བོད་ཀྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་གློག་བརྙན་ཐར་ལོ།


Unknown-2.jpeg

པད་མ་ཚེ་བརྟན་ན་རེ། ཁོའི་གློག་བརྙན་གྱིས་བོད་ཡུལ“བསློག་པར”རྔམ་པ་དག་གི་འདོད་བློ་སྐོང་མི་ནུས།    

བོད་ཀྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཝེ་ཉི་སིའི་གློག་བརྙན་དུས་ཆེན་ཐོག《ཐར་ལོ》ཡི་གཟིགས་འབུལ་དབུ་འབྱེད་ཚོགས་རར་ཞུགས་པ།

ཨི་ཐ་ལིའི་ཟླ  ༨ པའི་ཚེས ༥ ཉིན་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པད་པ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》ཝེ་ཉི་སིའི་གློག་བརྙན་དུས་ཆེན་སུ་ཚུད་པ་ཁྱབ་བསྒྲགས་བྱས། ཟླ ༩ པའི་ཚེས ༤ ཉིན་ཁོའི་བརྩམས་སྒྲུང་འཁྲབ་གཞུང་དུ་བཅོས་པའི་གློག་བརྙན་འདི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་དུ་གཟིགས་འབུལ་དབུ་འབྱེད་བྱས།《ཐར་ལོ》ནི་ཁོས་ཕབ་བསྐྲུན་ཟིན་པའི་གློག་བརྙན་གཞན་དག་དང་འདྲ་བར་བོད་སྐད་ཀྱི་གློག་བརྙན་ཞིག་ཡིན་ལ། བོད་མིའི་དོན་དངོས་འཚོ་བར་མིག་བཤེར་བྱས་དང་ལྷན་དུ་མི་སྒེར་ཐོག་བབ་པའི་བོད་རྒྱ་རིག་གནས་གཉིས་ཀྱིས་རྡུང་ཁ་ཕོག་པའི་འགལ་ཟླ་དང་དེ་ལས་བསྐྱེད་པའི་ཤུགས་རྐྱེན་བརྗོད་ཡོད།   འཁྲབ་ཁྲིད་པ་པད་མ་ཚེ་བརྟན།

པད་མ་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སྐྱེས་ཤིང་། སྔ་རྗེས་སུ་དགེ་རྒན་དང་གཞུང་ཞབས་པའི་ལས་སུ་ཞུགས།རིམ་བཞིན་པེ་ཅིང་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཁག་དང་འཁྲབ་སྒྲིག﹙འཁྲབ་ཁྲིད་དང་སྒྲིག་སྦྱོར﹚སྡེ་ཁག་ཏུ་ཞུགས་ཏེ་སྦྱངས་པ་བྱས།རེབ་འདིར་བརྗོད་པའི《ཐར་ལོ》ནི་ཁོའི་གློག་བརྙན་རིང་གྲས་ལྔ་བ་ཡིན་ལ། འདིའི་སྔོན་དུ"བོད་ཡུལ་གྱི་རོལ་དབྱངས་གསུམ"དུ་འབོད་པའི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《དྲི་མེད་ཀུན་ལྡན་འཚོལ་བ》《ཁྱི་རྒན》སོགས་ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་གྱི་བྱ་དགའ་མང་པོ་ཐོབ།《ཐར་ལོ》ནི་རྒྱལ་ནང་གློག་བརྙན་པའི་ཁྱུ་རུ་སྐད་གྲགས་ལྡན་པའི་འཁྲབ་ཁྲིད་པ་ཁོའི་བརྩམས་ཆོས་ཐེངས་དང་པོར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ﹙ཡོ་རོབ་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་མམ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་ནི༡༩༣༢ལོར་མགོ་ཚུགས་པའི་རྒྱལ་སྤྱིའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་དང་། ༡༩༤༦ ལོར་མགོ་ཚུགས་པའི་ཧྥ་རན་སིའི་ཀཱ་ཎ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ༡༩༥༡ ལོར་མགོ་ཚུགས་པའི་འཇར་མན་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བཅས་ཡིན﹚གྱི་གྲས་སུ་ཞུགས་པ་ཡིན།

