་ཡབ་ལྷག མཆིམས་རྒྱལ་གཟིགས་ཤུ་ཏེང་། ངན་ལམ་སྟག་སྒྲ་ཀླུ་གོང་། སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་། འབྲོ་ཁྲི་གཟི་རམ་ཤག དཔའ་མང་རྗེ་ལྷ་ལོད། སྐྱེས་བཟང་སྟག་སྣང་། ཁྲི་སྟག་ཚབ་བཅས་ཀྱིས་བློན་པོ་བྱས། དགུང་ལོ་བཅུ་བཞི་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་། དཔལ་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། མཁན་སློབ་སོགས་རྒྱ་གར་གྱི་པཎ་གྲུབ་མང་པོ་གདན་དྲངས། བཻ་རོ་སོགས་ཁྱད་དུ་འཕགས་པའི་ལོ་ཙཱ་བ་མང་པོ་སྐྱེད་སྲིང་གནང་། བཀའ་དང་བསྟན་བཅོས་སོགས་རིག་པའི་གཞུང་ལུགས་མང་པོ་ནང་འདྲེན་གནང་། མཁན་ཆེན་ཞི་བ་འཚོ་ལས་སད་མི་བདུན་རབ་ཏུ་བྱུང་། མཐའི་རྒྱལ་ཕྲན་མང་པོ་འབངས་སུ་བྱས། རྒྱ་དཀར་ནག་ལ་དམག་དྲངས་ཤིང་དཔྱ་ཕབ། ཧོ་ལན་ཧྲན་རྒྱ་བོད་ཀྱི་ས་མཚམས་སུ་བྱས། ས་མཚམས་སུ་རྡོ་རིང་བརྩེངས། བཀའ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་བརྩམས། མཐར་མེ་གླང་ཕྱི་ལོ་༧༩༧ལ་སྐུ་གཤེགས། ལོ་རྒྱུས་རྒྱས་པ། ཏུན་ཧོང་ཡིག་རྙིང་། ཐང་བོད་ཡིག་ཚང་དང་། སྦ་བཞེད། བཀའ་གཙིགས་དང་ཆོས་གཙིགས། རྩེ་ཞོལ་རྡོ་རིང་སོགས་སུ་གསལ། བང་སོ་མུ་ར་རི་ལ་བརྩིགས་ཤིང་མིང་ལ་འཕྲུལ་རི་གཙུག་སྣང་ཟེར། 

 ༡མིང་གི་རྣམ་གྲངས།

གཏེར་མའི་ལོ་རྒྱུས་ཁག་ན། ཚངས་པ་ལྷའི་མེ་ཏོག ཏུན་ཧོང་དང་། ལྡེའུ་ཆོས་འབྱུང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཁྲི་སྲོང་ལྡེ་བརྩན། ལེགས་བཤད་རིན་པོ་ཆེའི་གཏེར་དང་ལྷ་བཙན་པོའི་གདུང་རབས་ལས། ཁྲི་སྲོང་ལྡེའུ་བཙན། གཞན་ལོ་རྒྱུས་ཕལ་མོ་ཆེར་ཁྲི་སྲོང་ལྡེ་བཙན་ཞེས་འཁོད་ཡོད། 

