ཀྲུང་གོའི་ལོ་ན་རྒན་པའི་མི་ཚོགས་ཀྱི་བདེ་ཐང་ཕྱོགས་སྟོན།


timg-10.jpeg 

༡ ལག་པ་ཧུར་ཐག་བཀྲུ་བ་དང་རྒྱུན་དུ་གཟུགས་པོ་འཁྲུད་དགོས། 

ལག་པ་ནི་ནད་རིགས་འགོས་ཁྱབ་འགྲོ་བའི་བརྒྱུད་རིམ་ནང་གི་མཚམས་སྦྱོར་བ་ལྟ་བུ་ཡིན། དེ་ཕྱིར་དངུལ་ལ་ལག་པ་འཆང་བ་དང་། བཙོག་གཅིན་བཏང་བའི་སྔ་རྗེས། གད་ཕྱིས་གཙང་སྦྲ་བྱས་རྗེས། སྨན་ཁང་དུ་ཕྱིན་རྗེས། ཕྱི་ལོག་ནས་ལོག་ཡོང་རྗེས། ཟས་མ་ཟོས་གོང་བཅས་ཀྱི་གནས་ཚུལ་འོག ཚང་མས་ངེས་པར་དུ་ལག་པ་ཡང་དག་པར་འཁྲུད་དགོས་ལ་རྒྱུག་ཆུ་ཡིས་འཁྲུད་དགོས། ལོ་ན་རྒན་པས་རྒྱུན་དུ་གཟུགས་པོ་འཁྲུད་པ་དང་ཆུ་ཡི་དྲོད་ཚད་༣༨གཡས་གཡོན་འཚམ་ཤོས་ཡིན།  ཨ་ཅོབ་དང་སོ་འཁྲུད་ཡོ་བྱད་སོགས་མི་གཞན་དང་མཉམ་དུ་བེད་སྤྱོད་གཏོང་མི་རུང་། 

༢ སྔ་དགོངས་སོ་འཁྲུད་པ་དང་ཟས་ཟོས་རྗེས་ཁ་ཆུ་བཤལ་བཏང་བ། 

ཉིན་ལྟར་སོ་འཁྲུད་པ་རྒྱུན་འཁྱོངས་བྱ་དགོས་ལ། དགོང་མོ་ཉལ་ཁ་སོ་འཁྲུད་རྒྱུ་དང་ཟས་ཟོས་རྗེས་ཁ་ཆུ་བཤལ་གཏོང་བར་དོ་སྣང་ཤུགས་ཆེན་བྱ་དགོས། གལ་སྲིད་སོ་རྫུན་མ་ཡོད་ན་ཉིན་ལྟར་མར་བཏོན་ནས་གཙང་མར་བཀྲུས་ནས་ཆུའི་ནང་སྦངས་དགོས། ཡག་ཤོས་བྱུང་ན་ཟླ་བ་གསུམ་རེའི་ནང་སོ་འཁྲུད་ཐེངས་རེ་བརྗེ་དགོས། 

༣ རྒྱུན་དུ་སྒོ་དང་སྒེའུ་ཁུང་ཕྱེ་ལ། མཁའ་རླུང་འཁོར་རྒྱུག་ལེགས་པ། གནམ་གཤིས་ཤིན་ཏུ་མི་ལེགས་པ་མ་རྟོགས། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འཁོར་རྒྱུག་ལེགས་པ་དང་ནང་ལོག་གི་མཁའ་རླུང་གཙང་མར་ཡོང་བ་བྱ་དགོས། ཡག་ཤོས་བྱུང་ན་ཉིན་ལྟར་ཞོགས་པ་ཉིན་གུང་དགོངས་མོ་བཅས་སུ་སྒེའུ་ཁུང་ཐེངས་རེ་ཕྱེ་དགོས། ཐེངས་རེ་སྐར་མ་༡༥ནས་༢༠བར། ཟ་མ་བཟོ་དུས་སུ་ཡང་སྒེའུ་ཁུང་ཕྱེ་བ་དང་སྣུམ་འཐེན་འཕྲུལ་ཆས་ཁ་ཕྱེ་དགོས། 

༤ ལས་སྒྲུབ་ངལ་གསོ་སྦྲགས་ནས། ལས་སྒྲུབ་ངལ་གསོ་ཆོས་ཉིད་ལྡན་དགོས། འཚོ་བའི་ལས་སྒྲུབ་དང་ངལ་གསོ་དུས་ཚོད་ལེགས་པོ་ཞིག་ཆགས་པར་བྱ་བ་དང་། ལས་སྒྲུབ་ངལ་གསོ་སྦྲགས་མ་གྲིམ་ལྷོད་ཚད་རན་པོ་དགོས། ཉལ་ལངས་དང་འགྲོ་འདུག་ཆོས་ཉིད་ལྡན་པ་དང་། ཉིན་གཅིག་གཉིད་ཉལ་ཚད་ཆུ་ཚོད་༦ཡན་དང་། ཡག་ཤོས་བྱུང་ན་ཉིན་གུང་ལའང་ངལ་གསོ་བྱ་དགོས། 

༥ རང་འགུལ་གྱིས་ཆུ་བཏུང་བ། 

རང་འགུལ་གྱིས་ཆུ་བཏུང་དགོས་སྟེ། ཁ་སྐོམ་དུས་གཞི་ནས་ཆུ་བཏུང་བ་མ་ཡིན་པ། ཆུ་བུངས་ཉུང་ལ་ཐེངས་མང་བཏུང་བ་ལེགས། སྤྱིར་མི་གཅིག་གིས་ཉིན་གཅིག་ལ་ཆུ་ཕོར་པ་༦~༨བར(ཕོར་པ་རེ་ལ་ཆུ་ཧའོ་ཧྲེང་༢༠༠དགོས།)བཏུང་དགོས་ལ། ལུས་རྩལ་རྗེས་དང་ངལ་བས་དུབ་རྗེས་ཆུ་མང་ཙམ་བཏུང་དགོས། 

