ཁྲི་གུང་ཐང་རིན་པོ་ཆེའི་གསུང་མགུར་ཚན་པ་གསུམ།

WechatIMG1427.jpeg

མི་ཆོས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།


བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

ལུས་ཀྱི་སྤྱོད་པ་ཞི་དུལ་འཇམ་པོའི་སྒོས། །

ཀུན་ལ་འཛུམ་དང་གུས་པའི་ཉམས་བཟུང་ནས། །

དཀའ་ངལ་མེད་པར་ཕྱག་དང་སྐོར་བ་ཡིས། །

ཆུ་བུར་ལྟ་བུའི་ལུས་ལ་སྙིང་པོ་ལོངས། །

ངག་གི་སྤྱོད་པ་རྫུན་དང་ཚིག་རྩུབ་དང་། །

ནམ་ཡང་མི་འདྲེས་མཐུན་པའི་གཏམ་ཁོ་ནས། །

སྐྱོ་ངལ་མེད་པར་བཤད་དང་རྩོམ་པ་ཡིས། །

སྟོན་འབྲུག་ལྟ་བུའི་ངག་ལ་སྙིང་པོ་ལོངས། །

སེམས་ཀྱི་སྤྱོད་པ་དགྲ་གཉེན་མེད་པ་རུ། །

བྱམས་བརྩེ་གཅིག་ཏུ་ཕན་པའི་སེམས་བཟུང་ནས། །

རེ་དོགས་མེད་པར་ཐབས་ཤེས་ཉམས་ལེན་གྱིས། །

སྒྱུ་མ་ལྟ་བུའི་སེམས་ལ་སྙིང་པོ་ལོངས། །

ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང་། །

ཐམས་ཅད་བསྟན་དང་འགྲོ་བའི་ཕྱོགས་སུ་ཐོངས། །

ཞེན་ཆགས་མེད་པར་རང་ལ་ཆོག་ཤེས་ཀྱིས། །

ཆུ་ཤིང་ལྟ་བུའི་ནོར་ལ་སྙིང་པོ་ལོངས། །

དུས་གསུམ་བསགས་དང་བསག་འགྱུར་དགེ་ཚོགས་ཀྱང་། །

རླབས་ཆེན་སྨོན་ལམ་རྒྱ་མཚོས་ཁ་བསྒྱུར་ལ། །

ཕོངས་པ་མེད་པར་གཞན་དོན་ཁོ་ན་ཡི། །

ས་བོན་ལྟ་བུའི་དགེ་ལ་སྙིང་པོ་ལོངས། །

མདོར་ན་བྱ་བ་གང་ལ་ཞུགས་ན་ཡང་། །

བརྩོན་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོས། །

ཚབ་ཚུབ་མེད་པར་བསྟན་པའི་ཞབས་འདེགས་ཀྱིས། །

ལན་གཅིག་ཐོབ་པའི་རྟེན་ལ་སྙིང་པོ་ལོངས། །

སྙིང་པོ་ལེན་ཚུལ་སྙིང་གི་ཐིག་ལེ་འདི། །

སྙིང་པོའི་དོན་རྣམས་ཉིང་ཁུར་བསྡུས་པས་ན། །

སྙིང་མེད་བདག་འདྲའི་སྙིང་ལ་ཕན་སྲིད་པས། །

སྙིང་སྟོབས་བསྐྱེད་ལ་སྙིང་གི་ཐིག་ལེར་ཟུངས། །


ཞེས་པ་འདི་ཡང་༧ ཤཱཀྱའི་དགེ་སྦྱོང་གུང་ཐང་བ་བསྟན་པའི་དབང་ཕྱུག་ནས་སྤྱི་ལོ་ ༡༩༥༨ ལོའི་ཟླ་༧ ཚེས་ལ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་སྦྱར་བ་དགེའོ། །