ཡིག་ཚང་བཅུ་གཅིག་པ།

རྒྱལ་བོ་ཁྲི་སྲོང་ལྡེ་བཙན༼742-797༽

གནའ་རབས་བོད་དུ་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་བའི་བཙན་པོ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་ཞིག་ཡིན། བཙན་པོ་འདིའི་དགུང་རྙིང་རྟ་ལོ་ཡིན་པར་བོད་ཀྱི་ལོ་རྒྱུས་མང་ཆེ་བ་ཞལ་མཐུན་ཡང༼རྦ་བཞེད་ཞབས་བཏགས་མ༽ལས་ཡོས་ཀྱི་ལོ་ལ་འཁྲུངས་པར་བཤད་ཅིང༌། རྟ་ལོ་དེ་ཡང༌། ས་རྟ། ལྕགས་རྟ། ཆུ་རྟ་བཅས་བཞེད་བཞེད་པ་མི་འདྲ་བ་གསུམ་བྱུང་བའི་ནང་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ནང་དགུང་རྙིང་ཆུ་རྟ་ཡིན་པར་གསུངས་པ་དང༌། སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲིས༼རྩིས་གཞུང་ཉིན་བྱེད་སྣང་བ༽རྩ་འགྲེལ་ལས་དགུང་རྙིང་ཆུ་རྟ་ཡིན་པར་གསུངས་པ་དེ༼ཏུན་ཧོང་གི་ལོ་རྒྱུས་ཡིག་རྙིང༽དང་མཐུན་པས་དེ་རང་ཁུངས་བཙན་པར་སྣང་ཞིང༌། ཆུ་རྟ་ལོ་དེ་དྲུག་ཅུ་སྐོར་སྔ་མའི་ཆུ་རྟ་ལོ་དང་རྗེས་མའི་ཆུ་རྟ་ལོ་གང་ཡིན་ཐད། བཙན་པོ་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་ལྷག་ཙམ་ལས་མ་བཞུགས་པ་དང༌། བརྒྱད་ཅུ་ལྷག་ཙམ་བཞུགས་པའི་བཞེད་པ་གཉིས་ལས་གང་གི་རྗེས་སུ་འབྲངས་མིན་ལ་རག་ལས་པས་འདིར་བཞེད་པ་སྔ་མའི་རྗེས་སུ་འབྲངས་ན༼ཏུན་ཧོང་གི་ཡིག་རྙིང༽དང་རྒྱ་ཡིག་གི༼ཐང་དེབ་གསར་རྙིང༽གཉིས་བཅས་དང་མཐུན་པར་སྣང་བས་དེ་གཞིར་བཟུང་ན་འཁྲུངས་ལོ་ནི་རབ་བྱུང་མ་ཚུགས་གོང་གི་དྲུག་ཅུ་སྐོར་ལྔ་པའི་ཆུ་རྟ(༧༤༢)ལོ་ཡིན། བཙན་པོ་འདིའི་ཡུམ་གང་ཡིན་ཐད་སྔ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མའི་ནང་རྒྱ་བཟའ་རྗེས་མ་ཅིན་ཁྲེན་ཀོང་ཇོ་ལ་བཙན་པོ་འདི་འཁྲུངས་པ་དང༌། དེ་བཙུན་མོ་སྣ་ནམ་བཟའ་ཞི་སྟེང་གིས་ཕྲོགས་པ། བཙན་པོ་དགུང་ལོ་ལྔ་བཞེས་དུས་རང་ཉིད་ཀྱི་ཡུམ་རྒྱ་བཟའ་ཡིན་པར་ངོས་འཛིན་གནང་བ་སོགས་མ་བརྟགས་ཉམས་དགའི་སྣང་བར་ངོ་མཚར་ཆེ་བ་ཞིག་ཡོད་ཀྱང༌། ཞིབ་པར་བརྟགས་ན་རྒོད་བྲོ་བའི་རང་བཞིན་ལས་མ་འདས་པས་ཡུམ་ངོ་མ་ནི་བཙུན་མོ་སྣ་ནམ་བཟའ་རང་ཡིན་ངེས་སུ་འདུག (འདི་སྐོར་གྱི་དཔྱད་གཏམ་མང་པོ༼བོད་ལྗོངས་ཞིབ་འཇུག༽གི་དུས་དེབ་ཁག་ནང་གཟིགས)དགུང་ལོ་བཅོ་ལྔ་པ་མེ་སྤྲེལ(༧༥༦)ལོར་སྲིད་དབང་ཕྱག་ཏུ་བཞེས། མཐའ་བཞིའི་མངའ་འབངས་ཡོངས་ལ་བཀའ་ཤོག་ཆེན་པོ་སྩལ། བཙན་པོ་འདིའི་དུས་བོད་རྒྱལ་རབས་ཀྱི་མངའ་ཐང་དར་རྒྱས་ཆེ་བའི་རྩེ་མོར་སོན་ཏེ། ཆོས་སྲིད་གཉིས་ཀར་མཛད་རྗེས་རླབས་ཆེ་བ་བྱུང་བ་གཤམ་གསལ། ༡.ཐང་བོད་གཉིས་བར་འབྲེལ་བ་དམ་ཟབ་གནང་སྟེ་ཕན་ཚུན་དངོས་སྐྱེས་འབུལ་རེས་རྒྱུན་མི་ཆད་པའི་ཐོག སྐབས་རེ་འཁྲུགས་རྩོད་དང་སྐབས་རེ་འདུམ་པ་བཅས་ཐེངས་འགའ་ཤས་བྱུང་ཞིང༌། སྲིད་དབང་བཟུང་ནས་ལོ་བདུན་པ་ཆུ་སྟག(༧༦༢)ལོར་དམག་དཔོན་ཞང་རྒྱལ་གཟིགས་དང༌། བློན་སྟག་སྒྲ་ཀླུ་གོང༌། བློན་སྟོང་བཙན་ལ་སོགས་པས་བོད་དམག་འབུམ་གཅིག་ཙམ་ཁྲིད་དེ་ཐང་གི་ཁོངས་གཏོགས་མཁར་དང་ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་ཙམ་བཟུང་བ་དང༌། གོང་མ་ཐང་ཏའི་ཙུང་ཡང་གནས་སྐབས་རིང་ཤེན་ཇུ(陕州)ལ་བྲོས་དགོས་པ་བྱུང་བ་སོགས་རྒྱ་བོད་ཡིག་ཆ་གཉིས་ཀར་གསལ། ༢.