Unknown.png


འཁྲབ་སྟོན་པ་གཡང་ཕྱུག་མཚོ་ཝེ་ཉི་སིའི་གློག་བརྙན་དུས་ཆེན་དུ་ཞུགས་པ།

ཐར་ལོའི་སེམས་ཁྲལ་ནི་དེང་རབས་བོད་མིའི་རང་ལུས་ཐོབ་ཐང་གི་སེམས་ཁྲལ་ཡིན།

《ཐར་ལོ》ནི་པད་མ་ཚེ་བརྟན་གྱི་སྒྲུང་ཐུང་ཞིག་འཁྲབ་གཞུང་དུ་བཅོས་པ་ཡིན་ལ། མཚོ་སྔོན་ཁྲི་ཀ་དང་འབའ་རྫོང་། མང་རྫོང་སོགས་བརྒྱུད་ནས་ཕབ་ལེན་བྱས། དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཐར་ལོ་ནི་གཞུང་དྲང་བརྩེ་བས་ཕྱུགས་པའི་རྫི་བོ་ཞིག་ཡིན། མི་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཁོའི་རེ་བ་ཉག་ཅིག་ཡིན་ན་ཡང་། གྲོང་ཁྱེར་དུ་ཞུགས་ཏེ་སེམས་ཤོར་བའི་བུད་མེད་ཅིག་དང་འཕྲད་པ་ནས་བཟུང་ཁོའི་ལྷད་མེད་ཀྱི་ཕུགས་འདུན་རེ་རེ་གས་ཁ་ཤོར།


《ཐར་ལོ》ཡི་གློག་བརྙན་འདྲ་པར།


《ཐར་ལོ》ཡི་གློག་བརྙན་འདྲ་པར།

གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་ཚོས་མདངས་ཀྱི་ཞོར་དུ་སྐྱ་མདོག་བྱུང་འདུག་ལ། དེ་ལས་འཁྲབ་ཁྲིད་པས་མི་སྣའི་འཇིག་རྟེན་ལྟ་བ"ནག་པོ་མིན་ན་དཀར་པོ"ཁོ་ན་ཡིན་དགོས་པའི་ཨུ་ཚུགས་སྟོན་ཅི་ནུས་བྱས། "མི་དེ་ལྟ་བུ་ཞིག་གིས་རལ་བ་ཐུང་ཐུང་ཞིག་བཞག་ཡོད་ལ་ཁོའི་དྲན་འཛིན་ཤིན་ཏུ་གསལ།'རིག་གསར'དུས་སུ་དྲན་འཛིན་ཤིན་ཏུ་གསལ་བས《མའོ་ཀྲུའུ་ཞིའི་གསུང་རྩོམ》བློར་ཤར་རྒྱུགས་བྱུང"པད་མ་ཚེ་བརྟན་ནས་མུ་མཐུད་དུ། བོད་ཡུལ་དུ་འདི་ལྟ་བུའི་མི་ཤིན་ཏུ་མང་། ཁོ་ཚོས་གསུང་རྩོམ་བློར་བཟུང་ཡོད་ཀྱང་དོན་ལ་གོ་བ་བྱུང་མེད་པས"དྲག་ཞན་གྱི་སྒྲ་གདངས་སྣ་ཚོགས་མེད"ཅེས་བརྗོད།

པད་མ་ཚེ་བརྟན་གྱིས་བལྟས་ན།"རིག་གསར"གྱིས་བོད་ཡུལ་ལ་བཞག་པའི་རྨ་ཁ་ཤིན་ཏུ་ཟབ་ལ། ལྷག་པར་གནས་ཁ་ཤས་ཀྱི་ཤུགས་རྐྱེན་རྒྱ་རིགས་སྡོད་ཁུལ་དང་སྡུར་ཐབས་མི་འདུག"ལོ་རབས་དེར་བརྒྱུད་པའི་མི་རེ་འགར་མཚོན་ན། གསུང་རྩོམ﹙མའོ་ཀྲུའུ་ཞི﹚དང་ཆོས་དཔེ་འདྲ་བའི་ཚུལ་འདུག་པས། ཐར་ལོས་དེ་ནི་འགྲོ་འདུག་སྤྱོད་གསུམ་གྱི་རྩ་བར་བཟུང་སྟེ། ཀྲང་སི་ཏི་བློ་མཐུན་དང་འདྲ་བར་མི་དམངས་ལ་ཞབས་འདེགས་ཞུ་དགོས་པར་རེ་ནས་ཡོད།"

