སྐལ་བཟང་ལེགས་སྐྱེས་ཀྱི་བྱུང་རིམ།

640.jpeg

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་འགོར་ཁྱབ་བདག་པ༧སྐྱབས་རྗེ་པདྨ་སྐལ་བཟང་མཆོག་བསྟན་དོན་ཕྱོགས་བསྐྱོད་ཀྱི་ལམ་བར་ནས་སྐུ་སྲོག་ལ་མ་ཐུག་ཙམ་གྱི་རླངས་འཁོར་བརྡབ་སྐྱོན་དྲག་པོ་བྱུང་བ་དང་། འགྲིམ་འགྲུལ་དོན་རྐྱེན་དེའི་འབྱུང་རྩ་ཆབ་མདོའི་སྲིད་གཞུང་ལས་ཁུངས་ཤིག་གི་དོས་སྐྱེལ་རླངས་འཁོར་གྱིས་ཚུར་ལ་གདོང་གཏུག་བརྒྱབས་པ་ཡིན་སྟབས་ཉེས་འགན་ཡོངས་ཕར་ཕྱོགས་ལ་བབས་ཤིང་། སྐབས་དེར་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སོགས་ཀྱིས་ཐུགས་ཁུར་གནང་བ་བརྒྱུད་ལས་ཁུངས་དེས་རྨས་སྟོང་ཁྲག་རིན་དང་དབང་པོ་སྐྱོན་ཅན་དུ་བཏང་བའི་གུན་ཚབ་བཅས་ལ་དམངས་སྒོར་ཁྲི་ཚོ་ཁ་ཤས་བྱིན། མ་དག་ལོག་པའི་འཚོ་བ་དང་མ་འདྲེས་ཤིང་། ལུས་ཀྱི་ཟུངས་ཁྲག་དྲོན་པོ་ས་ལ་ཕོས་པའི་ཁྲག་རིན། སྲོག་ལ་རིན་ཐང་གཞལ་ནས་ཐོབ་པའི་དངུལ་རྩ་དེ་ཉིད་ཆ་གཉིས་སུ་བགོས་ཏེ་ཆ་གཅིག་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་བསྐྱར་འཛུགས་རྒྱ་བསྐྱེད་ཀྱི་རྟེན་རྩར་བཏང་བ་དང་། ཆ་གཅིག་སྐལ་བཟང་ལེགས་བྱས་ཅེས་པའི་དགེ་ལས་ཚོགས་པ་གསར་འཛུགས་ཀྱི་ཐེབས་རྩའི་ས་བོན་དུ་བཏང་ནས་སྤྱི་ཚོགས་དགེ་ཕན་གྱི་བྱ་ལས་སྣ་མང་སྒྲུབ་བཞིན་པས་མ་ཚད། རང་རིགས་ཆོས་དང་རིགས་གཞུང་དར་སྤེལ་ལ་མཛད་རྗེས་ཅན་གྱི་སྐྱེ་བོར་གཟེངས་བསྟོད་ཀྱི་ཕྱག་རྟགས་སུ་འབུལ་རྒྱུའི་སྐལ་བཟང་ལེགས་སྐྱེས་ཅེས་པའི་ཐེབས་རྩར་བཞག་སྟེ། རླབས་ཆེན་མཛད་རྗེས་ཅན་གྱི་མི་སྣ་གྲགས་ཅན་འགའ་ལ་ལེགས་སྐྱེས་ཀྱི་ཕུད་རེ་ཕུལ་བ་དང་། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭའི་སྡེ་སྣོད་འཛིན་པ་བཟང་གྲས་འགར་ཡང་གཟེངས་རྟགས་ཕུལ།