སྤུན་ཟླ་རྣམས་ལ་དུག་ཟས་མི་ཟ་བའི་རེ་འབོད།

364cec4bc14e4c1daed1b572f42d640f_hd.jpg

མི་རིགས་གཞན་གྱིས་མ་ཟས་པའི། །

དུས་འདས་གད་སྙིགས་ཟས་སྐོམ་རྣམས། །

བདུད་རྩིར་སྒོམ་མཁན་གངས་ཅན་པ། །

རང་སྲོག་ཡལ་བར་མ་དོར་ཞིག །

འཛམ་གླིང་སྤྱི་ཡིས་མ་ཟོས་པའི། །

ཟས་གླུད་ཟ་མཁན་གྲོང་གསེབ་པ། །

ལེགས་པར་བརྟགས་ན་དུད་འགྲོ་དང་། །

བསམ་སྤྱོད་ཁྱད་པར་གང་གིས་འབྱེད། །

བླ་སྤྲུལ་རྣམས་ནི་རང་འདོད་ཆེ། །

མཁས་དབང་རྣམས་ནི་གྲོང་དང་རིང་། །

སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། །

རྨོངས་པའི་འདམ་དུ་བྱིངས་འདིར་སྐྱོ། །

ཚེ་རིང་འདོད་ན་ཟས་སྤྱོད་གཟོབ། །

ལ་རྒྱ་ཡོད་ན་རྨོངས་དད་སྤོངས། །

སྟོབས་འབྱོར་འདོད་ན་ཡོན་ཏན་སློབས། །

རིགས་ཞེན་ཡོད་ན་བུ་རྒྱུད་སྐྱོངས། །

    སྤུན་ཟླ་རྣམ་པ།   ཁྱོད་ཚོས་བཟོ་གྲྭ་ནས་ཐོན་པའི་ཟས་རིགས་འདི་དག་ཉོ་དུས་ངེས་པར་དུ་དུས་ཚོད་རྫོགས་ཡོད་མེད་ལྟོས།    དུས་ཚོད་རྫོགས་པའི་ཟས་རིགས་ཉོ་བ་ནི།   །དུག་ལ་སྒོར་མོ་སྤྲད་ནས་ཉོ་དང་མཚུངས།  །དུས་ཚོད་གསལ་པོ་མེད་པའི་ཟས་སྐོམ་རྣམས།    །མ་ཉོ་དེ་གར་ཞོག་དང་རང་སྲུང་ཡིན།  །ཚད་ལྡན་བཟོ་གྲྭར་ཐོན་པའི་ཟས་རིགས་རྣམས།  །སྤུས་ཚད་དུས་བཀག་མེད་པ་ཡོད་མི་སྲིད།  །

       དུས་ཚོད་ཡོལ་བའི་ཟས་སྐོམ་འདི་རྣམས་ཟ་རུང་ངམ་ཞེས་དྲིས་ན། ཨ་རི་དང་ཡོ་རོབ་ཀྱི་སྨན་པ་ཞིག་ཡིན་ན། དུས་ཚོད་ཡོལ་ཚར་ན་རྩ་བ་ནས་བཟའ་ཉན་ལེ་མ་རེད། ཅེས་ལན་སྤྲད་ངེས་རེད། ཡིན་ནའང་ཀྲུང་གོའི་སྨན་པ་ཞིག་ལ་དྲིས་ན། རྒྱ་སྨན་པ་དང་བོད་སྨན་པ་གང་ཡིན་ཡང་དུས་ཚོད་ཅུང་ཟད་ཡོལ་ན་ཉེན་ཁ་ཆེན་པོ་ཡོད་བགྱི་མ་རེད། ཅེས་ལན་སྤྲད་ངེས་རེད། འདི་ནི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་བསམ་བློའི་ལན་མི་འདྲ་བ་གཉིས་ཡོང་གི་ཡོད་པ་རེད། ཨ་རི་དང་ཡོ་རོབ་སོགས་ཀྱི་རིག་གནས་ནང་དུ་འགྲིག་དང་མི་འགྲིག་ཅེས་དྲིས་ན། Yes, no   མ་གཏོགས་ལན་གསུམ་པ་ཞིག་ཡོད་མི་སྲིད། ཀྲུང་གོའི་རིག་གནས་ལྟར་ན་འགྲིག       །མི་འགྲིག    །ཞེས་པའི་ལན་དང་ལྷན་ཏུ་“འོན་ཀྱང་”ཟེར་བ་ཞིག་ཡོང་གི་ཡོད་པ་རེད། རྙོག་དྲ་ཐམས་ཅད་ཀྱི་འབྱུང་ཁུངས་དེ་“འོན་ཀྱང་”ཟེར་བ་དེ་རེད།

