ལུ་ལམ་སྨན་ལྷའི་སྙན་རྩོམ་ཚན་པ་ལྔ།

འཇམ་མགོན་བླ་མ་རྗེས་དྲན་དང་འབྲེལ་བར་གསུང་གི་ཡོན་ཏན་ལ་ཅུང་ཙམ་བསྔགས་པ་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད་ཅེས་བྱ་བ།


བརྗོད་བྲལ་གནས་ལུགས་སྐྱེ་འགགས་བྲལ་བའི་གདངས། །

མཁྱེན་རབ་དགོངས་པའི་དབྱིངས་སུ་རྩེན་པ་ལ། །

བརྩེ་ཆེན་དྭངས་མའི་ལེགས་བཤད་ཕོན་པོའི་གཟུགས། །

བཞེངས་བའི་སྒྱུ་འཕྲུལ་མངའ་བདག་རྒྱལ་གྱུར་ཅིག །

འདི་ན་དབྱངས་ཅན་མགྲིན་མཚོའི་ཆབ་རྒྱུན་ལས། །

ཟེགས་མའི་ཐིགས་པ་རོལ་བའི་སྐལ་བ་ཅན། །

མདོ་ཁམས་སྨད་ཀྱིས་སྙུག་འཛིན་ལུ་ལམ་པས། །

སོར་རྩེ་དད་པས་བསྒུལ་བའི་བསོད་ནམས་སྦོམ། །

སྙན་ངག་ཚིག་གི་མུ་ཏིག་ཡིད་དགའི་དངར། །

ཟབ་ཡངས་གནད་ཀྱིས་གེ་སར་འཛུམ་པ་ལས། །

བསྟོད་བསྔགས་དྲི་བསུང་བཟང་པོའི་མཐར་ཁྱབ་པ། །

འདི་ལ་དགྱེས་ཞལ་ཕྱོགས་ཅིག་མི་ཕམ་མགོན། །

གང་ཁྱེད་ཡེ་ནས་ཞི་བའི་སར་གཤེགས་ཀྱང་། །

སྒྲིབ་བྲལ་ཐུགས་རྗེ་འགྲོ་ལ་ཆགས་པའི་མཐུས། །

རྨད་བྱུང་གསུང་གི་སྣང་བ་ཁྱབ་ཏུ་བརྡལ། །

འདི་གཅིག་ཙམ་ཡང་བསྔགས་པའི་འོས་སུ་ཆེ། །

གདོད་ནས་དག་པ་རིག་སྟོང་གཉུག་མའི་ཁམས། །

མ་བཅོས་རང་བབས་ཤར་བའི་བརྡ་རྟགས་གཟུགས། །

གསལ་བྱེད་ཡི་གེའི་གར་དུ་འཕོ་བའི་གསུང་། །

མཇལ་བའི་ཡིད་ཅན་སྲིད་རྩ་ཕྲ་མོར་འགྱུར། །

དགོངས་པའི་ཀློང་ཆེན་སྒྲིབ་གཡོག་བྲལ་བའི་ཐུགས། །

ཡེ་གྲོལ་དག་པས་འབྱམས་པའི་རང་གཟུགས་སུ། །

ལང་ཚོའི་སྨིན་པ་ཕྲ་བའི་བྱིས་པའི་དུས། །

རྨད་བྱུང་གསུང་གི་རང་འོད་འབྱིས་འདིས་མཚོན། །

