སྐུ་རྗེ་སེང་ཆེན་དཔའ་བོས་མཐའ་བཞིའི་རྒྱལ་ཁབ་དབང་དུ་བསྡུས་པའི་གཏམ་ངོ་མཚར་ཆུ་སྐྱེས་དམར་པོའི་ཕྲེང་བ།

567172078072375911.jpg


མཐའ་བྲལ་ཐུགས་གསང་ལྷ་ལམ་ཁྱོན་འགེང་ཞེ་སྡང་རྡོ་རྗེའི་སྤྲིན་ཆེན་ལས།།

འཇིགས་རུང་བཟོད་ཀའི་སྣ་ཚོགས་མཚོན་ཆར་ཐོགས་མེད་དྲག་ཏུ་དབབ་པའི་གཟིས།།

བསྟན་འགྲོར་འཚེ་བའི་རྣམ་མང་བདུད་སྡེ་མིང་མེད་བརླག་ནུས་ཤེ་མོང་ཅན།།

རིགས་གསུམ་པདྨའི་ཕྲིན་ལས་ཡོངས་འདུས་སྐུ་རྗེ་སེང་ཆེན་གཙུག་གིས་མཆོད།།

 

གང་གི་རྣམ་ཐར་ཟབ་ཡངས་རྒྱ་མཚོ་ལས།།

མཛད་པའི་ཆ་ཤས་ངོ་མཚར་གཏམ་གྱི་ཟིལ།།

ཡ་རབས་དཔའ་བོར་གུས་པའི་སྐལ་བཟང་ལ།།

དགྱེས་པའི་གཟིགས་མོ་འབུལ་བའི་ལས་ལ་སྤྲོ།།

 

ཆེས་མཐོ་ཁ་བ་དཀར་པོའི་ས་འཛིན་ཚར་ལེགས་དངར་བའི་མུ་ཁྱུད་ཀྱི།།

     ཀུན་ནས་ཡོངས་བསྐོར་སྡེ་བཞིའི་འབྱོར་བས་ཕྱུར་བུར་གཏམས་པའི་ཡུལ་གྱི་ཤར།།

དལ་འབབ་ཀླུང་ཆེན་བཞི་ཡི་བར་མཚམས་རི་བོ་སྒང་དྲུག་ཡ་གྱལ་མཆོག།

   འབྲི་རྫའི་ཉལ་འགྲོས་སྤུད་པའི་མཛེས་ལྗོངས་སུམ་རྩེན་ཡུལ་དང་གཉིས་སུ་མེད།།

 

བྲག་གཉིས་དཔའ་བོའི་མདའ་སྒྲོ་གཤིབ་འདྲའི་མདུན།།

གཙང་ཞིམ་ཆུ་གཉིས་ཆབ་མས་ཡོངས་བཅིངས་བའི།།

སྤང་གཉིས་བལ་སྟན་བཏིང་འདྲའི་འཛིན་མ་རུ།།

གཟུགས་སྐུའི་གེ་སར་ལྷུམས་ཀྱི་རྒྱ་ལས་གྲོལ།།


ལང་ལང་ཆུ་འཛིན་གཡོ་བའི་རུམ་ནས་གཡུ་འབྲུག་དགའ་བའི་མགྲིན་གླུ་ལྡིར།།

རབ་དཀར་སྣང་བས་ས་གཞི་ཁྱབ་ཅིང་མཐོ་རིས་དཔལ་གྱིས་མངོན་མཐོ་བའི།།

  ཚངས་དང་དབང་པོས་བདུད་རྩིའི་ཁྲུས་དང་བར་མ་གཉན་གྱིས་མཇལ་དར་ཕུལ།།

མ་དྲོས་ཀླུ་ཡི་ཡིད་འཕྲོག་རོལ་མོས་ཀུན་ཀྱང་དགའ་བའི་དཔལ་ལ་བཀོད།།

 