སྲིད་དོན་གྱི་བྱས་རྗེས་ཡོད་པའི་བློན་པོ་རྣམས་ལ་གཟེངས་བསྟོད་དང༌། སྲིད་དོན་གྱི་བྱ་བ་གལ་ཆེའི་རིགས་བློན་པོ་རྣམས་དང་ཐུན་མོང་དུ་གྲོས་བསྡུར་ཐོག་རྒྱལ་བློན་རྣམས་གོང་འོག་མཐུན་སྒྲིལ་ཆེ་བས་བཙན་པོའི་སྲིད་དབང་སྟོབས་ཤུགས་ཆེན་པོ་བྱུང་བ། ༣.མཁན༌ཆེན་ཞི་བ་འཚོ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༌སྤྱན་དྲངས་ཏེ་གཞི་རྒྱ་ཆེ་ཞིང་བཀོད་པ་ལེགས་པའི་བསམ༌ཡས་གཙུག་ལག་ཁང་བཞེངས་པ། ༤.བསམ་ཡས་སུ་རབ་བྱུང་གི་སྡེ་ཐོག་མར་བཙུགས་ནས་ནང་པའི་བསྟན་པ༌དར་རྒྱས་ཀྱི་རྨང་གཞི་ཐོག་མར་འདིང་བར་མཛད་པ། ༥.བཙན་པོ་རང་ཉིད་ས་གནས་སོ་སོར་དངོས་སུ་ཕེབས་ཐོག་བོད་མིའི་བུ་ཕྲུག་ཤེས་རབ་གསལ་ཞིང་སྨྲ་ལྕེ་བདེ་བ་མང་པོ་འདེམས༌སྒྲུག་གནང་སྟེ་བསམ་ཡས་ཀྱི་སྒྲ་བསྒྱུར་རྒྱ༌གར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་པ་གནང་སྟེ་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་བ་དང༌། མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་མང་པོ་བོད་སྐད་དུ་བསྒྱུར་ཞིང༌། ལོ་ཙཱ་བ་རེ་རེ་ལ་བཙན་པོའི་སྐུ་སྲུང་དམག་མི་སུམ་ཅུ་སོ་གསུམ་གྱི་ཕོགས་ཐོབ་དང་འདྲ་བའི་འཚོ་བའི་མཐུན་རྐྱེན་གནང་བར་བརྟེན། བོད་སྐད་ཡིག་སྒྱུར་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ། ༦.བོད་ཀྱི་སྨན་པ་མཁས་པ་ཕྱི་རྒྱལ་དུ་མངགས་པ་དང༌། ཕྱི་རྒྱལ་དང་ནང་སའི་སྨན་པ་མཁས་པ་བོད་དུ་གདན་དྲངས་ཏེ་གུས་བཀུར་སྣེ་ལེན་ཕུན་སུམ་ཚོགས་པ་གནང་ནས་སྨན་གཞུང་གསར་རྩོམ་དང་ཡིག་བསྒྱུར་ཟུང་འབྲེལ་ཐོག་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དར་རྒྱས་གཏོང་གནང་མཛད་པ། ༧.དམག་དོན་དང་སྲིད་དོན་ཐོག་བྱས་རྗེས་ཆེ་བའི་བློན་པོ་རྣམས་ལ་གཟེངས་བསྟོད་ཀྱི་བཀའ་གཙིགས་དང༌། གོ་གནས། སྡེ་མི་སེར་གྱི་བྱ་དགའ་བཅས་གང་ལ་གང་འོས་གནང་སྟེ་མིག་དཔེ་བཟང་པོ་འཇོག་གནང་མཛད་པ་བཅས་མཛད་རྗེས་གཙོ་ཆེ་བ་དེ་རྣམས་ཡིན། སྦ་ཡེ་ཤེས་དབང་པོ་སྐུ་གཤེགས་རྗེས་བཙན་པོ་རང་ཉིད་སྒོམ་སྒྲུབ་ལ་འབྱོན་པར་དགོངས་ནས་དགུང་ལོ་ལྔ་བཅུ་ང་ལྔ་པ་མེ་གླང(༧༩༧)ལོར་ཟུང་མཁར་སྨྱིག་མ་ཚལ་དུ་བྱོན། ལོ་དེར་སྐུ་གཤེགས། ནེལ་པ་པཎྜི་ཏས་མཛད་པའི་ཆོས་འབྱུང་ལས་ཟམ་པའི་སྟེང་ནས་གཡང་ལ་ལྷུང་བར་གསུངས། སྐུ་ཡི་བང་སོ་ནི་མུ་ར་རི་ཞེས་སྲོང་བཙན་བང་སོའི་མདུན་ངོས་ཀྱི་རི་སྟེང་དུ་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་བང་སོའི་གཡས་ངོས་སུ་ཡོད་ཅིང་མིང་ལ་འཕྲུལ་རི་གཙུག་སྣང་ཟེར། བང་སོ་འདིའི་གཤམ་དུ་རྡོ་རིང་ཡི་གེ་ཅན་ཞིག་ཡོད་པ་བར་སྐབས་ས་འོག་ཏུ་ཕྱེད་ཙམ་ཀྱང་དེང་སང་སྔོག་འདོན་གྱིས་སྲུང་སྐྱོབ་བྱས་པ་མཇལ་རྒྱུ་ཡོད། རྡོ་རིང་དེ་ཡི་ངོ་བཤུས་དང༌། དེའི་འགྲེལ་བཤད་འཕྲོས་བཤད་དང་བཅས་པ༡༩༨༢ལོའི༼བོད་ལྗོངས་ཞིབ་འཇུག༽དུས་དེབ་ཨང་གཉིས་པའི་ཤོག་གྲངས༥༧ནས༧༦བར་གསལ། འདིའི་ནང་གི་བཤད་ཚུལ་འགའ་ཞིག་ཡང་དག་པ་བྱུང་མེད་པས་བརྟག་དཔྱད་མཛད་དགོས།ཞེས་དུང་དཀར་ཚང་གསུངས།

