གཞོན་ནུ་བུམ་སྐུའི་དགོངས་གླུ། རྫོགས་ཆེན་པ་ཨ་བུ་ལྷ་སྒང་།

1712720361355047.jpeg

ཨེ་མ་ཧོ། །ཀ་དག་གཞོན་ནུ་བུམ་སྐུ་གདོད་མ་ཡི་གཞི་ཀློང་། །

ལྷུན་གྲུབ་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་སངས་རྒྱས། །

གང་འདུལ་སྤྲུལ་པའི་རྣམ་རོལ་མཁའ་ཁྱབ་ཏུ་སྤྲོ་བའི། །

སྐུ་གསུམ་ལྷུན་གྲུབ་དྲི་མེད་འོད་ཟེར་དེ་མཁྱེན་ནོ། །


གང་གི་ཡེ་ཤེས་ཆོས་སྐུས་ལན་གསུམ་དུ་རྗེས་བཟུང་། །

རིག་འཛིན་རྩལ་འཆང་སྣང་བཞི་ཟད་ས་རུ་སྐྱོལ་བ། །

རིག་འཛིན་རྒྱ་མཚོས་གཙུག་གི་ནོར་བུ་ལྟར་གུས་པའི། །

རིགས་བརྒྱའི་ཁྱབ་བདག་འཇིགས་མེད་གླིང་པ་དེ་མཁྱེན་ནོ། །


ཡབ་སྲས་བརྒྱུད་པ་གསེར་རིའི་ཕྲེང་བ་ལྟར་མཛེས་ཤིང་། །

ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཏུ་བཞུགས་པ། །

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ནུབ་མེད་དུ་སྒྲེང་བའི། །

མཁས་གྲུབ་ཟུང་འབྲེལ་ཇི་སྙེད་བྱོན་པ་ཀུན་མཁྱེན་ནོ། །


མཁྱེན་བརྩེའི་འོད་སྟོང་ཆོས་དབྱིངས་ལྷ་ལམ་ངོས་འཆར་ཞིང་། །

སྐལ་བཟང་གདུལ་བྱའི་པད་ཚལ་ཕྱོགས་མེད་དུ་རྒྱས་མཛད། །

ཐབས་མཁས་ཐུགས་རྗེས་རང་སེམས་ཆོས་སྐུ་རུ་སྟོན་པའི། །

བཀའ་དྲིན་འཁོར་མེད་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །


ངེས་འབྱུང་ཚུལ་ཁྲིམས་རྣམ་དག་སོ་ཐར་གྱི་བསླབ་སྡོམ། །

ཕན་སེམས་སྙིང་རྗེས་དྲངས་བ་བྱང་སེམས་ཀྱི་ལྟ་སྒོམ། །

དག་མཉམ་རྡོ་རྗེ་གསུམ་ལྡན་གསང་སྔགས་ཀྱི་འཕགས་ཆོས། །

སུམ་ལྡན་རྡོ་རྗེ་འཛིན་འདུས་རིག་འཛིན་གྱི་ཚོགས་གྲལ། །


ལས་སྨོན་རྟེན་འབྲེལ་ངོ་མཚར་རྨད་བྱུང་གི་སྒོ་ནས། །

ཚེ་གཅིག་སངས་རྒྱས་མྱུར་ལམ་བླ་མེད་ཀྱི་རྒྱུད་སྡེ། །

ནང་རྒྱུད་ཡོ་ག་གསུམ་གྱི་ལྟ་སྒོམ་གྱི་ཟབ་ཁྱད། །

སྙན་ཚིག་མགྲིན་པའི་གླུ་དབྱངས་གཞོན་པ་ངས་སྒྲོག་གོ། །


གཞི་རྒྱུད་ལྷུན་གྲུབ་ལྷག་པའི་བདེན་གཉིས་ཀྱི་དཀྱིལ་འཁོར། །

བསྙེན་སྒྲུབ་ལན་ལག་རྣམ་བཞིས་སྒོམ་སྒྲུབ་ཀྱི་གཞུང་སྲིང་། །

སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུ་རུ་གསལ་ནས། །

མ་ཧཱའི་ལམ་འབྲས་རིག་འཛིན་བཞི་ལྡན་གྱིས་བགྲོད་འཚལ། །


ལས་རླུང་ཉི་ཁྲི་ཆིག་སྟོང་གཡོ་མེད་དུ་བཅིངས་ནས། །

འབར་འཛག་གཏུམ་མོས་བདེ་སྟོང་ཡེ་ཤེས་ཀྱི་རྩལ་སྦྱངས། །

རྩ་རླུང་ཐིག་ལེ་ལྷུན་གྲུབ་སྐུ་གསུམ་དུ་སྨིན་ཕྱིར། །

རྫོགས་རིམ་ཨ་ནུའི་སྒོམ་སྒྲུབ་མཐར་ཕྱིན་ཞིག་དགོས་ངེས། །

        WechatIMG2312.jpg

ཐེག་དགུའི་རྩེ་རྒྱལ་ཨ་ཏི་རྫོགས་ཆེན་གྱི་ལྟ་སྒོམ། །

སྣང་སྲིད་འཁོར་འདས་རིག་སྟོང་རྗེན་པ་རུ་བཀྲལ་ནས། །

མ་བཅོས་རང་བབ་བཅོས་བཞག་བཞི་ལྡན་གྱི་སྒོམ་པས། །

སྣང་སེམས་རང་གྲོལ་ཀ་དག་ཁྲེགས་ཆོད་ལ་འབད་འཚལ། །


མི་གཡོ་སུམ་ལྡན་ལྟ་སྒོམ་གནད་སྨིན་གྱི་མན་ངག །

ཐ་མལ་འཁྲུལ་སྣང་ལྔ་ལྡན་འོད་གསལ་དུ་ངོ་སྤྲད། །

སྒྲོན་མ་རྣམ་བཞིས་སྣང་བཞི་ཟད་ས་རུ་སྐྱོལ་བའི། །

སྐུ་གསུམ་ལམ་བྱེད་ལྷུན་གྲུབ་ཐོད་རྒལ་གང་རྨད་བྱུང་། །


འདིར་འདུས་སྐལ་ལྡན་དམ་གཙང་རྡོ་རྗེ་ཡི་མཆེད་རྣམས། །

གཅིག་པུར་སྲན་ཚུགས་སྙིང་རུས་སྒོམ་སྒྲུབ་ལ་གཞོལ་ནས། །

ཐེག་རྩེའི་མྱུར་ལམ་འོད་གསལ་གཤོག་ཡངས་ཤིག་བརྐྱངས་ནས། །

ཀུན་བཟང་དགོངས་གྲལ་འཇའ་ལུས་ཆོས་སྐུ་རུ་གཤེགས་འཚལ། །


ཞེས་པའང་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱི་བཀའ་གནང་བཟློག་མི་རུང་སྙམས་ནས་རྨོངས་རྟུལ་པདྨ་ཐེག་མཆོག་བློ་ལྡན་དུ་འབོད་པས་སུག་བྲིས་བགྱིས་པའོ། །  དགེའོ།།  དགེའོ།། དགེའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།