༦ ཉིན་ལྟར་ཉི་མ་སྲོ་བ་རྒྱུན་འཁྱོངས། 

ཉིན་རེར་ཉི་མ་ཆུ་ཚོད་སྐར་མ་༡༥-༢༠བར་སྲོ་དགོས། ཡིན་ཡང་ཉི་མ་ཤུགས་ཆེ་དྲགས་པ་དང་ཉི་དུག་ཕོག་པར་དོགས་ཟོན་བྱ་དགོས། ཉི་མ་ཤིན་ཏུ་ཚ་བའི་དུས་སུ་མིག་ཤེལ་རྒྱག་དགོས། ཤིང་སྡོང་གི་འོག་ཏུ་རྒྱུན་རིང་སྡད་པ་ཡིན་ན་ཉི་མ་སྲོ་བའི་ནུས་པ་ཐོན་ཐུབ། 

༧ གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་དུས་ཁ་སྣ་བཀག་ནས། ལུད་པ་གང་སར་མི་དབྱུག་པ། 

རྒྱུན་ལྡན་འཚོ་བའི་ནང་། ལུད་པ་གང་བྱུང་དུ་མི་དབྱུག་ལ། གློ་དང་ཧབ་སྦྲིད་རྒྱག་དུས་མིའི་མདུན་དུ་རྒྱག་མི་ཉན་པ་དང། གློ་དང་ཧབ་སྦྲིད་རྒྱག་དུས་ངེས་པར་དུ་ཤོག་བུ་དང་སྣབས་ཕྱིས། ཕུ་ཐུང་གིས་ཁ་སྣ་བཀག་དགོས། 

༨ ལྷོད་འཇགས་སྨན་དང་གཉིད་ཁུག་སྨན། 

ན་ཟུག་གཅོག་སྨན་སོགས་དབྱིང་ཚུད་སླ་བའི་སྨན་གང་བྱུང་བེད་སྤྱོད་མི་བྱེད་པ། 

ལྷོད་འཇགས་སྨན་དང་གཉིད་ཁུག་སྨན། ན་ཟུག་གཅོག་སྨན་སོགས་དབྱིང་ཚུད་སླ་བའི་སྨན་གྱི་རིགས་སྨན་པའི་མཛུབ་སྟོན་འོག་བེད་སྤྱད་པ་ལས། རྒྱུན་རིང་ངམ་ལུགས་མི་མཐུན་པས་བེད་སྤྱད་ན་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་ལ། ཉེན་ཁ་ཆེ་བ་དག་ཡིད་སེམས་དང་འདུ་ཤེས། སྤྱོད་ལམ་ལ་འགྱུར་ལྡོག་ཆེན་པོ་ཐེབས་ནས། སེམས་ཀྱི་ནད་དང་མི་ཡི་སྤྱོད་ལམ་གྱི་འགལ་རྐྱེན་བྱེད། 

༩ བཙོག་པ་རྒྱུན་བབས་ཐུབ་པ། 

བཙོག་གཅིན་དུས་ཐོག་བཏང་བའི་གོམས་གཤིས་ཆགས་པར་བྱས་ཏེ། ཚི་སྣའི་རྒྱུ་མང་བའི་ཟས་རིགས་བཟའ་བ་དང་། གཟུགས་པོ་འགུལ་བསྐྱོད་མང་ཙམ་བྱས་ཏེ་སྡད་དྲགས་པ་སྤང་། ཉིན་ལྟར་གྲོད་ཁོག་ཕྱོགས་སུ་འཕུར་མཉེ་དང་གཞང་གྱེན་འདེགས། གྲོད་ཁོག་བསྐུམ་པའི་ལུས་རྩལ་རྩེ་བ་དང་། ཞོགས་པར་ཡར་ལངས་དུས་ཆུ་ཁོལ་མ་དྲོ་འཇམ་ཕོར་པ་གང་བཏུང་དགོས། 

༡༠ གཟུགས་པོའི་ལྗིད་ཚད་ཚོད་འཛིན་བྱས་ཏེ་ཤ་རྒྱག་དྲགས་པ་སྔོན་འགོག་བྱ་དགོས།  

ཟས་སྤྱོད་དོ་སྙོམས་པོ་དང་གཟུགས་པོའི་ལྗིད་ཚད་ཚོད་འཛིན་གྱིས། རང་ཉིད་ཀྱི་གཟུགས་པོའི་ལྗིད་ཚད་ ༡༨.༥-༢༣.༩བར་གྱི་ཚུལ་མཐུན་གྱི་ཚད་ནང་ཚུད་ཚོད་འཛིན་དང་། ཚད་མཐོ་ཡི་རྒྱག་པ་(གཟུགས་པོའི་ལྗིད་ཚད་≥༢༤)། རྒྱག་པ་(གཟུགས་པོའི་ལྗིད་ཚད་≥༢༨)། ཤ་ཞན་དྲགས་པ་(གཟུགས་པོའི་ལྗིད་ཚད་<༡༨.༥)བཅས་ཚང་མས་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་གཏོང་སྲིད་པས་གཟུགས་པོའི་ལྗིད་ཚད་དོ་སྙོམས་པོ་ཡོང་བར་བྱ་དགོས། དཔེ་བྱང་ཆུང་ངུ་། གཟུགས་པོའི་ལྗིད་ཚད་བསྡུར་གྲངས་ནི་(BMl)=གཟུགས་པོའི་ལྗིད་ཚད་(千克)÷གཟུགས་པོའི་རིང་ཚད་(米)²ཡིན། 

༡༡ ཐ་མག་མི་འཐེན་ལ་ཆང་རག་ཉུང་ཙམ་བཏུང་ནས་ཆང་རག་དད་ཞེན་ཆེ་མི་ཉན། 

ཐ་མག་མི་འཐེན་པ། ཐ་མག་མི་ལ་མི་སྤྲད་པ། ཐ་མག་འཐེན་ཁུལ་དུ་མི་སྡད་པ་དང་། ཐ་མག་འཐེན་མཁན་ཡིན་ན་ག་ཚད་སྔ་བ་བཅད་ན་དེ་ཙམ་ལེགས་པ་ཡོད། ཆང་རག་ལ་ཚོད་འཛིན་བྱ་དགོས་སྟེ། ཡག་ཤོས་བྱུང་ན་ཨ་རག་དཀར་པོ་མི་བཏུང་ལ་མི་ལ་ཨ་རག་མི་སྟེར། སྐྱེས་པ་ཡིན་ན་ཉི་མ་རེ་ལ་ཨ་རག་ཉིང་ཁུ་ཁེའེ་༢༥དང་(སྤྱིར་བཏང་ཨ་རག་དཀར་པོ་སྲང་གང་དང་ཨ་རག་དམར་པོ་ཧའི་ཧྲེང་༢༠༠། སྦི་རག་ཧའོ་ཧྲེང་༧༥༠ཡི་ཚད་གཞི་ཡིན།)བུད་མེད་ཡིན་ན་ཁེའེ་༡༥ལས་བརྒལ་མི་རུང་། ། 