Unknown-5.jpeg


《ཐར་ལོ》ཡི་གློག་བརྙན་འདྲ་པར།

རྒྱ་བོད་རིག་གནས་ཀྱི་འགལ་ཟླ་དང་དོ་མཉམ་ནི་པད་མ་ཚེ་བརྟན་གྱི་གློག་བརྙན་ཁྲོད་ནམ་ཡང་དོ་སྣང་བྱེད་ཡུལ་དུ་གྱུར་འདུག་སྟེ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱིས་རི་ཁྲོད་ཀྱི་ལྷིང་འཇགས་སུ་གནས་པའི་ངོ་གདོང་གི་འོག་ཏུ། སྲོལ་རྒྱུན་དང་དེང་རབས་ཕན་ཚུན་འདྲེས་བཞིན་པའི་གསང་བའི་འགལ་ཟླ་མཚོན་ཞིང་།《དྲི་མེད་ཀུན་ལྡན་འཚོལ་བ》ཡིས་བརྩེ་དུང་གི་གཏམ་རྒྱུད་ཁྲོད་ནས་བོད་ཀྱི་རིག་གནས་དང་བོད་མིའི་སེམས་ཁམས་ཀྱི་ཁུངས་འཚོལ་བའི་བརྒྱུད་རིམ་ཞིག་བསྐྲུན་ཡོད།《ཁྱི་རྒན》ཞེས་པར་རབ་རིབ་ཏུ་འགྱུར་བཞིན་པའི་ཕ་ཡུལ་གྱི་མདུན་ནས་རང་ཚུགས་སྲུང་ཐབས་ཛ་དྲག་ཅིག་བདམས།དེ་བཞིན་འདིར་གླེང་པའི《ཐར་ལོ》ཡང་རང་ཉིད་ཀྱིས་ཐོབ་ཐང་འཚོལ་བའི་བརྒྱུད་རིམ་ཁྲོད་རང་ཉིད་བོར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

《ཐར་ལོ》ཞེས་པའི་གློག་བརྙན་འདིའི་རྒྱབ་ལྗོངས་ནི ༢༠༠༠ ལོ་ནས་དབུ་བརྩམས་ཤིང་། སྐབས་ཐོག་དེར་ཏག་ཏག་སྡོད་དམངས་ཐོབ་ཐང་དཔང་ཡིག་རབས་གཉིས་པ་ལེན་དགོས་པའི་སྐབས་དང་ཁེལ་འདུག་ལ།"སྡོད་དམངས་ཐོབ་ཐང་དཔང་ཡིག་ནི་མཚོན་རྟགས་ཤིག་ཡིན།ཐར་ལོ་ནི་དྭ་ཕྲུག་ཅིག་ཡིན་པས་ཉེ་འཁོར་གྱི་མིས'རལ་ཆུང་ཅན'ཞེས་འབོད་ལ། ཐ་ན་ཉེན་རྟོག་པས་ཁོའི་མིང་འདྲི་དུས་ཇི་ཡིན་མ་ཤེས། ཁོར་རང་ཉིད་ལ་དབང་པའི་ཐོབ་ཐང་ཞིག་ཐག་ཆོད་དགོས། དེ་ནི་གཞུང་ཕྱོགས་ཀྱིས་ཀྱང་ཁས་ལེན་པ་དེ་ཡིན། འོན་ཀྱང་མཇུག་ཏུ་རལ་བ་བྲེགས་རྗེས་ཁོ་རང་ཉིད་ཀྱང་བོར་སོང་།"