དེ་ནས་རིང་པོར་མ་ལོན་དུས་ཀྱི་ཆར།།

དབང་གི་གནས་མཆོག་མཐོང་སྨོན་རྨ་ཡི་ཡུལ།།

  བདག་གིར་བཟུང་བའི་རྟེན་འབྲེལ་གནད་ཟབ་ལ།།

    དགོངས་ཏེ་སྦས་པའི་ཟོལ་གྱིས་དེར་ཞབས་བཅགས།།

 

གཅིག་ཏུ་མ་ངེས་སྤྲུལ་པའི་རོལ་མོ་ངོ་མཚར་རྡོ་རྗེ་རྩེ་བརྒྱ་པས།།

བགྲང་ཡས་མི་མིན་སྐྱེ་རྒུས་ཁེངས་པ་རྡུལ་དུ་བཤིགས་དང་ཆབས་ཅིག་པར།།

མཐའ་བཞིའི་རྒྱལ་ཁབ་གཞོམ་ལ་ཉེར་མཁོའི་དཔུང་ཚོགས་ཡན་ལག་རྣམ་པ་བཞི།།

དབང་དུ་བྱེད་སླད་ཆེས་སྟུག་ཁ་བས་མདོ་སྨད་ཁྱོན་རྣམས་ཁེབས་པར་བྱས།།


མདོ་སྨད་ལྷོ་ཕྱོགས་ཡུལ་གྲུར་གནས་བཅས་པའི།།

སྔོན་སྨོན་ལས་ཀྱིས་བསྐོས་པའི་སྡེ་རིས་རྣམས།།

མ་བོས་པད་མཚོར་ངང་ཁྱུ་འདུ་བའམ།།

ལྷོ་སྤྲིན་བྱང་བགྲོད་བཞིན་དུ་རྨ་ཡུལ་བཟང་།།


དབང་ཆེན་རྟ་མགྲིན་དམར་པོའི་ལུང་ཚིག་གིས།།

འཕྲུལ་རྗེ་ཁྲོ་ཐུང་སེམས་རྒྱུད་ཡོངས་བསྒུལ་ཏེ།།

རྒྱལ་ཆེན་སྲིད་ན་འོས་པའི་ནོར་སྣ་བདུན།།

ཅང་ཤེས་རྟ་མཆོག་བང་གི་རྒྱན་དུ་བཞག།

 

རྒྱལ་ཀུན་གསུང་གསང་རྟ་མཆོག་གཟུགས་ཤར་རྫུ་འཕྲུལ་རྐང་པ་བཞི་ལྡན་ཞིག།

སྤེ་ནེའི་རི་བོར་ཅང་ཤེས་ཁྱུ་ན་དགའ་བའི་གར་གྱིས་རྩེན་པ་ཉིད།།

སྔོན་སྨོན་ངོ་མཚར་འཕྲུལ་ཞགས་ཀྱིས་བཀུག་གྱ་ནོམ་མགྱོགས་དར་འགྲན་པའི་གྲྭར།།

ཞུགས་པའི་རྒྱལ་ཁར་མངའ་དབང་བསྒྱུར་བས་ལྷ་ཀླུ་དགའ་བའི་རྩེ་བྲོ་འཁྲབ།།

 