༡༢ བཟའ་བཅའ་གསར་ལ་གཙང་བ། 

བཟའ་བཅའ་རིགས་གསར་པ་དང་། ཤིང་ཏོག་དང་ཀུ་རིགས། སྔོ་ཚལ་རྗེན་པ་ཟས་ན་གཙང་མར་འཁྲུད་དགོས། ཟས་རིགས་ལྷག་མ་དང་ཞག་ཡོལ་བའི་རིགས་ཉུང་ཙམ་ཟ་དགོས་ལ། དུས་ཚོད་ཡོལ་བ་དང་རུལ་སྐྱོན་སོང་བའི་ཟས་ཟ་མི་ཉན། ། 

༡༣ ཟས་ཟ་བའི་དུས་ཚོད་གཏན་འཁེལ་དང་ཚད་གཞི་ཡོད་པ། རྔོམས་ཟ་རྔོམས་བཏུང་མིན་པ། 

ཉིན་གཅིག་གི་ལྟོ་དུས་གསུམ་གྱི་དུས་ཚོད་དང་ཟས་ཟ་ཚད་ལུགས་མཐུན་བཀོད་བསྒྲིགས་བྱ་དགོས། ཡང་ན་རང་ཉིད་ཀྱི་གཟུགས་པོ་དང་བསྟུན་ནས་བུངས་ཉུང་གྲངས་མང་ཟ་བ་དང་། ཟས་ཟ་སྐབས་ངེས་པར་དུ་སོ་ཞིབ་མོ་རྒྱག་ནས་མིད་ཁྱུར་དལ་བུས་བཏང་དགོས། ལྟོ་དུས་གསུམ་ཟས་སྣ་མང་ཙམ་བསྟེན་དགོས་ལ་ཟས་དཀར་དམར་སྡེབ་པ་དང་སྙི་ལ་བྲོ་བ་ཆེ་བ། འཇུ་བདེ་བ་བསྟེན་དགོས། ། 

༡༤ བཟའ་བཅའ་འབྲུ་རིགས་གཙོ་བོ་བྱས་ཏེ་ཧྲོབ་ཞིབ་བསྲེ་དགོས།  ཉིན་གཅིག་གི་ལྟོ་དུས་གསུམ་ནང་། འབྲས་དང་གྲོ་ཞིབ་སོགས་འབྲུ་རིགས་གཙོ་བོ་བྱས་ཏེ། འབྲུ་ཧྲོབ་ཞིབ་སྦྲགས་པ་དང་། འབྲུ་ཧྲོབ་ཞིབ་བསྲེ་ནས་ཉིན་གཅིག་ལ་འབྲུ་སྲང་༡-༢བར་ཟ་དགོས། ། 

༡༥ སྔོ་ཚལ་ཤིང་ཏོག་མང་ཙམ་ཟ་བ། 

ལྟོ་དུས་རེར་སྔོ་ཚལ་རིགས་ངེས་པར་དུ་ཡོད་དགོས་ལ། ཉི་མ་རེ་ལ་ཤིང་ཏོག་ཡང་ཟ་དགོས། ཡག་ཤོས་བྱུང་ན་ལྟོ་དུས་རེར་སྔོ་ཚལ་རིགས་གཉིས་ཡན་དང་། ཉིན་རེར་ཤིང་ཏོག་རིགས་༡-༢བར་ཟ་དགོས་ལ། རྒྱུན་དུ་རིགས་མི་འདྲ་བ་བརྗེ་ལན་བྱ་དགོས། ཉིན་གཅིག་ལ་སྔོ་ཚལ་རིགས་སྲང་༦-རྒྱ་མ་གང་བར་དགོས་ལ། ཚོས་གཞི་ཟབ་པའི་སྔོ་ཚལ་རིགས་སྔོ་ཚལ་རིགས་ཀྱི་ཕྱེད་ཆ་ཟིན་དགོས། ། 

དཔེ་བྱང་ཆུང་ངུ་། ཚོས་གཞི་ལྗང་ནག་དང་ལི་ཁྲི། མུ་མེན། དམར་པོ་བཅས་ཚོས་གཞི་ཟབ་པའི་སྔོན་ཚལ་རིགས་ཡིན། ། 

༡༦ ཤ་རིགས་དང་སྒོང་རིགས་ཚད་རན་པོས་བཟའ་བ།  ཉིན་གཅིག་ལ་ཤ་རིགས་སྲང་༡-༢བར་དང་ཚིལ་ཉུང་བའི་རིགས་འདེམས་དགོས། བསམ་འཆར་ལ་མི་གཅིག་གིས་ཉིན་གཅིག་ལ་ཆུ་གནས་སྲོག་ཆགས་ཀྱི་ཤ་སྲང་༡.༥-༢བར་དང་སྒོ་ང་རེ་བཟའ་དགོས། ཁྲག་ཞག་ཚད་མཐུན་མིན་པའི་མི་ཡིན་ན་ཉིན་གཅིག་ལ་སྒོ་ང་༣-༤བར་ཟ་དགོས། ། 

དཔེ་བྱང་ཆུང་ངུ་། གཅིན་སྐྱུར་མཐོ་དྲག་པ་ཡིན་ན་སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་གནས་སྲོག་ཆགས་ཀྱི་ཤ། ཤ་ཁུའི་རིགས། ཤ་མོའི་རིགས། སྲན་མའི་རིགས་ཟ་མི་ཉན། ། 

༡༧ རྒྱུན་དུ་འོ་རིགས་དང་སྲན་རིགས་བཟའ་དགོས་ལ་ཤིང་ཏོག་པགས་མཁྲེགས་རིགས་ཉུང་ཟད་བཟའ་དགོས། 