 

ཞེས་པ་ནི་ཆུ་སྐྱེས་པས་ཕྱི་ལོ༢༠༢༢ལོའི་ཟླ་བདུན་པའི་ནང་བློ་རྟེན་ཙམ་དུ་བཙལ་ཏེ་བསྡུས་པའོ།།

 



[] མཆན། ཚལ་གུང་ཐང་ནི།བཀའ་རྒྱུད་ཆེ་བཞིའི་ཡ་གྱལ་ཚལ་པ་བཀའ་རྒྱུད་ཀྱི་གདན་སལྷ་ས་སྐྱིད་ཆུའི་ལྷོ་ངོས་ལྷ་ས་གྲོང་ཁྱེར་དང་བར་ཐག་ལེ་དབར་བཅུ་ཙམ་གྱི་སར(སྟག་རྩེ་རྫོང་ཁོངས)་བཏབ་ཡོད་ཅིང་། ཚལ་གུང་ཐང་ཞེས་པ་ཚལ་དང་གུང་ཐང་གཉིས་ཀྱི་མིང་སྡེབ་ནས་འབོད་པ་སྟེ། བྱང་ངོས་ཀྱི་ཚལ་དགོན་པར་ཡང་དགོན་དང་དབུས་གླིང་ཞེས་གྲྭ་ཚང་གཉིས་དང་། ལྷོ་ངོས་གུང་ཐང་དུ་ཆོས་ཁྲི་ལྕོགས་དང་། གཟིམ་ཁང་ཤར། ཆོས་འཁོར་གླིང་བཅས་ཁག་གསུམ་ཡོད་པ་ལས་ཚལ་ཡང་དགོན་ནི་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་རབ་བྱུང་གསུམ་པའི་ཤིང་ལུག་(1175)ལོར་ཕྱག་བཏབ། དེ་ནས་ལོ་ངོ་བཅུ་ཙམ་སོང་བའི་མེ་ལུག་(1187)ལོར་གུང་ཐང་གཙུག་ལག་ཁང་བཏབ། ཉེ་གནས་དར་མ་དབང་ཕྱུག་གིས་བླ་མ་ཞང་སྐུ་གཤེགས་རྗེས་དགོན་པ་དང་མི་སེར་གྱི་བདག་པོ་བྱས་ཏེ་དགོན་པའི་མཇུག་སྐྱོང་ཐོག་སྐུ་འབུམ་སོགས་བཞེངས་ནས་རྒྱ་བསྐྱེད། དེ་ནས་དཔོན་རབས་ཁ་ཤས་སོང་རྗེས་བླ་མ་ཞང་གི་ཡོན་བདག་རྒྱལ་བ་འབྱུང་གནས་ཀྱི་སྲས་སངས་རྒྱས་དངོས་གྲུབ་ཀྱི་སྲས་རིན་ཆེན་རྒྱལ་མཚན་རྒྱ་ནག་ཏུ་བྱོན། གོང་མ་སེ་ཆེན་རྒྱལ་པོས་ཚལ་པ་ཁྲི་དཔོན་གྱི་འཇའ་ས་གནང། དེས་གུང་ཐང་གཟིམ་ཤར་བསྐྲུན། སེ་འབྲས་དགའ་གསུམ་མ་ཆགས་གོང་གུང་ཐང་དུ་བཤད་གྲྭ་དར་ཁྱབ་ཆེ་བས་གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ་ཞེས་དབུས་ཀྱི་གདན་ས་དྲུག་ཏུ་གྲགས་པའི་ཚལ་གུང་ཐང་ཞེས་པ་དེ་ཡིན། ཞིབ་པར་ 《དེབ་ཐེར་དམར་པོ》དང་།འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི་《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》ཞེས་པའི་ནང་གསལ།

[] མཆན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི།༼1002-1062༽

འུག་པ་ལུང་པའི་གདན་རབས་དང་པོ་ཡིན་ལ།གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཡིན། འདི་ཉིད་བོད་ཆུ་སྟག(ཕྱི་ལོ༡༠༠༢)ལོར་སྐུ་འཁྲུངས། ཚངས་སྤྱོད་ཀྱི་དགེ་བསྙེན་དུ་བཞུགས། འུག་པ་ལུང་གི་ལྷ་ཁང་བཞེངས་པས་འུག་པ་ལུང་པ་ཞེས་གྲགས། ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་ལ་སོགས་པ་བླ་མ་མང་པོ་བསྟེན་ནས་སྒྱུ་འཕྲུལ་དང་། སེམས་ཕྱོགས། བདུད་རྩི། གསང་དབང་དང་ཐབས་ལམ་སོགས་ཞུས། རྩ་རྒྱུད་དང་བཤད་རྒྱུད་འགྲེལ་པ་སྒྲུབ་ཐབས་སོ་སོར་ཕྱེས་ཏེ་གསུངས། ཁོང་གི་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། སྒྲོ་ཕུག་གི་ལྷ་ཁང་བརྩིགས། མཐར་དགུང་ལོ་དྲུག་ཅུ་རྩ་གཅིག་པ་རབ་བྱུང་དང་པོའི་ཆུ་སྟག(ཕྱི་ལོ༡༠༦༢)ལོར་སྐུ་གཤེགས། འདི་ཉིད་ལ་སློབ་མ་རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་མང་དུ་བྱོན།

[] མཆན། ཟུར་ཆུང་ཤེས་རབ་གྲགས་པ་ནི།༼ ཕྱི་ལོ་ 1014-1074

འུག་པ་ལུང་པའི་གདན་རབས་གཉིས་པ་ཡིན། རབ་བྱུང་མ་ཚུགས་པའི་ཤིང་སྟག་ཕྱི་ལོ་1014 ལོར་འཁྲུངས། རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་1074 ལོར་སྐུ་གཤེགས། ཆུང་དུས་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལས་ཆོས་བཀའ་གསན། ཇོ་མོ་གཡུ་མོ་མ་སྨད་གཉིས་དང་འདྲེས། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་པ་དང་། ཆོས་ཀུན་ལ་མཁས་པར་བྱས། འུག་པ་ལུང་པའི་གདན་སར་སློབ་མ་མང་པོ་བསྐྱངས། གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་པོ་དགུ་འདུས་སུ་བྱོན། སྒོམ་སྒྲུབ་ལོ་ངོ་བཅུ་བཞིའི་རིང་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་རྒྱུ་བ་བྱུང་། མཚན་ལ་ཡང་བདེ་གཤེགས་རྒྱ་བོ་ཞེས་ཞུ། མཐར་རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་ ༡༠༧༤)ལོར་སྐུ་འདས། སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དང་། སློབ་མའི་ཚོགས་ནི་ཀ་བ་བཞི་དང་། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན། སློབ་མ་དེ་ལས་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ཇོ་ཤཱཀྱ་བཅས་དང་། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་། སྐྱ་སྟོན་ཆོས་ཀྱི་སེང་གེ གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀྱ་རིང་། སྣུབས་སྟོན་ཆོས་ཀྱི་སེང་གེ དབུས་པ་ས་འཐོར། སུལ་སྟོན་ཟླ་བ་གྲགས་པ། རྩེ་ཕྲོམ་བྱང་དཔལ་བཅས་སོ།། 

 མཚན་གྱི་རྣམ་གྲངས་ལ། བདེ་གཤེགས་རྒྱ་བོ་པ། ཟུར་ཆུང་།

[] འཕྲིན་ལས་རྡོ་རྗེ་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི 《བོད་བརྒྱུད་ནང་བསྟན་གྱི་བླ་རབས་ཐོ་གཞུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པའི་དཔར་ཐེངས་དང་པོ། ཤོག་གྲངས131ན་གསལ།