      དཔེར་ན། ཟ་མ་དེ་དུས་ཚོད་ཡོལ་ཟིན་ན་བཟའ་རུང་ངམ་ཞེས་པའི་ལན་དུ།   བཟའ་རུང་གི་མ་རེད། འོན་ཀྱང་ཉར་ཚགས་ཡག་པོར་བྱས་ན་བདུན་ཕྲག་གཅིག་གཉིས་འགོར་ན་སྐྱོན་ཆེན་པོར་ཡོང་གི་མ་རེད། ཅེས་པ་ལྟ་བུའི་ལན་སྤྲད་ངེས། དྲིས་ལན་དེས་དྲི་བ་པོ་ལ་ཟས་ན་ཆོག་ལ་མ་ཟས་ནའང་ཆོག་པའི་བསམ་བློ་ཞིག་སྟེར་ཚར་པ་རེད།        །

      དེ་བཞིན་དུ་ཕྱི་རྒྱལ་གྱི་ཁྲིམས་ཆད་གཅོད་པའི་སྐབས་སུ་ནག་ཉེས་ཀྱི་ངོ་བོ་དང་བསྟུན་ནས་ལོ་གཉིས་དང་། གསུམ་དང་། བཞི་གང་དགོས་ཁྲིམས་ལུགས་ནང་དུ་གཏན་འབེབ་བྱས་པའི་དོན་ཚན་གང་དང་འགལ་ན། དེ་བཞིན་ཐག་གཅོད་བྱེད་པ་ལས་དེ་ལ་ཡར་མར་འཕར་གཅོག་ཆེན་པོ་བྱེད་ཐབས་ཡོད་མ་རེད། ཀྲུང་གོའི་ཁྲིམས་ལུགས་ནང་དུ་མི་གཉིས་ཀྱིས་བསགས་པའི་ནོར་འཁྲུལ་གཅིག་པ་ཡིན་ནའང་། ཁོང་གཉིས་ཀྱི་ནག་ཉེན་བསགས་པའི་སྐུལ་སློང་དང་། ངོས་ཟིན་དང་། རྣམ་འགྱུར་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་སྟངས་མི་འདྲ་བའི་དབང་གིས་ལོ་གཅིག་ནས་གསུམ་བར་ཞེས་པ་ལྟ་བུ་གཏན་འབེབ་བྱས་ཡོད་པས། དེས་ན་ནག་ཉེན་གཅིག་ལ་བཤད་མཁས་ཞན་གྱིས་དུས་བཀག་བཙོན་འཇུག་གི་དུས་ཚོད་མི་འདྲ་བ་ཡོང་གི་ཡོད་པ་རེད། དེའང་ཤར་ནུབ་གཉིས་ཀྱི་རིག་གནས་མི་འདྲ་བའི་དབང་གིས་ནུབ་ཕྱོགས་པས་བྱ་བ་གང་ཞིག་བྱས་ཀྱང་དུས་ཚོད་ལ་ཡིད་ཆེས་དང་། བརྩི་བཀུར་བྱེད་པའི་ལུགས་སྲོལ་ཡོད་ཅིང་། ཤར་ཕྱོགས་པས་དུས་ཚོད་ལ་ཡིད་ཆེས་དང་བརྩི་བཀུར་བྱེད་ཅིང་མེད་པའི་རྐྱེན་གྱིས་ཁྱད་པར་ཡོང་གི་ཡོད་པ་རེད། །