རྒྱུན་དུ་འོ་མའི་རིགས་བཏུང་དགོས། ཤ་ཤིན་ཏུ་རྒྱག་པ་དང་ཁྲག་ཞག་རྒྱུན་ལྡན་མིན་ན་ཞག་ཚི་ཉུང་བ་དང་ཞག་ཚི་མེད་པ་དང་། ཀ་རའི་ཆ་མེད་པའམ་ཉུང་བའི་འོ་སྤྲིས་རིགས་བསྟེན་ཆོག དེ་མིན་ཉིན་གཅིག་ལ་སྲན་མའི་རིགས་ཐེངས་རེ་ཟ་བ་དང་ཤིང་ཏོག་མཁྲེགས་པོ་ཉུང་ཙམ་ཟ་དགོས། ། 

༡༨ ཚྭ་དང་སྣུམ་ལ་ཚོད་འཛིན་བྱས་ཏེ་བཟའ་བཅའ་ཞག་ཚི་ཉུང་བ་རྒྱུན་འཁྱོངས་བྱ་དགོས། 

ཉིན་གཅིག་མི་གཅིག་ལ་ཟ་སྣུམ་སྲང་དོ་ལས་བརྒལ་མི་རུང་ལ། སྲོག་ཆགས་ཀྱི་སྣུམ་རིགས་ཉུང་བའམ་ཡང་ན་ཟ་མི་ཉན། རྩི་ཤིང་རིགས་ཀྱི་སྣུམ་རིགས་མང་ཙམ་འདེམས་དགོས་ལ་རྒྱུན་དུ་སྣུམ་རིགས་མི་འདྲ་བ་བརྗེ་ལན་བྱ་དགོས། མི་གཅིག་གིས་ཉིན་གཅིག་ལ་ཚྭ་ཁེའེ་༥ལས་མི་བརྒལ་བ་(སྤོད་སྣའི་རིགས་དང་གཞན་གྱི་བཟའ་བཅའ་ཚྭ་ལྡན།) དང་། ནད་པ་ཁ་ཤས་(དཔེར་ན་ཁྲག་ཤེད་མཐོ་བའི་ནད་པ་དང་མཁལ་ནད་ཅན། སྙིང་འཕྱོས་ཀྱི་ནད་པ།)ཉིན་རེར་ཚྭ་ཡི་ཟ་ཚད་ཚད་མཐུན་གྱིས་ཉུང་དུ་གཏོང་དགོས། ། 

༡༩ ཚད་མཐུན་གྱིས་འཚོ་བཅུད་ཁ་གསབ་དགོས། 

སྨན་པའི་མཛུབ་སྟོན་འོག འཚོ་བཅུད་ཀའེ། འཚོ་བཅུད་Dདང་ཐའེ་Aསོགས་ཁ་གསབ་བྱ་དགོས་ལ། གཟུགས་གཞི་སྐྱོ་བའི་རིགས་ཡིན་ཚེ་ངེས་པར་དུ་འཚོ་བཅུད་ཀྱི་རྒྱུ་ཁ་གསབ་རྒྱག་དགོས། ། 

༢༠ བདེ་སྲུང་ཟས་རིགས་ཡང་དག་པ་འདེམས་པ། 

བདེ་སྲུང་ཟས་རིགས་ནི་ཟ་རུང་བའི་མི་ཚོགས་ལ་བེད་སྤྱོད་པ་ལས། ནད་གཞི་གསོ་བཅོས་བྱ་བར་ཕན་མི་ཐོག་ལ་སྨན་རྫས་རིགས་ཀྱི་ཚབ་བྱེད་མི་ཐུབ། རང་ཉིད་གཟུགས་པོའི་དགོས་མཁོ་དང་བསྟུན་ནས་ལུགས་མཐུན་གྱིས་རྒྱལ་ཁབ་དོ་དམ་ཚན་པས་ཆོག་མཆན་སྤྲད་པ་དང་ཚད་ལྡན་བཟོ་གྲྭ་ནས་ཐོན་པའི་ཚད་ལྡན་ཐོན་བསྐྱེད་འདེམས་དགོས། ། 

༢༡ རང་ལུས་ལ་དཔག་པའི་ལུས་རྩལ་རྩེ་བ། 

རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་དང་དགའ་ཞེན་ལ་བསྟུན་ནས་ལུས་རྩལ་རྣམ་གྲངས་བདེ་འཇགས་ནུས་ལྡན་ཅན་འདེམས་དགོས་ཏེ། དཔེར་ན་གོམས་འགྲོས་དང་དལ་རྒྱུག ཆུ་བརྐྱལ་བ། དེ་མིན་གྱི་དྲག་རྩལ་ལུས་རྩལ་དང་ཞབས་བྲོ་སོགས་རྩེ་དགོས། ། 

༢༢ ལུས་རྩལ་རྩེ་ཚད་ཚད་རན་པོ་ཤེས་དགོས། 

གཟའ་འཁོར་གཅིག་ལ་ལུས་རྩལ་ཐེངས་༣-༥བར་དང་ཐེངས་རེར་སྐར་མ་༣༠ཡན། གཟའ་འཁོར་གཅིག་ལ་སྐར་མ་༡༥༠ལས་མི་ཉུང་མ་རྩེ་དགོས། ལུས་རྩལ་རྩེ་སྐབས་རྔུལ་ཅུང་ཟད་ཐོན་པ་དང་། དབུགས་ཧལ་བ་མིན་པ། ལུས་རྩལ་རྩེ་སྐབས་རྩ་ཡི་འཕར་གྲངས་༡༧༠ཡན་ནས་མི་བརྒལ་བ་(ཐེངས་/སྐར།)དང་། ལུས་རྩལ་གྱི་ཤུགས་ཆེ་ཆུང་ཚད་རན་པོ་བྱ་དགོས། ། 

༢༣ སེམས་ཁམས་དོ་སྙོམས་པོ་རྒྱུན་འཁྱོངས་བྱ་བ། 

སེམས་པ་སྐྱིད་པོ་མེད་དུས་ནང་མི་དང་གྲོགས་པོ་ལ་སེམས་གཏིང་གི་སྐྱིད་སྡུག་བཤད་དགོས། སེམས་པ་སྐྱིད་པོ་མེད་སྐབས། སྡུག་བསྔལ་སེམས་ནང་ཉར་ནས་མི་སྡོད་པར་ངུ་བྲོ་དུས་ངུ་དགོས། ཁོང་ཁྲོ་ལངས་དུས་དང་པོ་སེམས་ལྷོད་ལ་བབས་བཅུག་ནས་རྒྱུ་མཚན་འཚོལ་ཐོག མི་གཞན་གྱི་བསམ་འཆར་ཉན་ནས་རང་ཉིད་ལ་བསྒྱུར་བཀོད་བཏང་དགོས། །  