དོན་དངོས་འཚོ་བའི་ཁྲོད་དུ་འདི་ལྟ་བུའི་གཏམ་རྒྱུད་ནི་རྒྱུན་དུ་འབྱུང་བཞིན་ཡོད་དེ། པད་མ་ཚེ་བརྟན་གྱིས་བཤད་རྒྱུར། ཐོག་མར་བོད་ཡུལ་ནས་ཐོབ་ཐང་དཔང་ཡིག་ཟེར་བ་འདི་ཅི་ཡིན་མི་ཤེས་ལ་དོ་སྣང་བྱེད་མཁན་ཡང་མེད།"རིམ་བཞིན་སྒོ་འབྱེད་པ(སྲིད་ཇུས་ལྷོད་གཡེང་བྱུང་བ)དང་སྟུན་ནས་ཁོ་ཚོར(བོད་མི)གྲོང་ཁྱེར་དུ་ཞུགས། ཐོབ་ཐང་དཔང་ཡིག་མེད་ན་མགྲོན་ཁང་དུ་སྡོད་ཐབས་མེད། དེ་ལྟར་དོན་དངོས་སུ་འཕྲད་པའི་གནད་དོན་འདི་དག་དེང་རབས་རིག་གནས་ཅན་དུ་བསྐྱོད་པའི་བར་གླེགས་ནས་རིམ་གྱིས་གདོང་གཏད་དགོས་པར་གྱུར། ལྷག་པར་དུ་མི་རབས་གསར་བ་དག་ལ་མཚོན་ན།མང་ཤོས་ལ་རྒྱུད་རྐང་དུ་སིམ་པའི་གནའ་བོའི་རིག་གནས་དང་དེང་རབས་ཤེས་རིག་གི་འགལ་ཟླའི་ཁྲོད་ཀྱི་སེམས་ཁྲལ་དང་ཅི་བྱ་གཏོལ་བྲལ་གྱི་བློ་མཆིས།"

པད་མ་ཚེ་བརྟན་གྱིས་སྦ་གསང་མེད་པར།"ཁོ་བོའང་འདི་ལྟ་བུའི་བརྒྱུད་རིམ་ཁྲོད་ལས་བྱུང་བ་ཡིན་ཏེ། ཐོག་མར་བོད་ཡུལ་ནས་སྒོར་བུད་དུས་སེམས་ཁྲལ་འདི་རིམ་བཞིན་ཇེ་གསལ་ནས་ཇེ་གསལ་དུ་སོང་། ཐ་ན་ད་ལྟའང་ཡང་ཡང་སྙོམས་སྒྲིག་བྱས་ན་ད་གཟོད་སེམས་ཁྲལ་འདི་འཇགས་ཙམ་ཐུབ་ཀྱང་། སྔར་བཞིན་སེམས་ཁྲལ་མེད་པའི་དོ་མཉམ་གྱི་གནས་བབ་ཞིག་ཏུ་ལྷགས་མི་འདུག"ཅེས་བརྗོད།

ཁོས་མུ་མཐུད་དུ། གློག་བརྙན་ཚང་མའི་མཇུག་འབྲས་ཡག་པོ་བྱུང་མེད།"འདི་ནི་དོན་དངོས་ཇི་བཞིན་མཇུག་ཀྱང་སྐྱོ་གར་གྱིས་བསྡུས་པ་ལས། ང་སྐྱོ་སྣང་གིས་ཁེངས་པས་མ་ཡིན"ཟེར།

བོད་དུ་གློག་བརྙན་འཇོན་མི་འབྱུང་བཞིན་འདུག

ཐེངས་འདིར་ཐར་ལོའི་འཁྲབ་སྟོན་པ་ནི་བོད་ཀྱི་སྐད་གྲགས་ཅན་གྱི་ཟློས་གར་པའམ་སྙན་ངག་པ་ཞི་བདེ་ཉི་མ་ཡིན། འཁྲབ་གཞུང་ཁྲོད་ཀྱི"རལ་བ་ཆུང་ངུ"ཅན་དང་འདྲ་བར་ཞི་བདེ་ཉི་མས་ཀྱང་ལོ་བཅུ་བདུན་རིང་རལ་བ་ཆུང་ཆུང་ཞིག་བཞག་ནས་ཡོད། གློག་བརྙན་ཁྲོད་དུ་རལ་བ་གཅོད་དགོས་པའི་ཚན་པ་དེས་འཁྲབ་སྟོན་པ་ཁོ་བློང་བློང་བོར་གྱུར་དུ་བཅུག་ཀྱང་། རྒྱུན་དུ་འཁྲབ་པའི་ཉམས་མྱོང་དང་ལྡོག་ཟླར་ལངས་པའི་འཁྲབ་བྱའི་སྣང་བརྙན་འདིས་ཞི་བདེ་ཉི་མའི་ཡིད་སེམས་རབ་ཏུ་བཀུགས་སྟེ། མི་ལོ་བཅུ་བདུན་ལ་གཅེས་པའི་སྐྲ་ལོ་བཞར། "ཁོ་ན་རེ། འདི་ནི་ཁོ་བོ་འཁྲབ་སྟོན་དུ་ཞུགས་ནས་ད་རག་བར་བྱུང་བའི་དོ་ཆེན་པོ་ཟློས་པའི་མི་སྣ་དེ་ཡིན་པས།ཚོད་ལྟ་ཞིག་བྱ་འདོད་ཟེར།"