སྡེབ་ལེགས་ཚིག་གིས་མདངས་བཟང་སྒྱུ་འཕྲུལ་མའི། །

ཟབ་ཡངས་གནད་ཀྱི་བཅུད་བཟང་རྒྱན་སྤུད་པའི། །

ལེགས་བཤད་སྐལ་བཟང་སྙིང་གི་མཛའ་ན་མོ། །

ཐར་ལམ་ཞི་བས་སྙེགས་པའི་དགའ་མ་ལགས། །

ཚོགས་དྲུག་སྣང་བས་སྣོད་བཅུད་འབྱམས་ཀླས་ཤིང་། །

བདེན་འཛིན་རོ་ཡིས་དཔལ་ལ་རྗེས་ཆགས་པའི། །

སྲིད་པ་ལུ་གུ་རྒྱུད་དུ་འཕྱན་པའི་འགྲོ། །

བླང་དོར་མིག་གི་ཡོལ་བ་འདི་ཡིས་ཕྱེ། །

སྒྲིབ་བྲལ་མཁྱེན་རབ་གཟིགས་པ་དག་པའི་ལམ། །

བློ་འདས་ཀ་དག་སྟོང་གསལ་ལྟ་བའི་ཞལ། །

ཇི་ལྟར་ཟླ་བ་ལ་ནི་འཛུབ་མོའི་ཚུལ། །

ཐབས་མཁས་གསུང་འདི་གཞན་ལས་ཁྱད་པར་འཕགས། །

ཁྱེད་གསུང་ཡོན་ཆབ་ཙིཏྟའི་མགུལ་ཁྱིམ་དུ། །

རྟག་པར་རོལ་བའི་བགྲང་ཡས་དམ་པའི་ཁྱུ། །

རྒྱལ་བ་དགྱེས་པའི་ལམ་བཟང་ཁོ་ནར་གཤེགས། །

འདི་ཡང་ལེགས་བཤད་ཟབ་པའི་འབྲས་རྟགས་ཆེ། །

སྙན་བཅུད་རོ་ཡིས་ཕལ་བའི་མྱོང་བྱེད་འཕྲོག །

ཟབ་ཡངས་གནད་ཀྱི་མཁས་པའི་ཡིད་རྩ་སྒུལ། །

སོ་སོའི་བློ་ལ་མཚམས་པའི་གདམ་ངག་མཁན། །

གང་འདུལ་ཕྲིན་ལས་སྒྱུར་བའི་ཐུབ་པ་ལགས། །

ཕྱི་རབས་སྐྱེ་བོའི་བླང་དོར་གསལ་བའི་མིག །

སྔ་རབས་དམ་པའི་མན་ངག་ཉིང་ཁུ་སྟེ། །

མཆོག་ཏུ་ཟབ་པའི་གསུང་གི་ཕྲིན་ལས་ཉིད། །

མཚོ་སྐྱེས་བསྟན་པའི་དཔལ་དུ་མཛེས་པར་བྱས། །

ཤུགས་དྲག་ལས་ཀྱི་དར་ཅོག་གཡོ་བའི་ཁར། །

དུཿཁའི་རླུང་གིས་ཕྱོགས་སུ་གཡུག་པའི་འགྲོ། །

ཐུགས་རྗེ་ཐབས་ཤེས་འཇུག་པའི་ཕྱག་ཟུང་གིས། །

རྟག་ཁྱབ་བསྐྱང་བའི་གསུང་ཉིད་འོད་དུ་འཚེར། །

བསོད་ནམས་ཚོགས་གཉིས་རྫོགས་པའི་རྨད་བྱུང་སྐུ། །