དེ་སྐད་སྙན་པའི་བ་དན་རབ་མཐོ་བ།  །

མི་དང་མི་མིན་ནག་ཕྱོགས་བདུན་ཀྱི་སྡེས། །

  མཐོང་བའི་མོད་ལ་ཡིད་ཀྱི་དགའ་སྟོན་མཆོག  །

མྱ་ངན་དྲག་པོའི་འདམ་དུ་ལྕི་བར་ལྟུང་། །

 ངམ་གནག་དུས་མཐའི་མེ་དུད་དང་མཚུངས་འཇིགས་རུང་རླུང་སྤྲིན་དྲག་འཁྲིགས་དབུས།

།རྣོ་དབལ་བཤིན་རྗེའི་མཆེ་བ་ལྟར་གཟེངས་གཡུ་ར་ཟུང་ལྡན་བདུད་རྗེའི་བཞིན། 

།མཐོང་བ་ཙམ་གྱིས་གླིང་དཀར་རྨེ་བཟའ་འབྲོས་པའི་སྤོབས་པ་རབ་ཟད་པས། 

།གང་དེས་ལག་ཟུང་རིང་པས་རབ་བསྡམས་བྱང་སྟོད་བདུད་ཀྱི་ཡུལ་དུ་ཁྱེར། །


དེ་ཚེ་རིགས་གསུམ་གཅིག་བསྡུས་གླིང་གི་རྗེ། །

འབུམ་མེའི་རྒྱུན་ཐག་བསྡམས་ཏེ་འདོ་རྗེར་ཞོན། །

སེང་ལྕམ་བཙུན་མོས་བཤོལ་ཀྱང་མ་ཐུབ་པར། །

 མཁའ་ལས་གློག་འཁྱུག་ཇི་བཞིན་ར་མདར་ཕེབས། །


 བརྒྱ་ཕྲག་སྐྱེས་བུ་དུས་གཅིག་རུབ་ཀྱང་འགེང་བར་དཀའ་བའི་གཞུ་མཆོག་སྟེང་།

།དགྲ་ལྷའི་དམག་སྤྲིན་ངང་གིས་འདུ་བརྟེན་ཉག་ཕྲན་ཁ་ལོ་མཐེ་བོང་གིས། 

།སྒྱུར་བ་དེའི་ཚེ་འབྲུག་སྟོང་ལྡིར་བའི་སྒྲ་ཡིས་ས་ཆེན་འདར་བ་དང་།

།ཆབས་ཅིག་བདུད་དཔོན་དཔྲལ་བའི་ཀླད་ཞོས་ནོར་འཛིན་ཁྱོན་ཀུན་དཀར་པོ་བྱས། །

 

དེ་ཤུལ་ཧོར་རྒྱལ་གུར་དཀར་ཞེས། །

སྙིང་སྟོབས་ཝ་མོའི་ངང་ཚུལ་ལ། །

ཆགས་སྲེད་ར་དང་འདྲ་བ་དེས། །

འབུམ་དམག་གླིང་དཀར་སྟོད་དུ་བརྫངས། །

 

རབ་ཡངས་ས་གཞི་དོག་པོར་བྱེད་པའི་རྩི་ཤིང་གྲངས་འདྲའི་ཧོར་དམག་གིས། 

།ཁྱེད་འཕགས་བཟོ་རིགས་དུ་མས་མཛེས་པའི་ཇ་མཁའ་སྨུག་པོ་རྨིང་ནས་བཤིགས། 

 །མི་མིན་འཕྲུལ་གྱི་བཟོ་བོས་བསྐྲུན་པའི་འཛམ་གླིང་རྒྱན་གྱུར་ནོར་སྣ་དང་། 

།འཆི་མེད་བུ་མོའི་མཛེས་སྡུག་རབ་རྫོགས་སེང་ལྕམ་འབྲུག་མོ་བཙན་འཕྲོག་བྱས། །

 

དེ་ཚེ་དཀར་ཕྱོགས་ལྷ་ཡི་ལུང་བསྟན་གྱིས། །

སེང་ཆེན་སྐྱེས་བུའི་ཐུགས་རྒྱུད་ཡོངས་བསྐུལ་བས། །

རེ་ཞིག་ཞི་ལ་གཞོལ་བ་ལས་སད་དེ། །

དྲག་པོའི་ལས་སྦྱོར་བརྩམ་པའི་བྱ་བར་ཞུགས། །

 