[] མཆན། ཤིང་ཁམས་མགྱོགས་འགྲོའི་ལོ་ལ་བོད་ཡུལ་དབུས། །འགྲོ་མགོན་ཞིང་གི་གདན་ས་གུང་ཐང་དུ། །ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་སྐུ། །ངག་དབང་བླ་མ་ཀུན་དགའི་དཔལ་འཛིན་ཞིང་། །བསོད་ནམས་ཡེ་ཤེས་འབྲས་བཟང་ཡོངས་སྨིན་པར། །ལེགས་པར་གཏུགས་ནས་ཐུགས་སྒྲུབ་རྣམ་གསུམ་དང་། །བླ་མ་གསང་འདུས་བཀའ་བརྒྱད་བདེ་འདུས་དང་། །རྟ་མཆོག་པདྨ་དབང་ཆེན་དམར་ནག་གཉིས། །འཇིག་རྟེན་དབང་ཕྱུག་ཕྱག་རྡོར་མེ་ཕྲེང་སོགས། །བཀའ་གཏེར་ཟབ་ཆོས་དཔག་ཏུ་མེད་པ་ཡི། །སྨིན་བྱེད་དབང་དང་རྒྱབ་རྟེན་ལུང་ལ་སོགས། །གདམས་པའི་བཅུད་ཀྱིས་སྙིང་གི་ཟ་མ་ཏོག  །ཡོངས་སུ་གཏམས་པས་ཐོག་མའི་རྟེན་འབྲེལ་འགྲིགས། །ཞེས་བླ་མ་རིག་འཛིན་པས་ཟུར་ཆེན་སྤྲུལ་སྐུ་ངག་དབང་བླ་མ་ཀུན་དགའི་ལས་གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་གསན་རྒྱུའི་སྐལ་བ་ལྡན་པར་གསུངས་འདུག བླ་མ་རིག་འཛིན་པའི་གསུང་།ཁོང་གི་གསུང་རྩོམ་ཕྱོགས་སྒྲིགསྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་དབང་ལུང་ཁྲིད་གསུམ་ཇི་ལྟར་ཐོབ་ཀྱི་དྲིས་ལན་ལྷའི་རྔ་བོ་ཆེ་ཞེས་བྱ་བ།[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས27ན་གསལ།

[] མཆན། བདུད་འཇོམས་ཆོས་སྤྱོད་རྣམ་གྲོལ་ཤིང་རྟ་ལས་རིག་འཛིན་སྔགས་ཀྱི་སྡོམ་པའི་བརྒྱུད་འདེབས། རྒྱུད་མ་ཧྰ་ཡོ་ག་རྡོར་སེམས་སྒྱུ་དྲྰའི་དབང་གི་བརྒྱུད་འདེབས་སུ་གསལ་ལོ།།

[] མཆན། བརྒྱལ་བུ་ཆུ་སྐྱེས་པདྨ་དབང་ཆེན་ལ་སྲས་གྲགས་པ་ཅན་ལྔ་བྱུང་བའི་ཆེ་བ་རིག་པའི་གནས་ལྔ་ལ་མཁས་པའི་རླངས་ཚང་ཆུ་སྐྱེས་པདྨ་རིག་འཛིན།༼ཉི་མ་ཐག་རྟོད་ཀྱང་ཟེར༽དཔལ་ཆེན་ནམ་མཁའ་རྡོ་རྗེ།  ཀ་དག་ལྷུན་འགྲུབ་རྒྱ་མཚོ།  ཐུབ་བསྟན་བསོད་ནམས་རྒྱལ་མཚན།  འཇིགས་མེད་གཞོན་ནུ་ཕུར་བ་སོགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ལྔ་ཡིན་ནོ།།རུས་མཛོད།ཤོག་ངོས446ན་གསལ།༼སྐབས་དེའི་ཡུལ་མདོ་སྨད་ཀྱི་རྙིང་མའི་གྲུབ་ཐོབ་ཆེན་པོ་ལྔ་ཟེར་སྐད།༽

[] མཆན། རླངས་ཨ་མྱེས་བྱང་ཆུབ་འདྲེ་འཁོལ་ཁོང་(968—1076)དགུང་ལོ་108བར་བཞུགས། མཚན་ལ་བརྟག་ན་ཨ་མི་དང་ཨ་མྱེས་ཞེས་པ་མགོ་མི་དང་མེས་པོའི་དོན་ཡིན་ལ། གཞན་དོན་ལ་གཞོལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པས་བྱང་ཆུབ་དང་། ལྷ་འདྲེ་རྣམས་བྲན་དུ་ཁོལ་བས་འདྲེ་འཁོལ་ཞེས་པའོ།།

[] མཆན། ཆུ་སྐྱེས་མཁའ་འགྲོའི་ཁྲོམ་ར་ཞེས་པ་ནི། བརྟུལ་ཞུགས་སྨྱོན་པའི་ཚུལ་འཛིན་པའི་རྣལ་འབྱོར་བ་ཆེན་པོས་སྲིན་པོ་སྦྱིན་སྲེག་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་རྣམས་ནས་ལྷ་ཀླུ་གཉན་གསུམ་དམ་འོག་ཏུ་བཅུག་པའི་དགའ་སྟོན་ལ་སྟེང་འོག་ཕྱོགས་བཅུ་ན་གནས་པའི་མཁའ་འགྲོའི་ཁྲོམ་ཚོགས་འདུས་ནས་བྲོ་རྡུང་བའི་གནས་ཡིན་པས། དེ་ལྟར་ཆུ་སྐྱེས་ཐང་མཁའ་འགྲོ་འདུས་སའི་ཁྲོམ་ར་ཞེས་གྲགས་པའི་གནས་མཆོག་ཁྱད་པར་ཅན་གྱི་ས་དེ་ནས་གཞི་ཆགས་སོ།། རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ། ཤོག་ངོས443ན་གསལ།