ཐབས་མཁས་ཤིང་རྟའི་ལྗོངས་འདིར་དྲངས་བ་ལས། །

ཐུབ་བསྟན་གདུགས་དཀར་འདེགས་པའི་ཤེ་མོང་ཅན། །

དཔག་ཡས་དམ་པའི་རྣམ་ཐར་ཡི་གར་འོང་། །

དེ་ལྟར་གསང་བ་བསམ་མི་ཁྱབ་པ་ཡི། །

གསུང་གི་ཕྲིན་ལས་འོད་ཟེར་བརྒྱ་བའི་ཟླ། །

ཚིག་གི་ཏམ་བུའི་མཆོད་པའི་དབྱངས་སྙན་གྱི། །

དགྱེས་པར་མཛོད་ཅིག་འཇམ་མགོན་རྒྱལ་བའི་སྲས། །

ཁྱེད་སྐུ་བརྗོད་བྲལ་ཡོན་ཏན་བྱེ་བའི་ཁྱིམ། །

ཚངས་སྲས་ལྕེ་རྩ་སྟོང་གིས་ཡུལ་མིན་ན། །

ཕལ་བློ་འབུམ་ཕྲག་སྲུབས་ཀྱང་ཇི་ལྟར་གཞལ། །

བློ་འདས་ལྟ་བའི་ལྷ་ཕྱག་ལན་བརྒྱར་འཚལ། །

འདི་རུ་ཇི་བཞིན་མིན་ཡང་དཔོགས་ཚོད་ཀྱི། །

ཆེ་ལས་ཆུ་ཐིགས་ཟེགས་མ་བླངས་བ་བཞིན། །

གྲགས་དཀར་མཛད་པ་གསར་བའི་ལྷ་ལམ་ལས། །

མཚོན་ཙམ་སྙན་ཚིག་རིག་བྱེད་གར་དུ་རྩེན། །

ལེགས་བྱས་རྣམ་པར་དཀར་བའི་དགེ་ཚོགས་རྒྱུན། །

གཅིག་ཏུ་སྲུབས་པའི་གུས་རྟག་བརྩོན་པའི་དཔལ། །

ཁྱེད་གསུང་ཁོ་ནར་སྦྱོར་བའི་འཕྲུལ་ཐབས་ཀྱིས། །

རྨད་བྱུང་རྒྱལ་བའི་དཀྱིལ་འཁོར་རྫོགས་གྱུར་ཅིག །


ཅེས་པའང་གངས་རིའི་ཁྲོད་འདིར་ཕྱིས་ཀྱི་བསྟན་འཛིན་ཆེན་མོ་ཟླ་དང་བྲལ་བ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྗེས་དྲན་དང་འབྲེལ་གསུང་གི་ཆེ་བའི་རང་བཞིན་ལ་མི་ཕྱེད་པའི་དད་པ་བརྟན་པོ་སྙིང་ལ་སིམ་པའི་རྐྱེན་ལས་ཚིག་གི་རིག་བྱེད་དུ། ཡུལ་མདོ་སྨད་ཕྱོགས་ཀྱི་སྙུག་འཛིན་པར་ཁས་འཆེ་བ་ལུ་ལམ་སྨན་ལྷ་འབོད་པས་གངས་ལྗོངས་མཁས་པ་འབྱུང་བའི་བསྟི་གནས་ཤྲཱི་སེང་དཔལ་གྱི་ན་ལེནྡྲའི་ཆོས་གྲྭ་ཆེན་མོ་རུ་སྦྱར་བའོ། །དགེའོ།། །།