བདེ་ཆེན་ནོར་བུའི་མཛོད་སྒོ་འབྱེད་པའི་ལྡེ་མིག་འཛིན་པར་སྔོན་ལས་ཀྱིས། ། 

ཡོངས་བསྐོས་མཚན་ལྡན་མགར་གྱི་དགའ་མ་གྲོགས་སུ་བཀུག་པའི་ཐབས་སྦྱོར་གྱིས། །

སྡིག་ཅན་དགྲ་བོའི་ང་རྒྱལ་གཉའ་བར་སྙིང་རྗེའི་སྒ་ཆེན་སྟོད་དང་ལྷན། །

ཤེས་རབ་རལ་གྲི་མགོ་བོ་བྲེགས་ཏེ་གྱ་ནོམ་དངོས་པོ་སླར་ལ་བླངས། །

 

འཛམ་གླིང་སྐྱེ་རྒུ་བདེ་ལ་འགོད་སླད་དུ། །

དཀར་ཕྱོགས་ལྷ་ཡིས་མངག་པའི་ཁྱེའུ་ཆུང་། །

འཇང་ཡུལ་རྗེ་བོའི་རིགས་སུ་སྐྱེས་པ་ཉིད། །

ཤན་དམར་འཕྲུལ་གྱིས་གླིང་དཀར་གྲལ་དུ་བཀུག །

 

ཟླ་བ་དཀར་པོ་བཞུས་པའི་ཁུ་བ་གཏན་དུ་འཁྱིལ་བའི་མཛེས་སྡུག་དང་། །

ཀུན་ནས་རབ་མཚུངས་ལན་ཚྭའི་ཆུ་གཏེར་བདག་གིར་བཟུང་བའི་རྩོད་པ་ཡིས། །

 བསྐུལ་ཏེ་ས་དམ་རྗེ་བོའི་ལྟོ་བར་གསེར་མིག་ཉ་མོའི་གཟུགས་སྤྲུལ་ནས། །

  བཟོད་དཀའི་ཚིག་གིས་ཡང་ཡང་སྦྲན་ཏེ་རང་སྲོག་གཅོད་པའི་ཕྲིན་ལས་མཛད། །

 

རྣམ་པར་དཀར་བའི་ཐུགས་བསྐྱེད་ཤེ་མོང་གིས། །

དེར་འཁོད་སྐྱེ་བོ་མི་སྲུན་བདུད་ཀྱི་སྡེ། །

ལེགས་ལམ་དགེ་བཅུའི་ཁྲིམས་ལས་མི་འགོང་བའི། །

བཀའ་རྟགས་ཕྱག་རྒྱའི་ཟིལ་འོག་དམ་པོར་བཅུག །

     

མཚོན་གྱིས་མི་ཕིག་ལིང་དྲུག་དར་གོས་སྔོན་དུས་བཙན་གྱིས་ནན་འཕྲོག་པ། །

 ཞེ་ལ་བརྣག་པའི་འཁོན་གྱིས་རབ་རྦད་གྲངས་མེད་ལྷ་དམག་དཀར་པོའི་དཔུང་། །

 བཟོད་པར་དཀའ་བའི་གཟི་བྱིན་དང་ལྡན་མོན་ཡུལ་ས་གཞིར་བབས་པའི་མོད།  །

གཡོ་དང་ང་རྒྱལ་དྲེགས་པས་ཁེངས་ལྡན་ཤིང་ཁྲི་རྒྱལ་བློན་སྙིང་ཁམས་འདར། །

 

ཆང་གིས་མྱོས་པའི་གླང་ཆེན་དང་མཚུངས་པའི། །

ཕྱིར་མི་ལྡོག་པའི་སེང་ཆེན་དཔུང་དམག་གིས། །

ཕ་རོལ་བདུད་སྡེ་ཉི་མས་བ་མོ་བཞིན། །

མིང་མེད་བརླག་ལ་ཉེ་བའི་དུས་ཀྱི་ཆར། །

 