     འཛམ་གླིང་སྤྱིར་འགྲོས་ལྟར་བཟོ་གྲྭ་སོ་སོ་ནས་ཐོན་པའི་ཟས་སྐོམ་རྣམས་ཀྱི་སྤུས་ཚད་དང་ཕན་ནུས་གནས་ཚད་ཀྱི་དུས་ཚོད་གང་གི་བར་དུ་ཚད་ལྡན་ཡོད་པའི་འགན་སྲུང་དགོས་ཤིང་ཡོད་པ་རེད། དུས་ཚོད་དེའི་ནང་དུ་ཟས་སྐོམ་གྱི་རིགས་དེ་དག་གི་ནུས་པ་འགན་སྲུང་བྱེད་ཐུབ་ཅིང་། དུས་ཚོད་དེ་ལས་བརྒལ་ན་ནད་རིགས་བསྐྱེད་པའི་སྲིན་འབུ་ཉོབ་སྲིད་པ་དང་། ཡང་ན་ཟས་སྐོམ་དེ་དག་གི་ངོ་བོ་འགྱུར་ནས་རྫས་འགྱུར་རིགས་ཀྱི་དུག་རྐྱེན་སྣ་ཚོགས་འགྱུར་སྲིད་པ་རེད་ཅེས་པའི་དོན་རེད། དུས་ཚོད་ཡོལ་མ་ཐག་ཏུ་སྐད་ཅིག་གིས་དུག་ཏུ་འགྱུར་མི་འགྲོ་བ་ནི་སུས་ཀྱང་ཤེས་སླ། དཔེར་ན། བོད་ཡུལ་ལྟ་བུར་མཚོན་ན་རྒྱུན་ལྡན་དུ་ང་ཚོས་མཐོང་རྒྱུ་མང་ཤོས་ནི་ཤ་ལ་སོགས་པ་ཟས་རིགས་རྣམས་ཉར་ཚགས་ཡག་པོ་མ་བྱས་པ་ཡིན་ན་འབུ་ཉོབ་ཡོང་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། དེས་ནས་ཟས་སྐོམ་སྤྱི་དང་ཁྱད་པར་ཤ་ལ་འབུ་ཉོབ་པ་དང་། རྩམ་པ་རྙིང་ནས་ལོས་ཟིན་པ་དེ་དག་ཟོས་ན་སྔ་མས་ཟས་དུག་གི་ནད་དང་། ཕྱི་མས་ཕོ་བའི་ངན་སྐྲན་ཀན་སེའི་ནད་བསྐྱེད་ཅིང་ཡོད་པ་བཞིན་དུ་ཟས་རིགས་ཀུན་ལའང་རིགས་འགྲེ་ནས་བསམ་བློ་གཏོང་དགོས་པ་ཞིག་རེད། །

     དེང་དུས་བཟོ་གྲྭ་རྣམས་ལས་ཐོན་པའི་ཟས་སྐོམ་གྱི་རིགས་འདི་དག་ནི་“རུལ་བམ་འགོག་རྫས་”(Preservative   防腐剂)མང་པོ་ཞིག་བསྲེས་ནས་དུས་ཚོད་རྒྱུན་ལྡན་ལས་ལྡབ་མང་པོ་ངོ་བོ་དང་ནུས་པ་མི་འགྱུར་བར་གནས་ཐུབ་ཐབས་བྱས་ཡོད་པ་རེད། དེར་བརྟེན་བཟོ་གྲྭ་ནས་ཐོན་པའི་ཟས་སྐོམ་གྱི་རིགས་རྣམས་ཀྱི་ནུས་པ་དེ་རྒྱུན་ལྡན་གྱི་ཟས་རིགས་ལས་དུས་ཚོད་ལྡབ་མང་པོ་ཞིག་གནས་ཐུབ་པར་བྱས་ཡོད་སྟབས། དུས་ཚོད་དེ་ལས་བརྒལ་ན་ཆེ་ཆུང་ལ་མ་ལྟོས་པའི་གནོད་པར་ཡོད་པར་ངོས་འཛིན་བྱེད་དགོས། །

