གྲུབ་དབང་ལུང་རྟོགས་རྒྱལ་མཚན་ལ་བསྟོད་པའི་ཚིགས་སུ་བཅད་པ་རྡོ་རྗེ་དབྱངས་ཀྱི་གླུ་ཞེས་བྱ་བ།

WechatIMG839.jpeg


ན་མོ་བཛྲ་གུ་རུ་ཡ།

གདོད་ནས་རྣམ་དག་མཁའ་ལྟར་རབ་ཞི་ཆོས་དབྱིངས་སྐྱེ་བ་མེད་པའི་ཁམས།།

འོད་གསལ་ལྷུན་གྲུབ་ཡེ་ཤེས་སྣང་བ་མ་འགག་རོལ་བའི་རྩལ་རྫོགས་པ།།

རིག་སྟོང་ཟུང་འཇུག་ངེས་དོན་བླ་མ་སྐུ་གསུམ་འདུས་པའི་བདག་ཉིད་ལ།།

གཉིས་མེད་མཉམ་པར་ཆེན་པོར་ཤེས་པས་དགོངས་པ་བརྡ་ཡི་ཕྱག་གིས་འདུད།།

ཆེ་བ་དྲུག་ལྡན་གསང་ཆེན་བསྟན་པ་ཡན་ལག་བརྒྱད་ལྡན་ཆོས་ཀྱི་མཚོར།།

གྲུབ་བརྙེས་ནོར་བུའི་གདེང་ཀ་འཛིན་པའི་ཀླུ་དབང་མཆོག་གི་བརྟུལ་ཞུགས་ཅན།།

ལུང་རྟོགས་བསྟན་པའི་རྒྱལ་མཚན་འདེགས་ལ་ཀུན་ཏུ་མི་ངལ་དཔའ་ཆེན་ཞིག།

མ་ལུས་འགྲོ་བའི་འདྲེན་པར་ཆས་དེར་རྗེས་སུ་དྲན་པས་བསྟོད་པར་བགྱི།།

གང་ཐུགས་ངེས་འབྱུང་བློ་ཡི་ཞིང་སར་སྨོན་འཇུག་སེམས་ཀྱི་མྱུ་གུ་འཁྲུངས།།

ཕྱིན་དྲུག་སྤྱོད་པའི་ཁོ་ལག་རབ་རྫོགས་གཟུངས་དང་ཏིང་འཛིན་མེ་ཏོག་བཀྲ།།

དཔག་ཡས་ཡོན་ཏན་རྒྱ་མཚོའི་མཛོད་འཆང་ཕན་བདེ་མི་ཟད་གཏེར་གྱུར་པ།།

ཡང་དག་བཤེས་གཉེན་དཔག་བསམ་ལྗོན་དབང་འཇིག་རྟེན་མཛེས་པའི་རྒྱན་དུ་བལྟམས།།

ཁ་བའི་ལྗོངས་ཀྱི་རྒྱལ་བསྟན་སྣང་བྱེད་ཀུན་གསལ་འོད་ཀྱི་དཀྱིལ་འཁོར་ཆེ། ། 

དུས་ཀྱི་མུན་པས་མོག་པོར་བྱས་ཤིང་འགྲོ་རྣམས་རྨོངས་པར་འཕྱན་གྱུར་ཚེ།།

རྒྱུ་འབྲས་བླང་དོར་འདི་ཕྱིའི་ལམ་སྟོན་ཐུགས་བསྐྱེད་སྨོན་པའི་མཐུ་གྲུབ་པ།།

འགྲོ་བའི་མགོན་པོར་བསམ་བཞིན་བྱོན་ལ་བདག་ཡིད་དགའ་བས་རབ་ཏུ་འདུད།།

གང་དེའི་སྐུ་གསུང་ཐུགས་གསང་ཟབ་མོ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྐུར།།