གཞན་འཕྲུལ་རྫས་ལ་ལོངས་སུ་ཉེར་སྤྱོད་པའི། །

མདའ་ལྔའི་བདག་པོས་བྲན་པའི་རྨུ་ཀས་ཉིད། །

ཉག་ཕྲན་རྣོན་པོས་བཅད་དང་ཆབས་གཅིག་ཏུ། །

མོན་རྗེའི་ཟག་ཕུང་ཞུགས་ཀྱི་ཟས་སུ་བྱས། །

      

དེ་སྐད་ལོ་རྒྱུས་པདྨའི་དགའ་ཚལ་ཟབ་ཅིང་ཡངས་པའི་དོ་ར་ལས། །

མཛད་པའི་ཆ་ཤས་ཨུཏྤལ་དམར་པོ་སྙན་ཚིག་སྲད་བུར་ལེགས་རྒྱུས་ཕྲེང་། །

དཔྱོད་ལྡན་གཞོན་ནུའི་མགུལ་གྱི་བརྒྱན་དུ་རབ་དགའི་ཡིད་ཀྱིས་ཕུལ་བའི་སྐྱེས། ། 

གླིང་ལྔ་མཚོ་བཞིའི་སྐྱེ་བོ་ཀུན་ལ་ཀུན་དགའི་དཔལ་སྟེར་ལྟད་མོར་ཤོག །

  

འཛམ་གླིང་རྒྱལ་ཁབ་གཞན་དུ་སྐྱེས་པའི་མིས། །

འགྲན་པར་དཀའ་བའི་གངས་ལྡན་བོད་ཀྱི་བུ། །

སྐུ་རྗེ་སེང་ཆེན་དཔའ་བོའི་རྣམ་ཐར་ནི། །

མཁའ་དང་རྒྱ་མཚོ་ཇི་བཞིན་ཟབ་ཅིང་ཡངས། །

 

སྒྲོ་བཏགས་མ་ཡིན་མངོན་སུམ་ཚད་མས་གྲུབ། །

མི་མིན་མ་ཡིན་མདོ་ཁམས་གླིང་གི་རྒྱུད། །

ཡ་མཚན་སུབ་ཐབས་མེད་པའི་ལོ་རྒྱུས་རིས། །

གངས་ཅན་བོད་མིའི་ཡིད་ལ་སྔར་ནས་བཀྲ། །

 

བསིལ་ལྗོངས་མདོ་སྨད་སྐྱེས་པའི་དཔའ་བོ་འདིའི། །

སྙན་གྲགས་བ་བན་དཀར་པོའི་ལང་ཚོ་ཉིད། །

ཆོས་ལྡན་བོད་མིའི་རྒྱན་དུ་འཆང་བ་དེས། །

འཛམ་གླིང་རྒྱལ་ཁབ་གཞན་གྱི་ཡིད་དབང་འཕྲོག །

 

ངོ་མཚར་དོན་བཟང་གླིང་དཀར་རྗེ་བོའི་གཏམ། །

དཔྱོད་ལྡན་མཁས་པའི་སྙན་ངག་སྲོག་གྱུར་ཏེ། །

གངས་ཅན་དཔའ་བོའི་ལོ་རྒྱུས་གཟི་འོད་ཀྱིས། །

ཡངས་པའི་ས་ཆེན་ཁྱབ་པའི་བཀྲ་ཤིས་ཤོག །

     

དཔའ་བོ་གླིང་ལ་གུས་པའི་དཔྱོད་ལྡན་པ་ཨོ་རྒྱན་རིག་འཛིན་ནས་དབང་ཆེན་སྤྲེལ་ལོའི་རྒྱལ་ཟླའི་ཡར་ཛཚེས་བཅོ་ལྔ་གླིང་རྗེ་སེང་ཆེན་སྐྱེས་བུའི་འཁྲུངས་སྐར་བསུ་བའི་དགའ་སྟོན་དུ་ཕུལ་བ་གངས་ལྡན་བོད་ཀྱི་སྐྱེ་རྒུ་ཀུན་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་རྒྱུར་ཅིག ཛ་ཡནྟུ།།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།