༈རིང་སྒང་གི་རྣལ་འབྱོར།


རྨི་ལམ་སྲིད་པའི་ཁུད་དུ་དྲོས་པ་ཡི།།

སྣང་བ་ཟེར་ཀྱི་རེག་ལ་མི་འཁུ་བར།།

ཆོས་ཉིད་ཕྱག་རྒྱ་གདབ་པའི་དཀྱིལ་འཁོར་དུ།།

དག་མཉམ་མགུར་དུ་འཐེན་པའི་རྣལ་འབྱོར་ཀྱེ།།

སྲིད་གསུམ་མི་སྡུག་གཟིགས་པའི་སྤྱན་ཕྱེས་སྟེ།།

ཨ་ཅག་ཀེང་རུས་སྒོམ་པར་ཉམས་བཞག་ཚེ།།

རིམ་གཉིས་ཏིང་འཛིན་འཕྱོ་བའི་སྙིང་ག་རུ།།

མཛའ་བརྩེ་ཡིད་ཀྱི་རུ་དར་འགུལ་བྱུང་ངམ།།

འཆར་ཡན་སྒྱུ་མའི་རྩེད་འཇོ་མཚངས་བརྟོལ་ནས།།

ས་ཆུར་དག་པའི་སྣང་བས་ཡིད་གཏམས་ཚེ།།

རྟ་ཆས་ཞལ་ཟས་གསལ་བའི་དཀྱིལ་འཁོར་དུ།།

བདེན་རྫུན་ཐག་པའི་སྣེ་མོར་འཁྲུགས་བྱུང་ངམ།།

བདེ་ཆེན་དགའ་བཞིར་ཟག་མེད་ཡིད་འཕྲེང་སྟེ།།

ས་བཅུའི་ལས་ཀྱི་སྒྲིབ་པའི་གཡའ་སེལ་ཚེ།།

ངེས་འབྱུངས་རི་ལ་འཕྱུར་བའི་དར་ལྕོགས་དེ།།

སྲིད་པའི་སྒང་དུ་ཐེངས་གཅིག་འཕྱོ་འམ་ཡེ།།

མ་བརྟགས་སེམས་ཅན་ལས་ཀྱི་མཐིལ་གཟིགས་ཚེ།།

བརྩེ་ཞེན་མིག་ཆུ་དར་ཐག་རྒྱུན་བསྲེང་ནས།།

ཀུན་གཞིའི་གདོད་མའི་བཙན་སའི་ཕོ་བྲང་དེར།།

འགོད་པའི་བྲེལ་བས་ཝོ་བརྒྱལ་བྱུང་ངམ་ཀྱེ།།

བདེན་རྫུན་ཕྱག་རྒྱ་བསྣོལ་བའི་ཆོས་ཉིད་དུ།།

ཡིན་མིན་འགལ་འདུ་གདུ་བའི་ལམ་ཁ་རུ།།

ངེས་བརྟན་ཡིད་ཀྱི་སྣེ་མོའི་གོམས་འཁྱོལ་ཚེ།།

ཞི་བསིལ་ནང་གི་ཉི་མ་འཆར་ཐུབ་བམ།།

ཏིང་འཛིན་ཡིད་ཀྱི་ཐིག་ལེར་རུམས་དུ་བཏེགས།།

མི་མེད་དབེན་པའི་གཡའ་ཚལ་ཐོད་དུ་ཁུར།།

ཉམས་རྟོགས་བདེན་གཉིས་ཕ་ཕོགས་སྒོམ་དུ་གདབ།།

སྲིད་པར་རི་ལ་བྲོས་པ་ཡག་བྱུང་ཀྱེ།།

གནམ་ས་ཉི་ཟླའི་བསྣོལ་བའི་བྲག་ཕུག་ཏུ།།

ངེས་འབྱུངས་ཡིད་ཀྱི་མཚོ་མོར་སྐྱོམས་པའི་ཚེ།།

ཟག་མེད་བདེ་ཆེན་ཡེ་ཤེས་དགའ་བཞིའི་ཆར།།

ཀུན་གཞིའི་ཡིད་ཀྱི་མཐིལ་དུ་བསྙིལ་བར་ཤོག།

WechatIMG838.jpeg

སྲིད་པ་སྒྱུ་མར་གྱེར་བའི་མགུར།


དོགས་མོ་ས་གཞིའི་ཀླུང་ལ། །

ཆགས་སྡང་བཟི་ཁ་བཙན་པས། །

དབེན་ཁྲོད་ཏིང་འཛིན་རུམས་པའི། །

ཨ་ཇོ་སྙིང་ལོག་རྒྱག་འོང་། །

མནའ་ཚིག་རྡོ་རྗེ་མདུད་པ། །

མི་འགྱུར་སེམས་སུ་མཐུད་ཀྱང་།

འཁོར་འདས་ཡིད་ཀྱི་མྱངས་ན།  །

མདུད་སྣེ་ཆོས་ཀྱི་རུལ་ཡོང་། །

ཨ་ཅག་ཟླ་བའི་ལྷ་མོ། །

ཟླ་བ་ནང་གི་མི་མོ། །

སྤྱན་ཟུང་སྐར་མའི་འོད་མདངས། །

ཚུར་ལ་གཡུགས་པ་མ་གནང་། །

ཞེན་ཆགས་སེམས་ན་ཆེ་ཡང་། །

བདེ་སྣང་ཡིད་ལ་མི་འཁོར། །

སྲིད་གསུམ་གོམས་པས་བརྒལ་ན། །

བདེ་བ་དེ་རུ་གདའ་འོ། །

ཕྱི་མ་ཕྱི་མ་ཟེར་བ། །

ཚིག་གི་སྒྱུ་འཕྲུལ་མ་རེད། །

ལས་དང་དབང་གི་གྲུབ་པའི། །

སྣ་ཚོགས་སྣང་བའི་ཁམས་རེད། །

ཚེ་འདི་ཞེན་པས་གདུངས་ན། །

ཕྱི་མ་སྡུག་གི་གཙིར་འོང་། །

སྡུག་བསྔལ་བརྒྱུས་པའི་ཕྲེང་བ། །

བདག་གི་བརྒྱུ་འདོད་མི་འདུག །

སྙིང་པོ་ནང་ནས་སྟོང་བ། །

འཇིག་རྟེན་འཁོར་བའི་བརྩེ་དུང་། །;