རྨ་འགྲམ་ནས་བཞེངས་པའི་སྐྱོ་མགུར།


ཨོྃ་སྭ་སྟི། 


སྟེང་ཕྱོགས་དགའ་ལྡན་ལྷ་ཡི་ཕོ་བྲང་ནས། །

དུང་མདོག་ཆར་སྤྲིན་བརྩེགས་པའི་རྩེ་མོ་རུ། །

སྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་བློ་བཟང་གྲགས། །

མྱུར་བྱོན་མི་འགྱུར་སྤྱི་བོའི་གཙུག་ཏུ་བཞུགས། །

རྨ་ཀླུང་དལ་གྱིས་འབབས་པའི་གཡོན་འགྲམ་ནས། །

བག་ཡང་རྩེད་མོར་རོལ་བའི་མདོ་མེད་པོས། །

དོན་ལྡན་སྙན་པའི་གླུ་དབྱངས་འདི་ལྟར་འཐེན། །

མ་གཡེང་རྣ་བའི་བུ་ག་ལྷོད་ལ་ཉོན། །

གཏིང་མཐའ་དཔག་པར་དཀའ་བའི་ཆུ་ཀླུང་ཆེ། །

ལྷུང་ལྷུང་དལ་གྱིས་འགྲོ་བ་འདི་མཐོང་ཚེ། །

གཞུང་ལུགས་རབ་འབྱམས་རྒྱ་མཚོའི་དགོངས་དོན་ལ། །

ཐོག་མེད་བཤད་པ་ཐུབ་ན་སྐྱིད་པར་ངེས། །

ཆུ་ཆེན་འདི་ལ་གནས་པའི་ཉ་མོ་རྣམས། །

བག་ཕེབས་རྒྱུ་བའི་འགྲོ་ལུགས་འདི་མཐོང་ཚེ། །

བསླབ་གསུམ་ཉམས་ལེན་གནད་ལ་མི་འགལ་བར། །

རྒྱལ་ཁམས་བགྲོད་དགོས་བྱུང་རུང་སྐྱིད་པར་ངེས། །

མཚོ་མོ་འདི་དང་འགྲོགས་པའི་ངང་ཆུང་རྣམས། །

དར་དིར་དབྱངས་སྙན་སྒྲོག་བཞིན་འགྲོ་མཐོང་ཚེ། །

ཡིད་ཀྱི་ལྷག་བསམ་དཀར་པོ་མ་བྲལ་བར། །

དོན་ལྡན་གླུ་དབྱངས་སྒྲོགས་ན་སྐྱིད་པར་ངེས། །

རླབས་ཆེན་ཆལ་ཆིལ་གཡོ་བའི་ཆུ་བོ་འདིར། །

བགྲོད་པར་བྱེད་པའི་གྲུ་གཟེངས་འདི་མཐོང་ཚེ། །

མ་གྱུར་འགྲོ་རྣམས་འཁོར་བའི་རྒྱ་མཚོ་ལས། །

སྒྲོལ་བྱེད་ཟབ་ཆོས་སྒྲོགས་ན་སྐྱིད་པར་ངེས། །

འདར་ལྡན་རླུང་གིས་བསྐྱོད་ཚེ་མཚོ་སྟེང་དུ། །

འགྲོ་བའི་གཉེར་མ་གྲངས་མེད་འདི་མཐོང་ཚེ། །

འཇིག་རྟེན་བྱ་བཞག་འཛད་མེད་འདི་འདྲ་ཡང་། །

དེ་དུང་མཚུངས་པ་རྒྱང་རིང་ཞོག་ཅིག་བུ། །

ཕྱི་ཡི་འཇིག་རྟེན་སྤྱོད་པ་ཅི་མཐོང་ཡང་། །

དཔེ་རུ་བླངས་ན་རྣམ་གྲངས་བརྗོད་དུ་མེད། །

དེའི་ཕྱིར་ཉུང་བསྡུས་སྙན་པའི་གླུ་དབྱངས་འདི། །

ཡིད་སྣང་སྐྱིད་པའི་ཁ་ནས་དབང་མེད་ཐལ། །


ཞེས་པ་འདི་ནི་རྨ་འགྲམ་ནས་སྐྱོ་བསང་བྱས་སྐབས་ ༸ རྒྱལ་ཁམས་པ་དབྱངས་ཅན་བཞད་རྡོར་གྱིས་བྲིས་པ་དགེའོ། །


འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་མཚམས་ལ་བཞུགས་སྐབས་ཀྱི་ཉམས་མགུར་བཞུགས་སོ།།