༢༤ མི་ཕན་ཚུན་འབྲེལ་བ་བཟང་པོ་འཛུགས་པ། 

རང་ཉིད་ཀྱི་ཁྱད་ཆོས་དང་དགའ་ཞེན་དང་བསྟུན་ནས་ཧུར་ཐག་གིས་སྤྱི་ཚོགས་ཀྱི་བྱེད་སྒོ་ལ་ཞུགས་ནས་གྲོགས་པོ་མང་དུ་བཏང་དགོས། ལས་རོགས་རྙིང་པ་དང་གྲོགས་པོ་རྙིང་པ་དག་དང་རྒྱུན་དུ་འབྲེལ་གཏུགས་བྱེད་པ་དང་། གྲོགས་པོ་གསར་པ་གང་མང་བཏང་དགོས་པ་མ་ཟད། སྒོ་དབྱེ་བ་དང་ཁེངས་སྐྱུང་དང་ཁོག་རྒྱ་ཆེ་བའི་སེམས་ཀྱིས་ཕན་ཚུན་འདྲ་མཉམ། 

ཡིད་ཆེས། གཉིས་ཕན་གྱི་འབྲེལ་བ་འཛུགས་དགོས། ། 

༢༥ འཆམ་མཐུན་གྱི་ཁྱིམ་ཚང་འཛུགས་པ། 

ཕན་ཚུན་གུས་བསྐུར་དང་བསམ་ཤེས་ལྡན་པའི་སེམས་པས་བཟའ་ཚོ་ཡི་འབྲེལ་བ་ཐག་གཅོད་བྱ་དགོས་པ་དང་། ཕན་ཚུན་བསམ་ཤེས་ལྡན་པ་དང་ཕན་ཚུན་རྒྱབ་སྐྱོར་ཀྱི་སེམས་པས་རང་ཉིད་ཀྱི་ཕྲུ་གུའི་བར་གྱི་འབྲེལ་བ་ཐག་གཅོད་བྱ་དགོས། ། 

༢༦ ཧུར་ཐག་གིས་སྡེ་ཁུལ་དང་འབྲེལ་འདྲིས་བྱ་བ། 

ཧུར་ཐག་གིས་སྡེ་ཁུལ་གྲོང་མི་དང་འབྲེལ་འདྲིས་བྱ་དགོས་ཏེ། ནུས་ཤུགས་གང་ཡོད་ཀྱིས་སྡེ་ཁུལ་དཔལ་ཡོན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་ལ་ཞབས་འདེགས་ཞུ་དགོས་ལ། ཧུར་ཐག་གིས་དང་བླངས་པའི་བྱེད་སྒོར་ཞུགས་ནས་བྱ་བ་བཟང་པོ་གང་གང་མང་སྒྲུབ་དགོས། རང་འགུལ་གྱིས་མི་གཞན་དང་གྲོང་པ་ཁྱིམ་མཚེས་ལ་ཐུགས་ཁུར་དང་རོགས་རམ་བྱ་དགོས་ལ། ལྷག་པར་དུ་སྡེ་ཁུལ་ནང་འཚོ་བར་དཀའ་ངལ་ཡོད་པ་དང་འགྲོ་བསྐྱོད་མི་བདེ་བའི་མི་ལ་རོགས་པ་གང་ཐུབ་བྱ་དགོས། ། 

༢༧ འགོ་སྐོར་ཐེབས་པར་དོགས་ཟོན་བྱ་དགོས། 

འདོད་རྔམ་ཅན་གྱི་སེམས་པ་འདུལ་ནས་མི་ཡི་མགོ་སྐོར་སླུ་བྲིད་ལ་དོགས་ཟོན་བྱ་དགོས། གནད་དོན་འཕྲད་སྐབས་ཅི་ཡི་ཕྱིར་ལྟ་བུའི་དྲི་བ་མང་ཙམ་འདོན་དགོས། གསལ་པོ་མེད་པའི་གནས་ཚུལ་འཕྲད་སྐབས་ཐོག་མར་ནང་མི་དང་ཉེར་འབྲེལ་སྤུན་གྲོགས་དང་གྲོས་བསྡུར་བྱ་དགོས་ལ། གཏན་འཁེལ་བྱེད་རྒྱུ་སྔ་དྲགས་པ་དང་མགྱོགས་དྲགས་མི་ཉན། རྒྱུན་དུ་སློབ་སྦྱོང་མང་ཙམ་བྱས་ནས་དེབ་དང་ཚགས་པར་མང་ཙམ་ཀློག་སྟེ། ཁྲིམས་ལུགས་ཀྱི་ཆ་འཕྲིན་ལ་ཐུགས་ཁུར་དང་མཐོང་རྒྱ་ཆེ་རུ་གཏོང་དགོས། ། 

༢༨ མིག་དང་རྣ་བ་ལ་སྲུང་སྐྱོབ་བྱ་བ། 

འོད་མདངས་ཆེ་ས་དང་སྨུག་ནག་ཡིན་པའི་གནས་སུ་བརྙན་འཕྲིན་དང་གློག་ཀླད། དེབ་དང་ཚགས་པར་སོགས་མི་བལྟ་ལ། གོང་དེ་དག་ལ་ལྟ་བའི་དུས་ཡུན་རིང་དྲགས་མི་ཉན་ཏེ་མིག་ངལ་བས་དུབ་པར་སྔོན་འགོག་བྱ་དགོས། དེབ་སོགས་བལྟ་བའི་སྐབས་གཟུགས་པོའི་ཚུགས་ཀ་ལ་དོ་སྣང་བྱ་དགོས་སྟེ། ཉལ་ནས་དེབ་སོགས་བལྟ་མི་རུང་། རྒྱུན་དུ་སྐད་ཅོ་ཆེ་བའི་གནས་སུ་བསྡད་པ་སྤང་སྟེ་རྣ་བའི་ནུས་པ་ལ་སྲུང་སྐྱོང་བྱ་དགོས། མིག་གིས་མི་མཐོང་བ་དང་རྣ་བས་སྒྲ་མི་ཐོས་པའི་གནས་ཚུལ་ཐོན་ན་མྱུར་དུ་སྨན་བཅོས་བྱ་བར་འགྲོ་དགོས། ། 