[] རྒྱ་བཟའི་དགེ་བཤེས་འཇམ་དབྱངས་བསོད་ནམས་གྲགས་པས་བརྩམས། རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ།ཤོག་ངོས442ན་གསལ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2010ལོ།

[11] མཆན། དཔལ་ལྡན་ལུང་རིགས་ནི།རང་ལོ་ཉེར་བརྒྱད་པ་རབ་བྱུང་བདུན་པའི་བགྲང་བྱ་ལྔ་བཅུ་བ་མེ་འབྲུག་ལོར།༼ཕྱི་ལོ1437༽ ཏཱ་མིང་ཏྲིན་ཐུན་རྒྱལ་པོ་སྲིད་ཁྲི་ལ་དབང་བསྐུར་བའི་རྒྱལ་སྟོན་ལ་རྒྱ་བོད་སོག་སུམ་གྱི་སྟོང་དཔོན་ཡན་གྱི་དཔོན་འགོ་རྣམས་ཏཱ་མིང་རྒྱལ་པོ་ཆེན་པོར་མཇལ་བར་འགྲོ་དགོས་བྱུང་བས། རོང་བོ་ནང་སོ་དང་བེ་ཧུ་རྣམས་དང་མཉམ་དུ། ཡབ་ཀྱི་ཞལ་གསུངས་ལྟར་བུ་ཆེ་བ་གཉིས་ཀྱང་ཏཱ་མིང་རྒྱལ་པོ་ཆེན་པོར་མཇལ་བར་རྒྱ་ནག་དུ་ཕེབས། བརྒྱལ་བུ་རླངས་ཚང་གི་དཔལ་ལྡན་ལུང་རིགས་ལ་ཏཱ་མིང་ཏྲིན་ཐུན་རྒྱལ་པོས་རོང་བོ་ནང་སོའི་ནང་བློན་ཆེན་པོ་དང་དྲུང་ཡིག་ཆེན་པོའི་གོ་གནས་གནང་ཞེས་རེབ་གོང་རུས་མཛོད་གསུངས།ཤོག་ངོས་454ན་གསལ།

[12] ཁྱུང་མགོན་སྐུ་ཕྲེང་ལྔ་བའི་ཡོངས་འཛིན་གླིང་རྒྱ་བ་བླ་མ་ཚེ་རིང་།《རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང》ཤོག་ངོས་197ན་གསལ། 2002ལོ། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་།

[13] མཆན། གཏེར་ཆེན་ཉི་མ་གྲགས།༼1647-1710༽

རབ་བྱུང་བཅུ་གཅིག་པའི་མེ་ཕག་ཕྱི་ལོ་ ༡༦༤༧ ལོར་ཁམས་ཟལ་མོ་སྒང་གི་སའི་ཆ་ལུང་པ་བན་ཏུ་གྲུ་ཡ་གྲོང་ཞེས་བྱ་བར་ཡབ་ཀརྨ་རྣམ་རྒྱལ་དང་། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་ན་ཕྲ་བའི་དུས་ནས་དད་པ་དང་སྙིང་རྗེས་ཐུགས་རྒྱུད་ལེགས་པར་གཏམས་ཤིང་། རྒྱལ་དབང་ལྔ་པ་ཆེན་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོར་བསྟེན་ནས་མདོ་རྒྱུད་བཀའ་གཏེར་རྣམས་ཀྱི་དགོངས་འགྲེལ་མན་ངག་ཉམས་ཁྲིད་དང་། ཐ་སྙད་རིག་པའི་གནས་ཐམས་ཅད་ལ་ཐོས་བསམ་རྒྱ་ཆེར་གནང་ཞིང་། གཏེར་ལུང་དང་རྩེ་མཐུན་ཟབ་གཏེར་མང་དུ་བཞེས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༧༡༠ལོར་གཤེགས།   ཅེས་དུང་དཀར་ཚིག་མཛོད།ཤོག་ངོས༩༦༨ན་གསལ།

རྒྱུ་རྐྱེན་གང་ཞིག་ཡིན་པ་ལ་ཀོང་སྤྲུལ་གྱི་མཛོད་ཆེན་རྣམ་ལྔའི་ཡ་གྱལ་རིན་ཆེན་གཏེར་མཛོད་ནང་དུ་གཏེར་སྟོན་འདིའི་ཆོས་སྐོར་རྣམས་མི་འདུག

[14]མཆན། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཁོང་ཕྱི་ལོ1688ལོར་སྐུ་འཁྲུངས་ཤིང་།དགུང་ལོ་བཅུ་གསུམ་༼ཕྱི་ལོ་1701-1705བར༽་སྒྲུབ་སྡེ་བདེ་ཆེན་དར་རྒྱས་གླིང་དུ་སློབ་གཉེར་གནང་།དེ་ནས་ཕྱི་ལོ1705-1711བར་རོང་བོ་དགོན་ཆེན་དུ་སློབ་གཉེར་གནང་།དེ་ནས་1711-1713བར་ཕ་ཡུལ་ནས་ལོ་གཉིས་ལ་སྒྲུབ་པ་མཛད་རྗེས་དབུས་སུ་ཕེབས་ཏེ་ཕྱི་ལོ་1713-1718བར་འབྲས་སྤུངས་སུ་སློབ་གཉེར་གནང་། སྨིན་གྲོལ་གླིང་སོགས་སུ༼ཕྱི་ལོ་1719- 1726༽བར་སློབ་གཉེར་གནང་།ཕྱི་ལོ1726ལ་རེབ་གོང་དུ་འབྱོར།༼ཕྱི་ལོ་1726- 1742༽བར་རེབ་ཀོང་སྟོད་སྨད།    ཤར་ཕྱོགས་ཁ་གྱ།    ལྷོ་ནུབ་ཧོར་སོག ནུབ་བྱང་ལ་མོ།    བྱང་ཕྱོགས་ཚོ་ལྔ་ལ་སོགས་སུ་སྨིན་གྲོལ་གླིང་གི་བསྟན་པ་རྒྱས་པར་སྤེལ་བས་གྲགས་པ་འཕེལ།