ཕ་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །

རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་། །

དཔལ་དངོས་གྲུབ་མཆོག་སྩོལ་བདེ་མཆོག་ཟུང་། །

སྐྱབས་བླ་མ་ལྷ་ཡིས་བདག་སྐྱོངས་ཤིག །

མགོན་བླ་མ་དེ་ཡི་བཀའ་དྲིན་ལས། །

ཡུལ་ཕྱོགས་འདིར་ཆོས་ཀྱི་སྣང་བས་ཁྱབ། །

རྗེ་དེ་ཡི་བཀའ་དྲིན་དྲན་པའི་དགོས། །

ཆོས་ཟབ་གཅིག་བླ་མའི་རྣལ་འབྱོར་བརྩོན། །

མི་སྙིང་རུས་ཅན་གྱི་བྱ་བཏང་ལ། །

སྒོམ་བླ་མའི་རྣལ་འབྱོར་ཅིག་པུས་ཆོག །

ནང་སེམས་སྟེང་ཉམས་རྟོགས་གཅིག་ཤར་ན། །

སྒོམ་གཞན་རྣམས་ངམ་ངམ་ཤུགས་ཀྱིས་འབྱུང་། །

སྔོན་རྒྱ་གར་འཕགས་པའི་ཡུལ་ལུགས་ལ། །

ལྷ་གཅིག་བསྒྲུབས་ལྷ་བརྒྱའི་ཞལ་མཐོང་ཟེར། །

སྒོམ་ཆེ་རྣམས་བླ་མའི་རྣལ་འབྱོར་ལས། །

ཉམས་རྟོགས་པ་དབྱར་མཚོའི་དཔལ་ལ་འགྲན། །

ཀྱེ་ངོ་མཚར་ཆེའོ་སྐལ་བ་བཟང་། །

ཐོབ་དཀའ་བ་དལ་འབྱོར་ལུས་འདི་ཐོབ། །

མཇལ་དཀའ་བ་དམ་པའི་ལྷ་ཆོས་མཇལ། །

དགོས་སྟོང་གསལ་ངང་ལས་རང་གི་ལུས། །

ལྷ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ཏེ། །

གཟུངས་ཟབ་བསྔགས་བཟླས་པས་ལྷའི་ཐུགས་རྗེས། །

རྟགས་རྨི་ལམ་ཐོན་པས་དགའ་སྤྲོ་འཕེལ། །

ལྷ་ཐུགས་རྗེ་ཆེན་པོའི་མྱུར་བ་མེད། །

གཟུངས་ཡི་གེ་དྲུག་མའི་ཟབ་པ་མེད། །

འདོན་གཙོ་བོ་བྱེད་ན་འདི་ལ་འབོད། །

རྟགས་བྱིན་རླབས་མཚན་མ་མྱུར་དུ་འབྱུང་། །

སེམས་གནད་དུ་འཇོག་པ་སྒོམ་གྱི་གཞི། །

དུས་རྒྱུན་ལྡན་དྲན་ཤེས་བསྟེན་ན་ལེགས། །

བློ་མི་འགྱུ་དགུ་འགྱུའི་རྣམ་རྟོག་འདི། །

ཚུར་འགུགས་བློ་བྱས་ཀྱང་ཕར་ལ་འཁྱོར། །

གནས་དབེན་པ་བསྟེན་པ་སྒོམ་གྱི་མགོ། །

ཡུན་རིང་དུ་བསྒྲིམ་ན་ཏིང་འཛིན་འཆར། །

ལྷ་བླ་མར་སྙིང་ནས་གསོལ་འདེབས་འདི། །

སེམས་ལས་སུ་རུང་བྱེད་གདམས་པ་ཡིན། །

སྒོམ་གཙོ་མིན་དམ་ཆོས་བྱེད་འདོད་རྣམས། །

ལུས་ངག་གི་སྤྱོད་པ་དགེ་ལ་སྦྱོར། །

སྐབས་སྐབས་སུ་བྱམས་དང་སྙིང་རྗེ་སྦྱོངས། །

དགེ་རྩ་ཀུན་སེམས་ཅན་དོན་དུ་བསྔོས། །

འཁོར་འདས་ཀུན་མིང་གིས་བཏགས་པ་ཙམ། །

རང་ངོས་ནས་མེད་པར་ཡང་ཡང་སོམས། །

གླུ་འདི་བྲིས་རང་གཞན་དགེ་བས་ཕན། །

ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །

ཅེས་པ་འདི་ནི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བདུན་པ་ཆུ་ལུག་ཟླ་བའི་ཚེས་དགེ་བར།  གངས་ཅན་བོད་ཀྱི་ལྷ་སྐལ་སྙིང་རྗེའི་ལྷ་མཆོག་དངོས་གྲུབ་ཀྱི་གཏེར་དུ་གྱུར་བ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བསྙེན་མཚམས་བྱས་སྐབས་ཐུན་བར་དུ་བསླབ་བྱ་འགའ་རེ་ལ་མཐོང་མོ་བྱས་ཚེ་ལྷག་ལྷ་འདི་ཉིད་ཀྱི་རྣལ་འབྱོར་བའི་ཐ་ཤལ་བ། ༰ འཇམ་དཔལ་གཞོན་ནུ་མི་བསྐྱོད་དགྱེས་པའི་རྡོ་རྗེས་འདི་འདྲ་ཞིག་བློ་ལ་ཤར་ནས། སྒྲུབ་གནས་བསམ་གཏན་ཁང་བཟང་རྩེར་སྦྱར་བའི་ཡི་གེ་བ་ནི་དྲུང་ཡིག་བློ་བཟང་རྒྱ་མཚོས་བྱས་པའོ། །

WechatIMG1424.jpeg

དྲན་གདུང་ཡིད་ཀྱི་འབོད་བསྐུལ།

ལེན་མཁན།  གངས་ལྗོངས་ཁུ་བྱུག

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།