༢༩ སེམས་ལས་ལ་མཐོང་ཆེན་བྱས་ཏེ་ཤེས་ཡོན་སྦྱོང་བརྡར་ཤུགས་སྣོན་བྱ་དགོས། 

སེམས་ཀྱི་དྲན་ཤེས་ཀྱི་ནུས་པ་ལ་མཐོང་ཆེན་བྱ་དགོས་སྟེ། ཉིན་རེར་ཉན་པ་དང་བཤད་པ། ཀློག་པ། འབྲི་བ་སོགས་ཐབས་སྣ་ཚོགས་ཀྱིས་ཤེས་རྟོགས་ཀྱི་ནུས་པར་སྦྱོང་བརྡར་བྱས་ན། ལོ་ན་རྒས་པའི་གླན་ཁོབ་དང་ཤེས་རྟོགས་ཀྱི་འགལ་རྐྱེན་སོགས་སྔོན་འགོག་བྱ་ཐུབ། ། 

༣༠ འགྱེལ་བར་དོགས་ཟོན་བྱ་དགོས། 

ལུས་འགུལ་བསྐྱོད་བྱ་ཚེ་ཉེར་འགྲམ་གྱི་ཁོར་ཡུགས་དང་འགལ་རྐྱེན་དངོས་པ་ལ་དོ་སྣང་བྱ་དགོས་པ་དང་། འགུལ་བསྐྱོད་དལ་བུ་བྱ་དགོས། འོད་མདངས་ཆུང་ས་དང་ཤིན་ཏུ་འཇམ་པ་དང་དོ་མི་མཉམ་པའི་ས་ཆ་འགྱེལ་ཉེན་ཆེ་སར་འགྲོ་བ་དང་། ཐེམ་སྐས་སོགས་འཛེག་སྐབས་ངེས་པར་དུ་དོགས་གཟབ་བྱེད་དགོས། འགྲོ་ཞོར་དུ་ལག་ཐོག་ཁ་པར་དང་དེབ་ཚགས་པར་བལྟ་མི་ཉན། འགྲོ་བསྐྱོད་མི་བདེ་བའི་མི་ཡིན་ན། ཞོར་འདེགས་ཡོ་བྱད་འདེམས་ཆོག འགུལ་བསྐྱོད་བྱེད་སྐབས་གཟུགས་པོ་དང་རྐང་པ་དང་འཚམ་པའི་གོས་ལྷམ་གྱོན་པ་དང་ལྷམ་མཐིལ་འཇམ་འདྲེད་མིན་པ་གྱོན་དགོས། མིག་ཡག་པོ་མེད་ན་མིག་ཤེལ་འདོགས་དགོས། ། 

༣༡ རྩ་འཕར་ཚད་དང་ལུས་ཀྱི་དྲོད་ཚད། ཁྲག་ཤུགས་སོགས་རང་ཉིད་ཀྱིས་བརྟག་ཤེས་དགོས། 

འཕར་རྩ་དང་གཟུགས་པོའི་དྲོད་ཚད། ཁྲག་ཤུགས་བཅས་རང་ཉིད་ཀྱིས་བརྟག་ཤེས་དགོས་ལ། ནང་དུ་ཁྲག་ཤུགས་བརྟག་ཆས་གྲ་སྒྲིགས་བྱས་ཏེ། ཁྲག་ཤུགས་མཐོ་བ་ཡོད་ན་ཉིན་རེར་ཁྲག་ཤུགས་ཐེངས་གསུམ་བརྟག་དགོས།(ཞོགས་པ་དང་ཉིན་གུང་དགོངས་མོ་བཅས་སོ་སོར་ཐེངས་རེ།)གཅིན་སྙི་ཟ་ཁུའི་(གཅིན་པ་མངར་འགྱུར་ནད།)ནད་པ་ཡིན་ན་ཁྲག་གི་མངར་ཆ་བརྟག་ཆས་གྲ་སྒྲིགས་བྱ་དགོས་ལ་དུས་བསྟུན་བརྟག་དཔྱད་བྱ་དགོས། ཁྲག་གི་མངར་ཆ་གཏན་པོ་ཆགས་ཚེ་གཟའ་འཁོར་རེར་བརྟག་དཔྱད་ཐེངས་༡-༢བར་བྱ་ཆོག ཁྲག་ཤུགས་དང་ཁྲག་གི་མངར་ཆ་ཚད་ལྡན་ནང་ཚུད་ཚོད་འཛིན་ཐུབ་པར་བྱ་དགོས། ། 

༣༢ སྨན་བཅོས་བྱང་བུ་དང་མྱུར་སྐྱོབ་བྱང་བུ། མྱུར་སྐྱོབ་ཁུག་མ་སོགས་ལུས་དང་འབྲལ་མེད་བྱ་དགོས། 

སྨན་བཅོས་འགན་བཅོལ་བྱང་བུ་དང་མྱུར་སྐྱོབ་མཁོ་ཆས་སོགས་ལུས་དང་འབྲལ་མེད་ཁྱེར་དགོས་ལ། མྱུར་སྐྱོབ་བྱང་བུའི་ཐོག་མིང་དང་སྡོད་གནས། འབྲེལ་གཏུགས་མི་སྣ། འབྲེལ་གཏུགས་ཁ་པར་ཨང་གྲངས། གཏན་འཁེལ་སྨན་ཁང་། ནད་དེབ་ཨང་གྲངས། ཁྲག་རིགས། ངོས་འཛིན་བྱས་པའི་གཙོ་བོའི་ནད་དང་སྨན་། མྱུར་སྐྱོབ་མཁོ་ཆས་འཇོག་ཡུལ་བཅས་གསལ་པོ་འབྲི་དགོས། 

མྱུར་སྐྱོབ་མཁོ་ཆས་ནང་དུ་སྨན་ཨ་སི་ཕི་ལིན་དང་ཤའོ་སན་ཀན་ཡུའུ། སུའུ་ཤའོ་ཅུའུ་ཤིན་ཝན་སོགས་དགོས། གཅིན་སྙི་ཟ་ཁུའི་ནད་པ་ཡིན་ན་མངར་ཆ་ཅུང་ཟད་གྲ་སྒྲིགས་དགོས་ཏེ་མངར་ཆ་ཉུང་དྲག་པ་སྔོན་འགོག་བྱ་ཆེད་ཡིན། ། 