འདུ་བྲལ་སྒྱུ་མའི་གར་ལ། །

ཞེན་ཁ་གཏིང་ནས་ལོག་ཡོང་།  །

ཨ་གསར་སྣང་བའི་ས་བོན། །

རེ་ཞིག་ཡིད་ལ་མཛའ་ཡང་། །

ལོ་ཟླའི་བརྩེགས་རིམས་མང་ན། །

ཡིད་ཆད་སེམས་ཀྱི་ཚོར་འོང་། །

གཙུག་ཕུད་རླུང་དུ་གཟེགས་ནས། །

དམར་སེར་གོས་མདོག་བསྒྱུར་ཉིན། །

འདི་སྣང་སྒྱུ་མའི་ཆོས་ལ། །

གྱེས་བརྡ་ལན་གཅིག་ཕུལ་ཡོད། །

ཚིག་འདི་མ་བཅོས་མགུར་དབྱངས།

རང་བྱུང་སེམས་སུ་རྡོལ་བྱུང་། །

དོན་འདི་ཆོས་ལམ་དཀར་པོ། །

བར་ཆད་སྲུང་མས་སེལ་ཤོག །

ཐོས་པ་རྒྱུད་དུ་ཞུགས་ན། །

ཡང་དག་ཐར་བའི་ས་བོན། །

གོ་ཐོས་ཕྱི་རུ་བུད་ན། །

མ་དག་ལས་ཀྱི་སྣེ་ཁྲིད། །

རིག་གནས་ཤེས་དང་མ་ཤེས། །

དོན་ལ་ཁྱད་པར་མི་འདུག  །

སེམས་རྒྱུད་ཆོས་དང་བསྲེས་ན། །

ཡིད་ག་ཚིམས་པོ་འདུག་གོ  །

འཁོར་བའི་ནོར་ལ་མི་སྨོན། །

ཆོས་པའི་དཔལ་ལ་མི་འཁྲེང་། །

དབེན་ཁྲོད་ལུང་པའི་ཕུག་ཏུ། །

ཆོས་ལམ་མཇལ་བར་འདུན་ནོ། །


༈ དྲིན་ཤེས་པའི་ཚིག་མེ་ཏོག་ཆུན་པོ།


དགེ་རྒན་དམ་པ་མཁན་ཚེ་རིང་བཟང་པོ་མཆོག་ལ།


རིག་སྟོང་མི་ཕྱེད་གཉུག་མ་དོན་གྱི་ཁམས། །

བདེ་ཆེན་ཕྱག་རྒྱའི་ཐིག་ལེ་ཉེར་བསྡམས་པའི། །

འགགས་མེད་རང་བྱུང་པདྨ་རྒྱལ་པོ་དཔལ། །

མི་འབྲལ་སྤྱི་བོའི་གཙུག་ཏུ་དུས་ཀུན་མཆོད། །

མཚོ་བྱུང་ངག་གི་དཔལ་གཏེར་དབྱངས་ཀྱི་བདག །

འཇམ་དབྱངས་ཡེ་ཤེས་འཕྲུལ་མྱུར་རིག་པའི་གཏེར། །

རྣམ་གཉིས་དྭངས་བའི་ཡིད་མཁར་རོལ་བའི་མཐུས། །

དེང་འདིར་ཤིས་པའི་རམ་འདེགས་མ་གཡེལ་ཅིག །

འདི་རུ་སུ་དང་གང་གིས་མི་བསྒྲུན་པའི། །

རྨད་བྱུང་ལྷག་བློ་གཅིག་ཏུ་དཀར་བའི་གཟིས། །

ཕན་བདེ་ལེགས་པའི་དཔལ་སྩོལ་ཡོངས་འཛིན་ཞབས། །

བརྗེད་མེད་ཡིད་དུ་འཁྱིལ་བའི་དན་རྟགས་བཀོད། །

བཞི་གཉིས་བརྒྱད་དུ་རྫོགས་པ་བྱིས་པའི་ལུས། །