     དཔེར་ན། བོད་དུ་རྒྱུན་སྤྱོད་ཟས་རིགས་ནང་དུ་རང་བཞིན་གྱི་ནུས་པ་གནས་པའི་དུས་ཚོད་ཐུང་ཤོས་དེ་ཞོ་ཡིན་པར་འདྲ། བོད་དུ་ཞོ་ཡི་ནུས་པའི་ཚད་ནི་ཉིན་གསུམ་སོང་ན་བྲོ་བ་འགྱུར་ཟིན་ཞིང་། ཉིན་ལྔ་དྲུག་ཙམ་འདས་ན་རོ་སྐྱུར་བ་དང་། དེ་ནས་ཞོ་རས་ཞེས་སྐྱུར་ཞིང་ཚ་བའི་རོ་འགྱུར་འགྲོ་ཞིང་ཡོད་པ་རེད། གལ་སྲིད་ཞོ་རས་པ་དང་སྐྱུར་ཟིན་པ་དེ་དག་འཐུང་ན་ཕོ་བ་སྦོས་པ་དང་། རྒྱུ་མ་ཁྲོག་པ་སོགས་ཀྱི་ནད་ཡོང་གི་ཡོད་པ་ནི་མངོན་གསལ་དོད་པོ་རེད། ཞོ་རས་པ་དང་སྐྱུར་བའི་ནང་དུ་རྫས་འགྱུར་གྱི་འབྱུང་བའི་རྫས་རིགས་གང་ཞིག་འགྱུར་བ་བྱུང་ཡོད་པ་ང་ཚོས་ཤེས་དཀའ་ཡང་། རོ་དང་ངོ་བོ་འགྱུར་ཟིན་པ་ནི་བརྒྱ་བལྟས་ཀུན་ཤེས་རེད། །

     དེས་དུས་བཟོ་གྲྭའི་ནང་ནས་ཐོན་པའི་ཟས་རིགས་རྣམས་ཀྱི་ནང་དུ་“རུལ་བམ་འགོག་རྫས་” བཏབ་ཡོད་སྟབས་ཞོ་དང་འོ་མའི་རོ་དང་ནུས་པ་མི་འགྱུར་བ་དུས་ཚོད་ལྟོས་བཅས་ཀྱི་སྒོ་ནས་རིང་ཙམ་གནས་ཐུབ་ཅིང་ཡོད་པ་རེད། དཔེར་ན། ཞོ་དང་འོ་མའི་རིགས་དུས་རིང་བ་རྣམས་ཟླ་བ་དྲུག་དང་། ཟླ་བ་གསུམ། བདུན་ཕྲག་གསུམ་དང་། གཉིས་ལ་སོགས་པར་གནས་ཐུབ་པའི་ཐོན་རྫས་ཡོད་པ་རེད། ཐོན་རྫས་འདི་ནི་རང་བྱུང་གི་ཞོ་དང་འོ་མ་ལས་བསྡུར་ན་ཕན་ནུས་ཆུང་བ་མ་ཟད་གནོད་པའང་ཕྲན་ཙམ་ཡོད་ངེས་ཏེ། ཐོན་རྫས་འདི་དག་གི་ནང་དུ་རུལ་བམ་འགོག་རྫས་མང་པོ་བླུག་ཡོད་སྟབས་དུས་ཚོད་མ་ཡོལ་ནའང་རྫས་འགྱུར་གྱི་རྫས་སྦྱོར་བླུག་ཡོད་པའི་རྐྱེན་གྱིས། རང་བྱུང་ཁམས་ཀྱི་ཞོ་དང་འོ་མ་སོགས་དང་བསྡུར་ཐབས་མེད་པ་ཞིག་རེད། །

      དུས་ཚོད་ཡོལ་བའི་ཟས་སྐོམ་འདི་དག་ཉར་ཚགས་ལེགས་པར་བྱས་ན་ནད་སློང་རྐྱེན་གྱི་འབུ་སྲིན་ཕྲ་མོ་དག་ཉོབ་མ་ཐུབ་ནའང་། རྫས་ཀྱི་ངོ་བོ་དང་རང་བཞིན་འགྱུར་བའི་སྟབས་ཀྱིས་མེའེ་སྲིན་(霉菌 Mould)ལ་སོགས་རྫས་འགྱུར་གྱི་དུག་རིགས་སྣ་ཚོགས་བསྐྱེད་དེ་ངན་སྐྲན་ཀན་སེའི་ས་བོན་འགྱུར་སྲིད་པ་རེད། དེས་ན་དུས་ཚོད་ཡོལ་བའི་ཟས་སྐོམ་དེ་དག་ཉིན་ཤས་ཙམ་དུས་ཡོལ་བས་ནད་རྐྱེན་བྱེད་མ་ནུས་ནའང་། དུས་ཚོད་བདུན་ཕྲག་ཁ་ཤས་དང་ཡང་ན་ཟླ་བ་ཁ་ཤས་ཡོལ་ཟིན་པའི་ཟས་སྐོམ་རྣམས་ཀྱིས་ནི་ངན་སྐྲན་ཀན་སེ་སོགས་ནད་རིགས་སྣ་ཚོགས་བསྐྱེད་རྐྱེན་བྱེད་པ་ནི་སྨོས་མ་དགོས་པ་རེད། །