སྐྲ་བཞར་པའི་སྐབས་ཀྱི་པར།

Unknown-6.jpeg

སྐྲ་བཞར་པའི་བརྙན་ཐེངས་གཅིག་ལ་མ་ཡོང་ན་བསྐྱར་ལེན་བྱ་ཐབས་མི་འདུག་པས།སྐྲ་བཞར་བུ་མོར་བརྫུས་པའི་གཡང་ཕྱུག་འཚོས་བདུན་གསུམ་ལ་སྐྲ་བཞར་ཚུལ་སྦྱངས་པ་བྱས་ཤིང་། བརྙན་མ་ཕབ་པའི་སྔོན་དུའང་བརྙན་ཕབ་ཚན་ཆུང་གིས་སྡེ་བའི་ནང་ནས"དང་བླངས་པ"བཅུ་ལྷག་བོས་ཏེ་གཡང་ཕྱུག་འཚོར་སྐྲ་བཞར་རྒྱུ་གོམས་པར་བྱས། དེ་ལྟར་ལག་བྱང་སོང་བའི་གཡང་ཕྱུག་འཚོས་བརྙན་ལེན་ཁྲོད་ཐར་ལོའི"སྐྲ་བཞར་ཆོ་ག"ལེགས་པོར་འགྲུབ་པར་བྱུང་།

ཐེངས་འདིར་འཁྲབ་སྟོན་པ་གཙོ་ཤོས་ཕོ་མོ་གཉིས་ནི་འཁྲབ་སྟོན་གྱི་ལས་ལ་ཉམས་མྱོང་འཛོམས་པ་གཉིས་རེད། འོན་ཀྱང་སྔོན་གྱི"བོད་ཡུལ་གྱི་རོལ་དབྱངས་ཁག་གསུམ"ཞེས་པའི་ཁྲོད་དུ་ཆེད་ལས་འཁྲབ་སྟོན་པ་གཅིག་ཀྱང་བྱུང་མེད་དེ"སྐབས་དེར་བོད་ཡུལ་དུ་འཁྲབ་སྟོན་ལ་ཞུགས་པའི་ཆེད་ལས་པ་མེད་པས་ཆེད་ལས་འཁྲབ་སྟོན་པ་ཟེར་བ་ཞིག་གང་ནས་བཙལ། ད་ལྟ་འདིའི་ཕྱོགས་ཀྱི་འཇོན་མི་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་དེ།གློག་བརྙན་གྱི་ལས་སྣ་རེ་རེའི་འཇོན་མིའང་དེ་བཞིན་རེད"ཅེས་པད་མ་ཚེ་བརྟན་གྱིས་བོད་ཡུལ་གློག་བརྙན་འཕེལ་རྒྱས་ཀྱི་གནས་ཚུལ་ཕིང་ཕེ་གསར་འགྱུར(www.thepaper.cn)གསར་འགོད་པར་གསལ་བཤད་བྱས་འདུག གཞན་ཡང་ཁོས"སྔོན་ཡིན་ན་བོད་ཡུལ་དུ་གློག་བརྙན་སྒྲིག་བཟོའི་ཁང་མེད་པས། གློག་བརྙན་ཕབ་ལེན་བྱ་རྒྱུ་དེ་རྒྱང་རིང་རྒྱང་རིང་གི་བྱ་བར་འཁྲུལ་ཡོད་ཀྱང་། ད་ལྟ་གཞོན་ནུ་མང་པོས་གློག་བརྙན་ལ་བལྟ་བར་མ་ཟད། དེར་བློ་འཁོར་བས་མཐོ་འབྲིང་མཐར་ཕྱིན་དང་མཉམ་དུ་གློག་བརྙན་ཆེད་སྦྱོང་ཆོག་པ་ཡང་མཁྱེན་འདུག ལོ་འདི་གཉིས་ལ་གློག་བརྙན་ཕྱོགས་ཀྱི་འཇོན་མི་ཡང་ཇེ་མང་ནས་ཇེ་མ་རེད"ཅེས་བརྗོད། 

