གནས་མཆོག་རྫོགས་ཆེན་ཡུལ་གྱི་བསྟོད་པ་དཔྱིད་ཀྱི་རྒྱལ་མོ་འཕྲུལ་བའི་གླུ། །

WechatIMG1716.jpeg

༄། །ནམ་མཁའ་ཀར་ཀོར་བཻ་སྔོན་མེ་ལོང་ཕྱིས། །

ཆུ་འཛིན་ལང་ལོང་བཀྲ་ཤིས་བླ་བྲེ་འཐེན། །

རྩི་ཤིང་ལྡམ་ལྡེམ་སྨན་སྤོས་དྲི་བསུང་འཐུལ། །

རང་བྱུང་རིག་པ་རུ་དམ་ལུང་བར་ཆགས། །

WechatIMG7.jpeg

དངུལ་གྱི་འཁར་བས་ཞོ་རྫ་ཐོགས་པ་འདྲའི། །

རྫ་རི་རྩེ་མཐོ་གངས་ཀྱི་མགུལ་རྒྱན་འཛིན། །

ཚང་ཚིང་ནགས་མའི་སྨད་ཤམ་གསོལ་བའི་གསེབ། །

འབབ་ཆུ་དར་དཀར་ཤམ་བུ་དཔྱངས་པར་འཁྲུལ། །


སྤང་ལྗོངས་དགའ་མས་མེ་ཏོག་སྐེ་རྒྱན་འཆང་། །

རི་སྐེད་རང་བྱུང་ཆུ་ཚན་ཁ་རླངས་འཕྱུར། །

ན་དང་ནེའུ་གསིང་མཛེས་པའི་ཁུག་པ་དེར། །

ལུང་དང་རིགས་པའི་ཀུན་དགའ་ར་བ་འཁྱིལ། །

WechatIMG5.jpeg

མ་དང་མཁའ་འགྲོའི་གྲུ་གུག་དབྱིབས་འཛིན་གྱི། །

འབྲོག་རུའི་ལུང་བཟང་དགེ་བཅུ་ལྷུན་ཆགས་སར། །

སྔ་འགྱུར་བསྟན་པའི་རུ་མཚོན་སྒྲེང་བ་ཡི། །

རྫོགས་ཆེན་བཤད་སྒྲུབ་བསྟན་པ་བླ་ལྷག་འཕེལ། །


ཁྱད་པར་སྙན་གྲགས་དྲི་ཟའི་གླིང་བུ་ཡིས། །

བདག་ཡིད་རི་དྭགས་རིང་ནས་རྗེས་བཀུག་པ ། །

ཤྲཱི་སེང་སློབ་གླིང་མཁས་པའི་འབྱུང་གནས་ཆེ། །

མངོན་སུམ་མིག་གི་དགའ་སྟོན་ཉིད་དུ་བསུས། །

WechatIMG10.jpeg

རྒྱལ་སྲས་ཤཱནྟ་དེ་བ་བོད་མི་རུ། །

དངོས་བྱོན་དཔལ་སྤྲུལ་འཇིགས་མེད་ཆོས་དབང་དང་། །

རིག་པ་རི་ནས་རང་བྱུང་ཀློང་རྡོལ་གྱི། །

མི་ཕམ་དགེ་ལེགས་རྣམ་རྒྱལ་ལ་སོགས་པ། །


མ་སྨད་རྣམ་དཔྱོད་དོན་ཡོད་ཞགས་རིང་གིས། །

མ་ལུས་མཁས་པའི་ཡིད་རབ་འཆང་བ་ཡི། །

མ་དག་ཕྱི་མའི་རྩོད་དུས་མི་ཡི་ཕུལ། །

མ་ཁྱོད་བདག་སེམས་བུ་ཆུང་བཞིན་དུ་འཁོར། །

WechatIMG88.jpeg

དེང་ཡང་མཁས་པས་གཞན་དྲིང་མི་འཇོག་ཅིང་། །

བཙུན་པའི་རང་ཚུགས་ཉེ་བར་འཁོར་གྱི་ཟླ། །

བཟང་བོའི་མཛད་པས་རྒྱལ་བསྟན་ཉམས་སུ་བསྟར། །

པདྨ་སྐལ་བཟང་དུས་ཀྱི་སྟོན་མཆོག་བཞུགས། །


རྒྱལ་ཁམས་ཆུ་བཞིན་མྱུལ་བའི་བགྲོད་བྱེད་ཟུང་། །

ས་འདིར་ཐེངས་མ་ལན་གསུམ་འཁོར་བ་ཀུན། །

ཆར་ཟིམ་ཉི་རྩེས་འཁྱུད་ཅིང་འཇའ་འོད་འཁྲིགས། །

ཁུ་བྱུག་འཇོལ་མོས་གྲེ་འགྱུར་སྙན་པ་ཐོས། །


དེ་ཕྱིར་བདག་སེམས་དགའ་དད་མེ་ལོང་ངོས། །

ས་འདིའི་སྣོད་བཅུད་ཡང་ཡང་རྗེས་སུ་འཁོར། །

མ་ཕམ་གཡུ་མཚོའི་རླབས་ཀྱིས་རྗེས་སུ་བསྐུལ། །

སོར་རྩེའི་ཐིགས་པ་བསྟོད་ཚིག་གཟུགས་སུ་འཕོས། །


                   ༢༠༡༩—༧—༢༨—ལ་ཤཱ་ས་ན་དྷྭ་ཛས་བྲིས། །

WechatIMG1418.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།