༣༣ ལོ་རེར་གཟུགས་གཞི་བདེ་ཐང་གི་བརྟག་དཔྱད་ཐེངས་རེ་བྱ་དགོས། 

ནད་རིགས་ཁ་ཤས་ལ་དང་ཐོག་ནད་རྟགས་གསལ་པོ་མེད་དེ། དཔེར་ན་མཐོ་དྲག་པའི་ནད་གསུམ་ཟེར་བ་(ཁྲག་ཤུགས་མཐོ་བ་དང་ཁྲག་གི་མངར་ཆ་མཐོ་བ། ཁྲག་ཞག་མཐོ་བ་གསུམ།)ནད་དེ་གསུམ་ལ་ཁུ་སིམ་ཤན་པ་རྣམ་གསུམ་ཟེར་ལ། གཟུགས་པོ་བརྟག་དཔྱད་བྱས་པས་ནད་གཞི་སྔོན་ནས་རྟོགས་པ་དང་སྔོན་ནས་ངོས་འཛིན་བྱེད་པ། སྔོན་ནས་སྨན་བཅོས་བྱེད་པ་སོགས་བྱ་ཐུབ། ལོ་ན་རྒས་པའི་མི་ཡིན་ན་ལོ་གཅིག་ལ་གཟུགས་གཞི་བརྟག་དཔྱད་ཐེངས་རེར་བྱ་དགོས་པ་མ་ཚད་ད་དུང་བརྟག་དཔྱད་འབྲས་བུ་ལ་རྗེས་འདེད་བྱས་ཏེ་འཚོ་བ་སྐྱེལ་ཚུལ་ལ་ལམ་སེང་འགྱུར་ལྡོག་བཏང་བ་དང་། ནུས་ལྡན་གྱིས་སྔོན་འགོག་བྱས་ཏེ། ནད་རིགས་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས། ། 

༣༤ གཟུགས་པོ་ནམ་རྒྱུན་དང་མི་འདྲ་བའི་འགྱུར་ལྡོག་ལ་དོགས་ཟོན་བྱ་དགོས། 

རང་ཉིད་ཀྱི་གཟུགས་པོ་གཤམ་གསལ་གྱི་འགྱུར་ལྡོག་དེ་དག་བྱུང་ན་ངེས་པར་དུ་དོགས་ཟོན་བྱ་དགོས། རྒྱུ་རྐྱེན་གསལ་པོ་མེད་པས་གློ་བུར་དུ་གཟུགས་པོའི་ལྗིད་ཚད་དམའ་རུ་འགྲོ་བ་དང་། དྲན་མེད་དུ་བོག་པ། གཟུགས་པོ་གཞོགས་གཅིག་སྦྲིད་པ། ཤུགས་མེད་པ། མ་ལག་བདེ་པོ་མེད་པ་འགྱུར་བ། གློ་རྒྱག་པ། ལུད་པའི་ནང་ཁྲག་འདྲེས་པ། སེམས་འཚབ་པ། བྲང་ཁོག་བསྡམ་པ། ཟས་ལ་ཡི་ག་མེད་པ། བཙོག་པ་རྒྱུན་ལྡན་དུ་མི་འབབས་པ། འདོད་ཆགས་ལ་འགྱུར་ལྡོག་འབྱུང་བ། བཙོག་པའི་ནང་ཁྲག་འདྲེས་པ། བཙོག་པ་ཞག་ཚི་ཅན། གཅིན་པའི་ནང་ཁྲག་འདྲེས་ཀྱང་ཟུགས་མེད་པ། སྐེ་དང་ནུ་མ་མཆན་ཁུངས་བརླ་རྐང་

སོགས་སུ་ཐོར་འབུར་རམ་སྐྲང་ལྡོག་སོགས་དོན་ན། མྱུར་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་ལས་སྣང་ཆུང་བྱ་མི་ཉན། ། 

༣༥ ན་ཚ་བྱུང་ན་ཚད་ལྡན་སྨན་བཅོས་དང་སྨན་པའི་མངགས་བྱ་ལྟར་བྱ་དགོས། 

ནད་རིགས་ནི་སྔོན་ནས་ངོས་འཛིན་དང་སྔོན་ནས་གསོ་བཅོས་བྱས་ན། གསོ་བཅོས་ཀྱི་འབྲས་བུ་བཟང་པོ་ཐོན་ལ་སྔོན་ནས་དྲགས་སྐྱེད་འབྱུང་སྲིད། ནད་ཕོག་རྗེས། ངེས་པར་དུ་ཚད་ལྡན་སྨན་ཁང་དུ་བརྟག་བཅོས་བྱེད་པར་འགྲོ་དགོས་ལ། སྨན་པའི་གསོ་བཅོས་ལ་གཞོགས་འདེགས་དང་སྨན་པའི་མངག་བྱ་ལྟར་གསོ་བཅོས་བྱ་དགོས། སྨན་རིན་གོང་ཁེ་པོ་དང་འཆལ་གཏམ་ལ་ཉན་ཏེ། སྨན་པ་ཐབས་རྡུགས་ལ་བསྟན་པ། རང་མཚམས་ཀྱིས་ཐག་མི་གཅོད་པ། རང་ཉིད་ཀྱིས་གང་བྱུང་སྨན་གཏོང་བ་དང་སྨན་བཅད་པ་མི་བྱ་བ་དང་། སྨན་པ་ལ་སྦས་གསང་བྱས་ཏེ་སྨན་བཅོས་སྣ་མང་བྱེད་པ་དང་། བཅོས་ཐབས་ཟུར་པ་དང་ཚོད་ལྟ། གསང་སྨན་བཏང་བ་སོགས་བྱ་མི་རུང་། ། 