ཡོངས་སུ་བཞེངས་པ་དག་པའི་གཟིགས་པ་ཚུར་མཐོང་བློ་ལས་རབ་འགོངས་པ།།

ས་ཆེན་འཕགས་པའི་སྲིད་ཞི་མཉམ་ཉིད་ཞིང་ཀུན་དག་པའི་སྦྱོར་བ་སྟེ།།

སྣང་སྲིད་གཞིར་བཞེངས་བསྐྱེད་པའི་རིམ་པ་རྣལ་འབྱོར་ཆེན་པོའི་ལམ་རྟགས་རྫོགས།།

གང་ལ་མ་དག་སྣང་ཞེན་མི་མངའ་འོད་གསལ་སྣང་བ་འབྱམས་སུ་ཀླས།།

སྲིད་དང་ཞི་བའི་མཚན་མ་ཀུན་བྲལ་ཆོས་ཉིད་མཉམ་པ་ཆེན་པོར་རྟོགས།།

དག་མཉམ་དབྱེར་མེད་མ་ཧཱའི་རྣལ་འབྱོར་བསྐྱེད་པའི་རིམ་པ་མཐར་ཕྱིན་པ།།

ལྷུན་གྱིས་གྲུབ་པའི་རིག་འཛིན་སར་གཤེགས་ཁྱབ་བདག་རྡོ་རྗེ་འཆང་དབང་ཉིད།།

སྡུག་བསྔལ་མང་ལྡན་ཕུང་ཁམས་སྐྱེ་མཆེད་ཟག་བཅས་སྙིགས་མ་རག་པའི་ལུས།།

བདེ་སྟོང་གསང་བའི་མན་ངག་ཟབ་མོས་དྭངས་མར་སྦྱང་བའི་རྡོ་རྗེའི་ལུས།།

སྐུ་དང་ཡེ་ཤེས་ཐིག་ལེར་འཆར་བ་ལུང་ཆེན་ཨ་ནུའི་རྫོགས་རིམ་ལམ།།

རྩལ་ཆེན་རྫོགས་པའི་ས་ལ་གཤེགས་པ་རྣལ་འབྱོར་ཆེན་པོའི་རིག་འཛིན་ཉིད།།

གདོད་ནས་རྣམ་དག་ཀུན་ཁྱབ་རིག་པ་སེམས་ཉིད་སྟོང་གསལ་འདུས་མ་བྱས།།

མངོན་སུམ་ཅེར་མཐོང་ཡིད་དཔྱོད་ལས་འདས་ཐེག་རྩེ་ཨ་ཏིའི་གསང་ལམ་ནས།།

སྣང་བཞི་མཐར་ཕྱིན་ཆོས་ཟད་བློ་འདས་ཀ་དག་གདོད་མའི་སར་གཤེགས་པ།།

བྱར་མེད་ཀློང་ཡངས་ནམ་མཁའི་རྣལ་འབྱོར་རྫོགས་པ་ཆེན་པོའི་སྟོན་པ་ཉིད།།

མཆོག་གི་དགོངས་པ་གཉིས་མེད་མཉམ་པ་ཡེ་ཤེས་ཆེན་པོར་བྱང་ཆུབ་ཀྱང་།།

སྣ་ཚོགས་འགྲོ་བའི་མོས་ཁམས་ཇི་བཞིན་མཆོག་དང་མཆོག་མིན་བར་མ་ལ།།

དྲང་ངེས་གསུང་དང་ཐབས་མཁས་སྤྱོད་པས་དད་དང་ངེས་འབྱུང་དགེ་བའི་བློར།།

བཞུགས་པའི་རྣམ་ཐར་མཛད་པ་སྣ་ཚོགས་ཚུར་མཐོང་བློ་ཡིས་དཔོག་མཐའ་བྲལ།།

དེ་ལྟའི་གསང་བ་ཟབ་མོའི་མངོན་རྟོགས་ཚུལ། །

ཅུང་ཟད་བརྗོད་པའི་ལེགས་བྱས་བསོད་ནམས་ཆ། །

མཆིས་པ་གང་དེས་རྒྱལ་རྣམས་དགྱེས་བསྐྱེད་ཅིང་། །

མ་ལུས་འགྲོ་ཀུན་དགའ་བདེའི་དཔལ་ཐོབ་ཤོག། །།

 

གྲུབ་པའི་དབང་ཕྱུག་ལུང་རྟོགས་རྒྱལ་མཚན་ལ་རྗེས་དྲན་བསྟོད་པའི་ཚིགས་སུ་བཅད་པ་ཡ་ཆེན་ཆོས་སྒར་གྱི་མཁན་སྤྲུལ་ལྷན་རྒྱས་ནས་བསྐུལ་དོན་བཞིན། རྗེ་གང་གི་ཞལ་སྔ་ནས་རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་གྱི་རྒྱས་ཁྲིད་ཐོས་པ་གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས་ཐུན་བར་དུ་ཤར་མར་བྲིས་ནས་ཕུལ་བ་དགེ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།