      དེང་དུས་བོད་ཀྱི་ཚོང་པ་རྣམས་དང་། དགོན་པའི་ཚོང་ཁང་རྣམས་སུ་རྒྱ་ནག་ནས་དུས་ཚོད་ཡོལ་ཟིན་པའི་ཟས་སྐོམ་མང་པོ་རིན་གོང་ཁེ་པོས་ཉོ་ནས་བོད་དུ་ཁྱེར། བོད་ས་གཤིས་མཐོན་པོ་ཡིན་སྟབས་རོ་དང་བྲོ་བའི་འགྱུར་བ་གསལ་པོར་མ་ངེས་པས་མི་མང་རྣམས་ཀྱིས་དེ་དག་རྒྱུན་སྤྱོད་བྱེད་ཅིང་ཡོད་པ་གོ་ཐོས་བྱུང་། དཔེར་ན། བཏུང་བའི་རིགས་ལ་ཁོ་ལོ་(可乐)དང་། ཞེ་པིང་(雪碧)སོགས་དང་། པིང་ཀོན་(饼干)སྣ་ཚོགས། སྟབས་བདེའི་ཐུག་པ་སོགས་ཟས་ཕྲན་རིགས་མང་པོ་ཞིག་སྒེར་དང་། དགོན་པའི་ཚོང་ཁང་ནང་དུ་བཙོང་ཞིང་ཡོད་པར་ཐོས། གལ་སྲིད་བདེན་པ་ཡིན་ན་ཚང་མས་གཟབ་གཟབ་གནང་རོགས་མ་གཏོགས་རྒྱུ་མཚན་མ་ངེས་པའི་ནད་རིགས་སྣ་ཚོགས་བསྐྱེད་དེ་འཆི་རྐྱེན་བྱེད་ངེས་པས་ཚང་མས་ཡིད་འཇོགས་འཚལ། །

d27727741c234dcc9fe10e4fb50baac8_hd.jpg

  ངས་ཤེས་གསལ་ལྟར་ན། བོད་རང་ལ་སྤུས་ཀ་ཡག་ཤོས་ཀྱི་ཞོ་ཡོད་བཞིན་ཏུ་རྒྱ་ཡུལ་ནས་བཟོ་གྲྭའི་ཞོ་ཆུང་འདི་མང་པོ་ཁྱེར་འགྲོ་ཞིང་འདུག །ངའི་ཕ་ཡུལ་བ་དང་སྤུན་མཆེད་རྣམས་ཀྱིས་ཟེར་བ་ལྟར་ན། ང་ཚོའི་ཕ་ཡུལ་ནའང་ཚོང་ཁང་ནང་དུ་ཞོ་འདིའི་རིགས་མང་པོ་ཞིག་བཙོང་གི་ཡོད་ཅིང་། ཚོང་ཁང་ནང་དུ་ཟླ་བ་ཁ་ཤས་བཞག་ཡོད་པ་མ་ཟད། དུད་ཚང་འགའ་ཞིག་གི་ཁྱིམ་དུའང་ཟླ་ཤས་ཉར་ཚགས་བྱེད་ཅིང་འཐུང་གི་ཡོད་ཀྱང་གནོད་པ་གང་ཡང་མི་འདུག་ཟེར། །

     ཁྲེན་ཏུའི་ཞོ་ཕོར་ཆུང་ངུ་འདིའི་སྤུས་ཚད་འགན་ལེན་གྱི་དུས་ཚོད་ནི་ཉིན་༡༥་རེད། ཡུལ་འདིར་དུས་ཡོལ་བ་ལྟ་ཅི་ཞག་གཅིག་གི་དུས་ཚོད་ཡོད་པའང་བཙོང་རྒྱུ་ཡོད་མ་རེད། ཞོ་ཕོར་ཆུང་ངུ་འདི་རིགས་བཟོ་གྲྭ་ནས་ཚོང་རར་འབྱོར་ཞིང་། དེ་ནས་བོད་དུ་ཁྱེར་ན་བོད་དུ་སླེབས་དུས་ཧ་ལམ་དུས་ཚོད་ཡོལ་ཚར་བགྱི་རེད། དེས་ན་བོད་ལ་ཞོ་ཕོར་ཆུང་ངུ་འདི་དུས་ཚོད་ཡོལ་ཟིན་པ་མ་གཏོགས་ཡོད་མི་སྲིད་པ་ཞིག་རེད། མི་ཚང་མས་དེང་རབས་བཟོ་གྲྭའི་ནང་ནས་ཐོན་པའི་ཟས་རིགས་གང་ཞིག་ཉོ་བའི་སྐབས་སུ་སྤུས་ཚད་འགན་སྲུང་གི་དུས་ཚོད་རིང་ཐུང་གང་ཡོད་དང་། དུས་ཡོལ་ཡོད་མེད་ངེས་པར་དུ་བལྟ་དགོས། དེ་ནི་རང་གི་ཚེ་སྲོག་དང་། བདེ་ཐང་སྲུང་སྐྱོབ་ཀྱི་དོན་ཆེན་ཞིག་རེད། རང་གི་བདེ་ཐང་སྲུང་སྐྱོབ་བྱེད་རྒྱུ་ནི་དུད་འགྲོས་ཀྱང་ཤེས་པའི་ཤེས་བྱ་ཞིག་རེད། །