༣༦ གློ་བུར་དུ་ན་ཚ་བྱུང་ན་མྱུར་སྐྱོབ་ཁ་པར་༡༢༠རྒྱག་དགོས།

གློ་བུར་དུ་ནད་གཞི་ལྕི་པོ་ཕོག་ནས་མྱུར་སྐྱོབ་བྱ་དགོས་ཚེ། མྱུར་དུ་120མྱུར་སྐྱོབ་ཁ་པར་གཏོང་སྟེ། ནད་པའི་མིང་དང་ཕོ་མོ། ལོ་གྲངས། འབྲེལ་གཏུགས་བྱ་ཐབས། ནད་ཀྱི་གནས་ཚུལ་དང་ས་གནས་གསལ་པོ་བཤད་དགོས་པ་མ་ཚད། ནད་ཀྱི་གནས་ཚུལ་དང་བསྟུན་ནས་དངོས་ཐོག་མྱུར་སྐྱོབ་བྱ་དགོས། (ནད་སྣ་ཁ་གསུམ་གྱི་དངོས་ཐོག་མྱུར་སྐྱོབ་བྱ་ཐབས་གཤམ་གྱི་དཔེ་བྱང་ཆུང་ངུ་ལ་གསལ།) 

དཔེ་བྱང་ཆུང་ངུ་། ༡. གཟའ་གྲིབ། ཐད་དྲང་དུ་ཉལ་བ་དང་མགོ་གཞོགས་གཅིག་ཏུ་ཕྱོགས་པ། དབུགས་འབྱིན་རྔུབ་བདེ་བ་བྱ་དགོས། ༢. སྙིང་གཟེར། ཚུགས་དྲང་པོ་སྡད་ནས་ལྕེ་འོག་ཏུ་ཤའོ་སན་ཀན་ཡུའུ་དང་ཅུའུ་ཤིན་ཝན་བཞག་པ། ༣. ཚ་གདུག་ཕོག་པ། བསིལ་བའི་གནས་སུ་སྤོ་བ་དང་དྲོད་བཅག་ཐབས་སྣ་ཚོགས་བྱ་དགོས། 

timg-5.jpeg


ཟུར་བཀོད། ཀྲུང་གོའི་ལོ་ན་རྒས་པའི་མི་ཡི་བདེ་ཐང་གི་ཚད་གཞི། 


ཀྲུང་ཧྭ་གསོ་རིགས་སློབ་ཚོགས་ལོ་ན་རྒན་པའི་ཡན་ལག་རུ་ཚོགས་ཀྱིས་གཏན་འབེབས་བྱས་པའི་རང་རྒྱལ་ལོ་ན་རྒན་པའི་བདེ་ཐང་གི་ཚད་གཞི་གཤམ་གསལ་ལྟར་སྟེ། 

༡ དོན་སྣོད་གཙོ་བོ་དག་ལ་ལོ་ན་རྒན་པའི་རྐྱེན་གྱིས་ནུས་པ་ཉམས་རྒུད་མ་གྱུར་པ་དང་ནད་ཚབ་ཆེན་པོ་མེད་པ། 

འབྲེལ་ཡོད་ཀྱི་ཉེན་ཁའི་རང་བཞིན་ལོ་ཚད་དང་འཚམ་པའི་ནང་ཚོད་འཛིན་ཐུབ་ཡོད་པ། ནད་འགོག་གི་ནུས་པ་གང་འཚམ་ཡོད་པ། 

༢ ཤེར་རྟོགས་ཀྱི་ནུས་པ་རྩ་བའི་ཆ་ནས་ཚུལ་དང་མཐུན་པ། ཁོར་ཡུག་ལ་འཕྲོད་པ། ལས་སྒྲུབ་སྐབས་སེམས་བག་ཡངས་པོ། རང་ཡིད་ཚིམ་སླ་བ་དང་རང་ཉིད་ལ་གདེངས་འཇོག་ལེགས་པ། 

༣ འོས་འཚམས་ཀྱིས་ཁྱིམ་དོན་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཐག་གཅོད་ཐུབ་པ། ཧུར་ཐག་གིས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ལ་ཐུགས་ཐུབ་པ། 

༤ རྒྱུན་ལྡན་འཚོ་བའི་བྱ་སྤྱོད་ཚུལ་མཐུན། འཚོ་བ་རང་གཡོག་གམ་རྩ་བའི་ཆ་ནས་རང་གཡོག་ཐུབ་པ། 

༥ གཟུགས་པོའི་སྟོབས་མདངས་ལེགས་པ་དང་ལྗིད་ཚད་རན་པོ། འཚོ་བ་སྐྱེལ་ཚུ་ལེགས་པོ་རྒྱུན་འཁྱོངས་བྱ་ཐུབ་པ། །  

རང་རྒྱལ་གཞུང་ཕྱོགས་ནས་ཐོག་མར་གཏན་འབེབས་བྱས་པའི་ལོ་ན་རྒན་པའི་མི་ཡི་བདེ་ཐང་ཕྱོགས་སྟོན་འདི། དབང་གྲགས་ཀྱི་ལོ་ན་རྒན་པའི་མི་ཡི་བདེ་ཐང་ཕྱོགས་སྟོན་གྱི་དེབ་ཅིག་ཡིན། དེ་བས་ལོ་ན་རྒན་པའི་མི་ཡི་གཟུགས་པོའི་བདེ་ཐང་གི་སྤྱོད་ཚུལ་ཆོས་ཉིད་ལྡན་པ་དང་ཚད་འཛིན་སར་འགན་བཅོལ་བྱས་ཡོད་པས་དེབ་འདི་ནི་ལོ་ན་རྒན་པའི་མི་ལ་སྟེར་བའི་བདེ་ཐང་གི་ཕྱག་རྟགས་ཡག་ཤོས་ཅིག་ཡིན། ། 

ལོ་ན་རྒན་པའི་མི་ཡིས་རྒྱུན་ལྡན་འཚོ་བའི་ནང་ཚན་རིག་དང་མཐུན་པའི་བདེ་ཐང་ཤེས་བྱ་ལ་སློབ་སྦྱོང་རྒྱུན་ཆད་མེད་པར་བྱས་ཏེ། བདེ་ཐང་གི་འཚོ་བ་སྐྱེལ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ན། ནད་རིགས་སྔོན་འགོག་དང་། ཚེ་རིང་བདེ་ཐང་། རང་ཉིད་ཀྱི་ཚེ་སྲོག་དང་མཚོ་བའི་སྤུས་ཚད་མཐོ་རུ་བཏང་ཐུབ། ། 


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།