[15]མཆན། དགའ་གདོང་ཆོས་སྐྱོང་ཞེས་པ་ནི། བསམ་ཡས་ཀྱི་གནས་སྲུང་རྒྱལ་པོ་པེ་ཧར་གྱི་ལས་བྱེད་བློན་པོ་གནོད་སྦྱིན་ཤིང་བྱ་ཅན་ཟེར་བ་ཞིག་ཡོད་པ་དེ་ཉིད་རྗེས་སུ་བཀའ་གདམས་ཀྱི་དགོན་པ་རྙིང་པ་དགའ་གདོང་གི་སྲུང་མར་བསྟེན་པས་དགའ་གདོང་ཆོས་སྐྱོང་ཞེས་མིང་ཆགས།

[16] རིག་འཛིན་པའི་གསུང་།ཁོང་གི་གསུང་རྩོམ་ཕྱོགས་སྒྲིགརང་རྣམ་རིན་པོ་ཆེའི་དོ་ཤལ་སྐལ་ལྡན་མགུལ་བའི་རྒྱན་ཕྲེང་[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས13ན་གསལ།

[17] མཆན། གཏེར་ཆོས་ལས་བྱང་གཏེར་ཞེས་པ་ནི། སྤྱིར་གུ་རུ་པདྨའི་གཏེར་ཆོས་ལ། དབུས་གཏེར་ཟུག་པ་རྩ་བའི་སྐོར། ཤར་གཏེར་འདྲིལ་བ་སྡོང་པོའི་སྐོར། ལྷོ་གཏེར་རྒྱས་པ་ཡལ་གའི་སྐོར། ནུབ་གཏེར་མཛེས་པ་མེ་ཏོག་སྐོར། བྱང་གཏེར་སྨིན་པ་འབྲས་བུའི་སྐོར་ཏེ། ཕྱོགས་བཞི་དབུས་ཀྱི་གཏེར་ཁ་ཆེན་མོ་ལྔ་ལས་འདིར་ཕྱི་མ་སྟེ། འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། སྐྱིད་གྲོང་འཕགས་པ་ཝ་རིས་སྙིང་པོར་བྱས་པའི་བྱང་ལ་སྟོད། ཆུ་ལྷོ་བྱང་གི་ཟས་ཆེ་བའི་བྱང་ས། རྨ་ཆེན་སྦོམ་ར་ཤར་དུ་བྱས་ནས་དབུས་གཙང་གི་ཡང་བྱང་དུ་གྱུར་པ་བྱང་ཕྱོགས་རིགས་ལྡན་གྱི་བརྒྱུད་པ་ཟམ་མ་ཆད་པར་བྱོན་པའི་ངམ་རིང་རྒྱལ་ཁབ་དང་གཏེར་སྟོན་དང་གཏེར་གནས་གཉིས་ཀ་ཉེ་བར་གྱུར་བའི་གནས་ནས་བྱོན་པ་དག་ལ་བྱང་གཏེར་ཞེས་པ་ཡིན་ནོ།།

[18] མཆན། ཟུར་ཆེན་ཆོས་དབྱིངས་རང་གྲོལ།༼ཕྱི་ལོ1604-1669༽ཡོངས་གྲགས་ཡིན་ལ།༼ཕྱི་ལོ1604-1657༽དགུང་ལོ་ང་གསུམ་ལ་སྐུ་གཤེགས་པར་འདོད་མཁན་ཡང་ཡོད་དོ།།

[19]མཆན། སྨིན་གྲོལ་གླིང་ནི། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ་1676 ལོར་སྔ་འགྱུར་བསྟན་པའི་གསལ་བྱེད་ཆོས་རྒྱལ་གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེས་ཕྱག་བཏབ་པའི་རྙིང་མའི་དགོན་པ་གཙོ་བོ་ཞིག་ཡིན། གཏེར་ཆེན་ཉིད་དང་། ལོ་ཆེན་ཆོས་དཔལ་རྒྱ་མཚོ། གདུང་སྲས་མཆེད་ལྕམ་རིམ་བྱོན་གྱིས་སྔ་འགྱུར་བཀའ་མའི་རྒྱུད་དང་སྒྲུབ་ཐབས་བཅས་ཀྱི་བཀའ་སྲོལ་དང་། ལྷོ་གཏེར་དང་གཏེར་གསར་གྱི་ཕྱག་རྒྱུན་བསྐྱངས་ཤིང་། བཀའ་སྡེ་ཟུར་བ་ཡབ་སྲས་ཀྱི་བཤད་སྲོལ་མདོ་སྒྱུ་སེམས་གསུམ། ཀུན་མཁྱེན་ཀློང་ཆེན་གྱི་གསུང་གི་བཤད་རྒྱུན་དར་སྤེལ་གནང་ནས་སྔ་འགྱུར་བསྟན་པ་ལ་མཛད་རྗེས་བླ་མེད་བཞག རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་ནས་དགོན་པ་འདི་དང་བོད་ཡུལ་དབུས་ཀྱི་རྙིང་མའི་དགོན་པ་མང་ཆེ་བ་གཏོར་བཤིག་བཏང་ཞིང་། རྡོ་རྗེ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས་དང་། ལོ་ཆེན་དྷརྨ་ཤྲི་སོགས་རྙིང་མའི་བླ་ཆེན་མང་པོ་སྐུ་བཀྲོངས་པ་སོགས་ཉམས་ཉེས་ཚབས་ཆེན་བྱུང་། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ཀྱི་སྲིད་དབང་བཟུང་རྗེས་རིམ་བཞིན་དགོན་པ་འདི་དང་རྙིང་མའི་དགོན་སྡེ་ཆེ་ཁག་རྣམས་རིམ་བཞིན་སྔར་རྒྱུན་བསྐྱར་གསོ་བྱེད་ཐུབ་པ་བྱུང་།