Unknown-7.jpeg


འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་འཁྲབ་སྟོན་པ་ཞི་བདེ་ཉི་མ་སོགས་ཀྱི་མཉམ་པར།

པད་ཚེ་བརྟན་གྱིས་བརྗོད་གཞིའི་ཐད་ནས། ཁོ་བོའི་བརྩམས་སྒྲུང་དུ་འདི་ལས་ལྷག་པའི"འཚོ་བཅུད"འཛོམས་ཡོད་ཀྱང་། གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་ལ།ཞིབ་བཤེར་གྱི་གོ་རིམ་ནན་མོ་བརྒྱུད་དགོས་པས། དོན་དངོས་དང་འབྲེལ་བའི་ཁག་དེ་བླངས་ནས་གློག་བརྙན་དུ་ཕབ་པ་ལས་ཐབས་མི་འདུག་ཅེས་བརྗོད། རེད་དེ་ཕྱོགས་གཞན་ཞིག་ནས་ཁོས་མིག་སྔར་རིགས་འདྲ་བའི་བརྗོད་གཞི་ཅན་གྱི་གློག་བརྙན་ཇུས་འགོད་བྱ་རྒྱུ་ཚོད་བགམ་བྱེད་སྒང་ཡིན་ཚུལ་བརྗོད་འདུག

པད་མ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཤིག་སྒོར་བུད་མ་ཐག་རྒྱལ་ཁབ་ཕྱིའི་སྨྱན་སྦྱོར་ཡིན་ན་ཆོག རྒྱལ་ནང་གི་སྨྱན་སྦྱོར་ཡིན་ན་འདྲ། ཁོའི་བོད་མིའི་ཐོབ་ཐང་དང་བོད་ཀྱི་རིག་གནས་ཀྱི་བག་ཆགས་ནི་ཁོ་ཚོས་འཆོར་དུ་མི་འཇུག་པའི་དྲི་བ་ཞིག་ཡིན། འོན་ཀྱང་ཁོའི་གློག་བརྙན་དུ་གཟས་ནས་བོད་ཡུལ་གྱི་མཚོན་བྱེད་བྱ་དངོས་ཉུང་འཕྲི་བྱས་ཡོད་པ་འདྲ། མ་ཟད་པད་མ་ཚེ་བརྟན་གྱིས་ཁོའི་གློག་བརྙན་གྱིས་ནུབ་ཕྱོགས་བོད་ཡུལ"བསློག་པར"རྔམ་པ་དག་གི་འདོད་བློ་སྐོང་མི་ནུས་པར་འདོད་ལ། "མི་མང་པོས་བདག་གི་གློག་བརྙན་དུ་ཁོ་ཚོས་བལྟ་འདོད་པའི་དངོས་པོ་དེ་མི་འདུག་པར་སེམས་ཤིང་། ལྟད་མོ་བ་ཁ་ཤས་ཀྱིས་བོད་ཡུལ་དུ་མཛེས་སྡུག་ལྡན་པའི་རི་ཆུ་ལུང་གསུམ་ཡོད། དོན་སྙིང་ཆེ་བའི་དམངས་སྲོལ་གང་མང་མཆིས། དེ་དག་ཕྱིར་མ་བསྟན་པ་ཅི་ཡིན་ཞེས་དྲིས་མྱོང་། དྲང་མོར་བཤད་ན། བོད་ཀྱི་རིག་གནས་ལས་ངར་བཞག་པའི་བག་ཆགས་ཤིན་ཏུ་ཟབ་ལ། སློབ་ཆུང་ནས་སློབ་ཆེན་བར་དུའང་བོད་ཡིག་ཆེད་ལས་སྦྱངས་ཏེ་མཐར་ཕྱིན་པ་ཡིན། འོན་ཀྱང་གློག་བརྙན་ལ་གློག་བརྙན་རང་ངོས་ཀྱིས་མཚོན་ཚུལ་ཞིག་ཡོད། ངས་ཀྱང་མཚོན་ཚུལ་འདིར་བརྩི་འཇོག་དང་བཀུར་བཟོ་བྱ་དགོས། འདི་དག་བློ་རུ་ཆུད་པ་ན།ད་གཟོད་དོ་སྣང་བྱ་ཡུལ་དེ་ཕྱི་ཤུན་ཙམ་ནས་ལུས་མི་སྲིད"ཅེས་བརྗོད་འདུག

རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།