      ཞོ་འདི་རིགས་ནི་རུལ་བམ་འགོག་རྫས་མང་པོ་ཞིག་བཏབ་ཡོད་སྟབས། རོ་དང་བྲོ་བ་ལ་འགྱུར་བ་ཆེར་མེད་ཀྱང་། རྫས་འགྱུར་གྱི་ངོས་ནས་འགྱུར་བ་ཆེན་པོ་ཕྱིན་ཚར་སྟབས། ཡུན་རིང་པོར་ཟས་ན་ལུས་ཀྱི་ནང་དུ་རྫས་འགྱུར་གྱི་དུག་མང་པོ་ཞིག་བསགས་ཏེ་མཐར་འཆི་རྐྱེན་ཡང་བྱེད་སྲིད། དེས་ན་གྲོང་གསེབ་ཀྱི་ཁུལ་དུ་ཡོད་པའི་བོད་རིགས་རྣམས་ཀྱིས་དུས་ཚོད་ཡོལ་ཟིན་པའི་ཟས་སྐོམ་འདི་དག་ལ་གཟབ་གཟབ་གནང་རོགས། བོད་ཀྱི་སྒེར་ཚོང་རྣམས་དང་། དགོན་པའི་ཚོང་ཁང་རྣམས་ཀྱིས་རྒྱ་ཡུལ་དུ་གད་སྙིགས་ཆགས་ཟིན་པའི་ཟས་སྐོམ་འདི་རིགས་བོད་ཡུལ་དུ་ཁྱེར་ནས་རང་གི་མི་རིགས་ཀྱི་བདེ་ཐང་རྩ་བ་ནས་བརླག་པ་མི་བྱེད་པའི་རེ་བ་ཡོད། །

020db1ad59a54d4ba837798e976efbd4_hd.jpg

       དུས་ཚོད་ཡོལ་བའི་ཟས་རིགས་ཀྱིས་གནོད་སྐྱོན་ཐེབས་པའི་དཔེར་མཚོན་གྱི་གསར་འགྱུར།    པེ་ཏུའུ་དྲྭ་རྒྱ་ཐོག་གི་དུས་ཚོད་ཡོལ་བའི་ཟས་རིགས་ཀྱི་གནོད་སྐྱོན་སྐོར།

གཤམ་གྱི་རྒྱ་བོད་ཤན་སྦྱར་ལ་གཟིགས།

专家提醒:过期食品危害不可忽视

过期变质食品,不可购买和食用,这是很多人都有的共识。然而,在日常生活中,因为食用过期食品中毒的事件却时常见诸报端。近段时间,一则“4岁女孩食用过期食品致肠坏死,被下4次病危通知”的新闻被各大媒体广泛转载。那么,食用过期食品真的会有这么大的危害吗?

   报道称莆田4岁女孩小云在春节前,因在家误食过期的烤香肠和泡椒凤爪,突然休克、昏迷不醒,被送到省妇幼保健院时,已休克、多器官功能衰竭,医生连下4次病危通知书。那么,一包过期零食真的有这么大的危害吗?