[20] མཆན། བྲག་དགོན་པས་རིག་འཛིན་བླ་མ་དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་གོང་མ་ཆུ་ཀྱྰ་སྐུ་སྐྱེས་བློ་བཟང་ཐོགས་མེད་རྒྱ་མཚོ་ཡིན་པར་བྲིས་འདུག་ལ། ཁོང་གི་རང་རྣམ་ན་མི་འདུག གཞན་ཡང་གྲུབ་མཐའི་འཐེན་འཁྱེར་གྱིས་མཁན་ཆེན་དང་གཏོར་མ་འཕེན་རེས་བྱས་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་ཀྱང་སྣང་། དེ་མིན་ཆུ་སྐྱེས་ལ་ཆུ་ཀྱྰ་ཞེས་འབྲི་སྲོལ་གསར་བ་ཞིག་ཀྱང་བྱུང་འདུག བྲག་དགོན་པ་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》༡༩༨༧ལོ། [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༣༢༦ན་གསལ།

[21] རིག་འཛིན་པའི་གསུང་།ཁོང་གི་གསུང་རྩོམ་ཕྱོགས་སྒྲིགརང་རྣམ་རིན་པོ་ཆེའི་དོ་ཤལ་སྐལ་ལྡན་མགུལ་བའི་རྒྱན་ཕྲེང་[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས16ན་གསལ།

[22] རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་བརྩམས། 《བླ་མ་རིག་འཛིན་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་དོ་ཤལ་སྐལ་ལྡན་མགུལ་བའི་རྒྱན་ཕྲེང་།》རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༦༧༤

[23]མཆན། ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་སར་ཇོ་བོ་རྣམ་གཉིས་དང་རང་བྱོན་ལྔ་ལྡན་གྱིས་གཙོ་བྱས་པའི་རྟེན་རྣམས་ལ་མཇལ་ཞིང་དམར་པོ་རིར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་རྟེན་བཅས་མཇལ་ནས་ཡུལ་དུ་ལྡོག་བསམ་ཚེ་འབྲས་སྤུངས་ནས་རང་མཐུན་གྱི་གྲྭ་བ་ཞིག་གིས་འཕྲལ་དུ་ཕ་ཡུལ་དུ་སོང་ནས་གང་བྱེད་རེ་ཞིག་འབྲས་སྤུངས་སུ་བསྡད་ན་བཟང་ཚུལ་མང་དུ་གླེང་བའི་རྐྱེན་བྱས་རང་གི་སྤུན་ཟླ་དགེ་སློང་གིས་དེ་གར་སྡོད་ཅིག་ཟེར་བ་དང་མ་གཞིའི་རྐྱེན་ཞིག་ལའང་བརྟེན་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གྲྭ་ཚང་ཁག་མཐོན་བཞི་ཡོད་པའི་ནང་ནས་རང་རེའི་ཐོབ་ཁུངས་བཀྲ་ཤིས་སྒོ་མང་བའི་འགྲིགས་ལ་ཞུགས་སོ།རང་རྣམ་ཤོག་ངོས༡༢ན་གསལ།

[24] མཆན། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ༼ཕྱི་ལོ་1617-1682འི་སྐུ་དུས་འདྲ་བ་ཞིག་ཁོང་གི་རང་རྣམ་དུ་རྒྱལ་དབང་པདྨ་འབྱུང་གནས་དང་གངས་ཅན་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོགཉིས་ཟེར་བ་ཞིག་བྲིས་འདུག་པ་ལ། དེ་དུས་ལྔ་བ་ཆེན་པོ་སྐུ་གཤེགས་ནས་ལོ་ངོ་་སུམ་ཅུ་འདས་པས། མི་ལོ་བཅུ་བཞིའི་རིང་གསང་རྒྱ་དང་།སྒོས་སུ་ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོངས་པ་དང་།རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ ༼ཕྱི་ལོ་1683-1746 ་ཁྲི་ལས་ཕབས་ཏེ་ཏཱ་ལའི་བླ་མ་སྐུ་གོང་མའི་ཡང་སྲིད་ངོ་མ་མ་ཡིན་ཚུལ་ལོག་བཤད་སྣ་ཚོགས་ཀྱིས་བཀག་སྡོམ་བྱས་ཡོད་པའི་སྐབས་ཡིན་ཞིང་།ཁོང་འབྲས་སྤུངས་སུ་འབྱོར་དུས་རྒྱལ་དབང་དྲུག་པ་དགུང་ལོ་སུམ་ཅུར་ཕེབས་ཡོད་ཚོད་རེད་དོ།།དྲུག་པ་ཆེན་མོ༼ཕྱི་ལོ་1683-1706༽བར་ལ་འདོད་མཁན་ཡོད་ཀྱང་སྐབས་འདིར་རང་རྣམ་ལྟར་བྱས་པའོ།།

[25]རིག་འཛིན་པའི་གསུང་།ཁོང་གི་གསུང་རྩོམ་ཕྱོགས་སྒྲིགསྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་དབང་ལུང་ཁྲིད་གསུམ་ཇི་ལྟར་ཐོབ་ཀྱི་དྲིས་ལན་ལྷའི་རྔ་བོ་ཆེ་ཞེས་བྱ་བ།[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས27ན་གསལ།

[26] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས། སྐྱབས་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༦༧༣ན་གསལ།

[27] ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།》༢༠༡༣ལོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༧ན་གསལ།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།