ཞི་བསིལ་ཐུགས་རྗེ་ཕྱག་གི་ཉེར་བསྐྱངས་ནས། །

ངུར་སྨྲིག་མཆོག་ཏུ་དགེ་བའི་གཟི་བྱིན་གྱི། །

བདག་ལུས་རི་མོར་བྱས་སོ་དྲིན་པོ་ཆེ། །

དབྱངས་གསལ་འཕྲུལ་གྱི་ཉེར་ཐབས་ཀ་ཁའི་རྒྱུན། །

དལ་བུར་བྲེལ་མེད་འདུན་པའི་དགའ་འཛུམ་གྱི། །

གཅིག་ནས་གཉིས་སུ་བཞག་པའི་ཐབས་མཆོག་དེའི། །

བདག་སེམས་ཡངས་པོར་བྱས་སོ་དྲིན་པོ་ཆེ། །

མ་སྨིན་བསམ་དུ་མེད་པའི་བྱིས་པའི་བློར། །

ཐུན་མོང་ཐུན་མོང་མིན་པའི་རིག་པའི་ནོར། །

གང་འདུལ་ཐབས་མཁས་སྤྱོད་པའི་འཚངས་བ་ཡི། །

བདག་ཡིད་དྲོན་པོར་བྱས་སོ་དྲིན་པོ་ཆེ། །

ན་ཚས་ལུས་ཟུངས་གཟིར་སྐབས་དྲིན་ཅན་མ། །

མགོན་མེད་བླུན་གྲལ་འགྲིམས་སྐབས་སྐྱོངས་བའི་ཕ། །

ལམ་འཕྲང་གཡང་སའི་འཇིགས་ལས་ཉེར་བླངས་ནས། །

མི་ལུས་དོན་ལྡན་བྱས་སོ་དྲིན་པོ་ཆེ། །

དང་པོའི་ལས་ནས་ཐོག་མཐའ་བར་གྱི་རྒྱུན། །

ཅི་ཙམ་ཡིད་ཀྱི་བློ་གྲོས་རྣམ་འཕེལ་བ། །

དེར་བརྟེན་རྨད་བྱུད་འཆད་པའི་འཕྲུལ་ཐབས་ཀྱི། །

བདག་བློའི་སྒོ་ཆེན་ཕྱེས་སོ་དྲིན་པོ་ཆེ། །

མི་ཆོས་འཇིག་རྟེན་གཏམ་གྱི་བདེན་པ་ལ། །

ལྷ་ཆོས་རིག་པའི་ནོར་གྱི་ཕྲ་བཏེགས་ནས། །

ལུགས་གཉིས་དགེ་བའི་ལམ་བཟང་སྟོན་པའི་མཐུས། །

བླང་དོར་ཅུང་ཙམ་ཤེས་སོ་དྲིན་པོ་ཆེ། །

ཐུགས་སེམས་གནད་དུ་སྨིན་པའི་དཔྱད་པ་ལས། །

འདི་དང་འདིར་ཞེས་བརྩེ་བའི་འཛུབ་སྟོན་གྱི། །

ཆོས་གྱི་གྲྭ་བ་འགྲིམས་པའི་དགེ་ལེགས་འདི། །

ཁྱེད་ཀྱི་བྱིན་ནས་ངེས་སོ་དྲིན་པོ་ཆེ། །

མདོར་ན་བདག་གི་ཚེ་ཡི་ཐོག་མཐའ་ཀུན། །

དགེ་བའི་ལྟས་བཟང་ཅི་སྙེད་བྱུང་བ་རྣམས། །

ཁྱེད་ཀྱི་དྲིན་ལས་མེད་པར་ཐག་ཆོད་ནས། །

དྲིན་ལ་དྲིན་དུ་ཤེས་སོ་དྲིན་པོ་ཆེ། །

གང་སྐུའི་སྒྱུ་མའི་འཕྲུལ་གྱི་ཉེར་ཐབས་ལས། །