   医生介绍,食用过期食品导致的食物中毒属于“生物型”中毒。过期食物受沙门氏菌、弧形杆菌、大肠杆菌等细菌感染,会引发恶心、呕吐、腹泻甚至呼吸、循环衰竭等突发性疾病;此外,过期食物在受细菌感染的同时也有可能发生化学变化,导致化学型中毒,诱发癌变、心血管疾病甚至基因突变。

    眼下,随着天气渐渐变热,到医院就诊的急性胃肠道疾病的病人也逐渐增多。究其病因,基本上都是食用了不卫生的或不合适的食物导致胃肠病的发生,所谓的“病从口入”,因此,夏季要预防食物中毒。

    མཁས་དབང་ཆེད་རམས་པ་རྣམས་ཀྱིས་དྲན་སློང་གནང་བར། དུས་ཚོད་ཡོལ་བའི་ཟས་རིགས་ཀྱི་གནོད་པ་ལ་སྣང་མེད་མ་བྱེད།     དུས་ཚོད་ཡོལ་ཤིང་རྙིང་པར་གྱུར་པའི་ཟས་རིགས་རྣམས་ཉོ་མི་རུང་བ་དང་ཟ་མི་རུང་བ་ནི་མི་མང་ཆེ་བས་ཤེས་བཞིན་པ་ཞིག་རེད། དུས་རྒྱུན་གྱི་འཚོ་བའི་ནང་དུ་དུས་ཚོད་ཡོལ་བའི་ཟས་རིགས་ཟོས་པས་ཟས་དུག་ཕོག་པའི་ནད་རིགས་བྱུང་བའི་དོན་རྐྱེན་སྐོར་མང་པོ་ཞིག་རྒྱུན་དུ་གསར་འགྱུར་མང་པོ་ཞིག་གི་ཐོག་ཏུ་མཐོང་རྒྱུ་ཡོད་པ་རེད། ཉེ་བའི་ཆར། བུ་མོ་ལོ་བཞི་ལོན་པ་ཞིག་གིས་དུས་ཚོད་ཡོལ་བའི་ཟས་ཟོས་པས་རྒྱུ་མར་དུག་ནད་ཕོག་པས་ཤི་སོང་བ་དང་།  སྨན་ཁང་གིས་ནད་གཞི་ཐུ་བའི་ཉེན་བརྡ་ཐེངས་བཞི་བཏང་བའི་སྐོར་གྱི་གསར་འགྱུར་དེ་“གསར་འགྱུར་མོལ་ཐིག་” (新闻媒体)ཁག་གིས་བརྒྱུད་སྤེལ་རྒྱ་ཆེན་པོ་བྱས་འདུག །དེས་ན་དུས་ཚོད་ཡོལ་བའི་ཟས་རིགས་ཟོས་ན་དངོས་གནས་དེ་འདྲའི་གནོད་སྐྱོན་ཆེན་པོ་ཡོད་དམ་ཞེ་ན། །

      གསར་འགྱུར་གྱི་ནང་དུ་བཤད་པར། ལོ་བཞི་ཅན་གྱི་བུ་མོ་ཆུང་ཆུང་དེས་ལོ་སར་སྔོན་ལ། ཁྱིམ་ནང་དུ་ཡོད་པའི་དུས་ཚོད་ཡོལ་བའི་ཕག་རྒྱུ་བསྲེག་མ་དང་། བྱ་སྡེར་སྦང་མ་གཉིས་ཟ་ཉེས་བྱས་པས་གློ་བུར་དུ་དྲན་མེད་དུ་བརྒྱལ་ཞིང་། དབུགས་ཀྱི་རྒྱུ་བ་འགག་སྟབས་ཞིང་ཆེན་གྱི་བུད་མེད་དང་བྱིས་པ་སྲུང་སྐྱོབ་སྨན་ཁང་དུ་སྐྱེལ་པ་རེད། སྨན་ཁང་སླེབས་པའི་སྐབས་སུ་། དབུགས་ཀྱི་རྒྱུ་བ་འགག་ཟིན་ཞིང་། དོན་སྣོད་རྣམས་ཀྱི་ནུས་བ་ཉམས་གུད་འགྲོ་ཞིང་ཡོད་སྟབས་སྨན་པས་ནད་གཞི་ཐུ་ཚབས་ཆེ་བའི་ཉེན་བརྡ་ཐེངས་བཞི་བཏང་བ་རེད། དུས་ཚོད་ཡོལ་བའི་ཁ་ཟས་ཁུག་ལུ་ཆུང་ཆུང་གང་ལ་དངོས་གནས་དེ་འདྲའི་གནོད་སྐྱོན་ཆེན་པོ་ཡོད་དམ་ཞེ་ན།      