སྣ་ཚོགས་གཟུགས་ཀྱི་མཚན་མ་གར་བསྒྱུར་ཡང་། །

དད་གསུམ་ཡིད་ཀྱི་པདྨོ་འདབ་སྟོང་པ། །

བདག་ཡིད་ཟིམས་པར་མི་སྲིད་དྲིན་པོ་ཆེ། །

རྣམ་དག་ཐུགས་བསྐྱེད་སྨིན་པའི་མཐུ་སྟོབས་ཀྱི། །

སློབ་ཕྲེང་མཁན་སྤྲུལ་གསར་བའི་ཆབ་ཀྱི་རྒྱུན། །

རྩོལ་མེད་ལྡིང་ཁང་དབྱིངས་སུ་འཇོ་བ་འདི། །

ཁྱེད་གཅིག་ཁོ་ནས་དྲིན་ནོ་དྲིན་པོ་ཆེ། །

སླད་ཀྱང་མི་ཉམས་ཐུགས་ཀྱི་བཞག་པའི་ནོར། །

རྨད་བྱུང་དགེ་འདུན་གསར་བའི་བསྟན་སྲོག་ཟུངས། །

སྔར་མེད་གཟི་ཡི་འོད་ཕུང་འབར་བ་འདི། །

ཁྱེད་ཀྱི་བྱས་པའི་རྗེས་སོ་དྲིན་པོ་ཆེ། །

ལྷ་ལམ་འཛིན་མའི་སྙིང་གར་ལྷུང་བ་དང་། །

ཀླུ་རྒྱལ་གཏེར་གྱི་དབུལ་བ་མ་གྱུར་བར། །

ཁྱེད་སྐུའི་མཛད་པའི་ཐིག་ལེ་ཆ་ཙམ་ཡང་། །

བདག་ཡིད་དད་པའི་མཁའ་རུ་ཇི་ལྟར་ཟིམས། །

ཕྱི་མ་ཕྱི་མའི་དུས་མཐར་ཇི་སྲིད་དུ། །

བདག་ལུས་རྡུལ་ཕྲན་དབྱིངས་སུ་མ་དེངས་བར། །

ཁྱེད་སྐུའི་བསྐྱངས་བའི་རྣམ་ཐར་ཆ་ཙམ་ཡང་། །

བདག་སྙིང་གཞལ་ཡས་དབུས་སུ་རྫོགས་མི་འགྱུར། །

ཇི་སྲིད་ཚིག་གི་ཐ་སྙད་མ་རྫོགས་བར། །

དེ་སྲིད་ཁྱེད་སྐུའི་ཡོན་ཏན་བྱེ་བའི་ཁྱོན། །

བརྗོད་པའི་ལྕེ་རྩ་བརྣངས་བར་མི་སྲིད་མོད། །

འདི་ཙམ་ཚིག་གི་རུས་སུ་རྟེན་དུ་གདབ། །


རྒྱལ་འཕགས་བླ་མ་ཀུ་ལུ་བར་བསྔགས་པའི་ཀ་རྩོམ་དབྱངས་ཀྱི་མུ་ཏིག་ཞེས་བྱ་བ།


ཀ་དག་སྟོང་གསལ་ལྟ་བའི་མཁའ་དབྱིངས་སུ། །

ཁ་དོག་མཚན་མའི་རིས་ཆོད་བྲལ་བ་ཡི། །

ག་དར་མ་བཅོས་རང་རིག་མཇལ་མཁས་པའི། །

ང་ཁྱོད་འཛིན་མེད་ཀུ་ལུ་ཀུན་བཟང་རྒྱལ། །

ཅ་ཅོ་ཚིག་གིས་མི་བསྲུན་ཆོས་ཀྱི་མགུར། །

ཆ་ཆོད་རྟོག་པས་མ་བཞག་འོད་གསལ་ངང་། །

ཇ་ནོར་ཡོན་གྱི་མ་བཀུགས་གདུལ་བྱའི་དོན། །

ཉ་ཉོག་གཏམ་གྱི་མ་བསླད་བཞུགས་འདི་རྨད།

ཏ་ཐཱ་ག་ཏའི་གསུང་གི་སྣང་བ་ལ། །