        སྨན་པས་ངོ་སྤྲོད་གནང་བར། དུས་ཚོད་ཡོལ་བའི་ཟ་མ་ཟོས་པའི་གྱུར་དུག་གི་ནད་ནི་“སྐྱེ་དངོས་རིགས་” ཀྱི་གྱུར་དུག་རེད། དུས་ཚོད་ཡོལ་བའི་ཟས་རིགས་ལ་ས་མོན་ནེ་ལ་སྲིན་འབུ་དང་། (Salmonella)ཁོན་ཕུ་ལོ་རྦད་ཁི་ཐོའི་སྲིན་འབུ། (Campylobacter)ཁོ་ལའེ་སྲིན་འབུ་(coli)ལ་སོགས་པའི་སྲིན་འབུའི་རིགས་འགོས་ཡོད་པས། གློ་བུར་དུ་ཞེན་པ་ལོག། སྐྱུག་མེར་ལང་། ཕོ་བ་བཤལ་དང་། དབུགས་སྐྱེལ་འདྲེན་དང་། རླུང་དང་ཁྲག་གི་འཁོར་བསྐྱོད་སོགས་ཀྱང་ཉམས་གུད་འགྲོ་བཞིན་ཡོད་པ་རེད།

      གཞན་ཡང་དུས་ཚོད་ཡོལ་བའི་ཟས་རིགས་ལ་སྲིན་འབུ་ཕྲ་མོ་ཞུགས་ཡོད་པ་མ་ཟད་དེ་དང་མཉམ་དུ་རྫས་རིགས་ཀྱི་འགྱུར་བས་རྫས་འགྱུར་རིགས་ཀྱི་གྱུར་དུག་གི་རྒྱུ་རྐྱེན་ཡང་བྱེད་ཅིང་། ངན་སྐྲན་ཀན་སེ་དང་། སྙིང་གི་ཁྲག་རྩའི་ནད་རིགས་སློང་རྐྱེན་བྱེད་པར་མ་ཟད། གློ་བུར་དུ་མི་གཤིས་ཀྱི་འབྱུང་བའི་རྫས་རིགས་(基因转变)ཀྱང་འགྱུར་རྐྱེན་བྱེད་སྲིད། ཅེས་གསུངས། །

      མིག་སྔར་གནམ་གཤིས་དྲོ་རུ་འགྲོ་བ་དང་ཆབས་གཅིག་ཏུ་སྨན་ཁང་ནང་ལ་ཕོ་ཚད་དང་། རྒྱུ་ཚད་ཀྱི་ནད་བསྟན་སར་ཡོང་མཁན་ཡང་ཇེ་མང་རེད། ལྷག་པར་དུ་ནད་སློང་རྐྱེན་ནི། ཕལ་ཆེར་བ་བཟའ་བཏུང་མི་གཙང་བ་དང་། མི་འཕྲོད་པའི་ཟས་རིགས་ཟོས་པའི་རྐྱེན་ལས་ཕོ་བ་དང་རྒྱུ་མའི་ནད་བྱུང་ཡོད་པ་ཤ་སྟག་རེད། དེ་ནི་དམངས་ཁྲིད་ཀྱི་གཏམ་དཔེར་ལ།  “ནད་རིགས་ཁ་ནས་ཞུགས་”ཟེར་སྲོལ་ཡོད་པ་དེ་རེད། དེས་ན་དབྱར་གྱི་དུས་སུ་ཟས་དུག་འབྱུང་བ་སྔོན་འགོག་བྱེད་དགོས། །ཞེས་པེ་ཏུའུ་དྲྭ་རྒྱ་ལས་གསལ། །

      ཞེས་པ་གད་སྙིགས་ཀྱི་ཟས་སྐོམ་བདུད་རྩིར་སྒོམ་མཁན་བོད་རིགས་གྲོགས་པོ་རྣམས་ལ་གསལ་འདེབས་ཀྱི་ཚུལ་དུ་བོད་ཀྱི་གསོ་རིག་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༩ལོར་ཟླ་བ་༥པའི་ཚེས་༢༣ཉིན། རྒྱ་ནག་གླང་ཆེན་འགྱིང་རིའི་ཉེ་ཞོལ་འོད་སྔོན་ཅིའི་ཀྲང་མགྲོན་ཁང་ནས་སྤྲིངས། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།