ཐ་མལ་ལས་ལྷག་མཁྱེན་རབ་ཆེ་བའི་ཚུལ། །

ད་ལྟར་བཞུགས་པའི་རང་རྣམ་ལས་མཇལ་བས། །

ན་བུན་དྭངས་བའི་དད་པའི་ཉི་གཞོན་འཛུམ། །

པ་ཏྲ་བརྒྱུས་འདྲའི་ཁམས་གསུམ་སྲིད་པའི་གྲོང་། །

ཕ་རོལ་སེམས་ཅན་སྐྱེས་འཆི་ཁ་བརྒྱུད་ནས། །

བ་གམ་བརྩེགས་ལྟའི་སྡུག་བསྔལ་སྣོན་པའི་ཚེ། །

མ་ལུས་འདྲེན་པའི་ཐུགས་སྤོབས་འཁྲུངས་བར་གྲགས། །

ཙ་རི་ཏྲ་སོགས་ངེས་མེད་དབེན་པའི་ཕུགས། །

ཚ་གྲང་དཀའ་བ་ཁྱད་གསོད་གོ་བགོས་ནས། །

ཛ་ཡི་གསུང་རབ་ཐུགས་ཉམས་བརྡལ་བ་ལས། །

ཝ་སྐྱེས་ཟིལ་ནོན་འཇིགས་མེད་ང་རོ་བསྒྲགས། །

ཞྭ་གོས་ཆ་བྱད་འདུལ་བའི་ཁྲིམས་དང་བསྟུན། །

ཟ་འོག་རྟེན་སོགས་སྔགས་ཀྱི་སྲོག་མི་འགེམས། །

འ་ཅག་འགྲོ་བ་ཡོངས་ཀྱི་མིག་ལྟོས་སུ། །

ཡ་མཚན་སྤྱོད་པས་སྐྱོངས་བ་བསྔགས་འོས་ཆེ། །

ར་བ་ནོར་གྱི་གང་བའི་ཕྱུགས་བདག་དང་། །

ལ་ལུང་གཞན་ནས་ཐོན་པའི་སྤྲང་པོ་ལ། །

ཤ་ཚའི་མཉམ་པོར་སྐྱོངས་བའི་རྣམ་ཐར་གྱིས། །

ས་གསུམ་སྐྱེ་རྒུ་ཇི་སྙེད་རྗེས་སུ་བཟུང་། །

ཧ་ཅང་ཐལ་མི་ཆེ་བའི་བསྟོད་པའི་ཚིག །

ཨ་མཚར་ཀུ་རེ་མ་ལགས་དད་འདུན་ཟུང་། །

གཅིག་ཏུ་སྡེབས་པའི་སྙིང་གི་ག་བུར་དུ། །

དབྱངས་འདི་སྡེབ་ལེགས་ཚིག་གི་གྲོགས་སུ་སྦྲན། །


ཞེས་པ་རང་ཡུལ་མཁས་གྲུབ་སྒྱུ་སྐར་བྱེ་བའི་དབུས་སུ་རི་བོང་འཛིན་པ་ལྟར་མངོན་པར་འཕགས་པའི་བླ་མ་ཀ་རྩོམ་པ་ཀུ་ལུ་ཀུན་བཟང་མཆོག་གིས་གསུང་རྩོམ་མཇལ་སྐབས། ཚིག་དོན་གཉིས་ཆར་གྱི་ཡིད་ཡང་ཡང་འཕྲོག་པའི་རྐྱེན་བྱས་ནས་བླ་མ་ཉིད་ཀྱི་རྩོམ་སྲོལ་ལྟར་གང་ལ་བསྔགས་པའི་ཀ་མད་དབྱངས་ཀྱི་མུ་ཏིག་འདི་ཉིད་བསྟར་བ་པོ་ནི། འདུ་ཤེས་གསུམ་པ་ལུ་ལམ་སྨན་ལྷ་འབོད་པའོ། །དགེའོ།། །།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།