ཨ་མདོ་རྨེ་བ་དགོན་པས་རྫོགས་ཆེན་རིན་པོ་ཆེར་ཕུལ་བའི་འབུལ་ཡིག

WechatIMG2080.jpeg

ཨོཾ་བདེ་ལེགས་སུ་གྱུར་ཅིག 


འོད་ཟེར་སྟོང་འབར་བདེ་ཆེན་མགོན་གྱི་ཐུགས་ཀའི་ཧྲཱིཿཡིག་དབང་མདོག་ཞུན་མར་འདྲིལ་བའི་བཅུད།།

སིནྡྷུའི་དྭངས་མཚོར་མ་ཆགས་འདབ་སྟོང་པདྨའི་རྩེར་སྨིན་ངོ་མཚར་མཆོག་གི་བཀོད་པ་ཅན།།

སྤྲུལ་པའི་མཚན་བརྒྱད་འཕྲུལ་མཚན་ཉེར་ལྔ་ཡང་སྤྲུལ་བྱེ་བས་མཐའ་ཡས་མི་འབྱེད་ཞིང་ཀུན་འགེང་།།

སྐྱེ་འཆིའི་རྒུད་བྲལ་རང་བྱུང་པདྨ་རྒྱལ་བ་གཉིས་པར་དད་བརྒྱའི་ཕྱག་གིས་ཀུན་ནས་མཆོད།།


མང་དུ་ཐོས་པའི་ལུས་སྟོབས་རབ་རྒྱས་མདོ་སྔགས་ལུང་རིག་རྩལ་ཁ་འབར།།

སྡེ་གསུམ་ཀློང་དགུའི་ཟབ་པའི་གསང་མཛོད་ཇི་བཞིན་འགྲོལ་བའི་སྤོབས་པ་ཅན།།

ཡོངས་རྫོགས་རྒྱལ་བསྟན་གངས་རིའི་སྤོ་ན་མི་འཇིགས་རྣམ་གནོན་རྟག་འཕྱོ་བ།།

སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ་ཡི་ཡབ་སྲས་བརྒྱུད་པར་དྭངས་བས་འདུད།།


བྱམས་པའི་བདུད་རྩིའི་གཞར་ཡང་བཏང་མིན་སྙིང་རྗེ་ཆེན་པོའི་བརླན་ཆགས་པས།།

ཆོས་འདུལ་ཁྲིམས་ཀྱི་གེ་སར་སྟུག་མངའ་ཀུན་དགའི་མེ་ཏོག་འཛུམ་བཅས་འབར།།

ཟུང་འཇུག་གྲུབ་པའི་སྙེ་མ་གཡུར་ཟ་གསང་ཆེན་སྔ་འགྱུར་འཆི་མེད་ཚལ།།

གཅིག་ཏུ་མཛེས་བྱེད་གྲགས་པ་དོན་ལྡན་པདྨ་རིག་འཛིན་གང་དེ་རྒྱལ།།


མཁྱེན་པའི་ཡེ་ཤེས་ཉི་མ་གཞོན་ནུས་ཤེས་དང་ཤེས་བྱ་དབྱེར་མེད་གཟིགས།།

བརྩེ་བའི་ཐུགས་རྗེ་སྤྲིན་དཀར་ཞགས་པས་རྣམ་མང་གདུལ་བྱ་རྗེས་སུ་བཟུང་།།

ནུས་མཐུ་སྨན་གྱི་ལྗོན་པ་བཟང་པོས་སྲིད་ཞིའི་གདུང་བ་ཅིག་ཆར་འཕྲོག །

བཀའ་དྲིན་མཚུངས་མེད་འཇམ་དབྱངས་བླ་མས་དེང་འདིར་ཤིས་པའི་དགེ་ལེགས་སྩོལ།།

WechatIMG2074.jpeg

ཞེས་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་ལ་མཆོད་པར་བརྗོད་པའི་ངག་རིག་ཚིག་གི་མེ་ཏོག་སྤེལ་བ་སྔོན་དུ་བཏང་ནས།  དེ་ལ་འདིར་སྔོན་བསྐལ་བ་གྲངས་མེད་དང་པོའི་ཐ་མ་ལ་བདེ་གཤེགས་གཙུག་ཏོར་ཅན་ཞེས་གྲགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉིད།  སླར་ཡང་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བའི་ཆེད་དུ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་ཆུ་ཟླའི་རོལ་གར་གྱི་རྣམ་པ་བཞིན་ཤར་བ། མདོ་རྒྱུད་རྒྱ་མཚོའི་གནས་ལ་མངའ་དབང་འབྱོར་བ། མདོ་ཁམས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་མཐོ་བ་དེ་ཉིད་ཀྱི་དག་ཆེན་སྐྱེ་བའི་ཕྲེང་བ་བདུན་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༸ བསྟན་འཛིན་ལུང་རྟོགས་ཉི་མ།     གང་གི་ཞབས་ཀྱི་པདྨ་བཀྲ་ཤིས་གསེར་གྱི་འཁོར་ལོས་མཚན་པ་དེ་ཉིད་ལྷ་བརྒྱའི་གཙུག་གི་ནོར་བུས་བཏེགས་པའི་ཁྲི་འཕང་མཐོན་པོའི་ཉེ་དྲུང་དུ།  དད་བརྒྱའི་སྤྱི་བོའི་སྙེ་མ་ས་ལ་རེག་པའི་སྒོ་གསུམ་གུས་པ་ཆེན་པོས་ཞུ་བར་བྱ་བ་ནི།

WechatIMG2077.jpeg

བདག་ཅག་རེ་ཞིང་ལྟོས་པའི་གདུལ་བྱ་མཐའ་ཡས་པ།  དམ་པ་གང་གི་ཐུགས་རྗེ་ཚད་མེད་པའི་གྲིབ་བསིལ་ལ་བརྟེན་པའི་བཀའ་དྲིན་ནི།   སྟོང་གསུམ་གསེར་གྱིས་བཀང་བ་ཙམ་ཕུལ་ཡང་གཞལ་བའི་མཐའ་ལས་འདས་ཀྱང་།  འདིར་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ངམ་རྗེ་མི་བསྐྱོད་རྡོ་རྗེ་དགྱེས་པའི་ཞིང་གི་འཆི་མེད་དོན་ཀུན་ཅིག་ཆར་གྲུབ་པ་བྱང་ཆུབ་མཆོད་རྟེན་ནམ་ཞི་བདེའི་མཆོད་རྟེན་མཐོང་བ་རང་གྲོལ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་རབ་གནས་མཛད་སྒོའི་སྐབས་འདིར།  མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར།   གཞན་ཕན་ལྷག་བསམ་གྱི་ཐུགས་བསྐྱེད་ངོ་མཚར་འཕྲུལ་གྱི་འདུ་བྱེད་རྫོགས་ལྡན་གསར་བའི་སྤྲིན་ཕུང་ཕྱོགས་ཀྱི་ཐ་གྲུ་མ་ལུས་པའི་འགྲམ་པ་ལ་ཉེ་བར་དཀྲིགས་པའི་ཀློང་ལས་མངོན་པར་བབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པའི་ཚོགས་གཉིས་མི་ཟད་པའི་སྦྲང་ཆར་སྙོམ་པོར་བཀྱེས་པའི་དཔལ་ལས།  བགྲང་དུ་ཡས་པའི་འགྲོ་བ་མ་ལུས་པ་སྲིད་པའི་ཟུག་རྔུ་དྲུངས་ནས་འབྱིན་པའི་སྨན་གྱི་མྱུ་གུ་ཆེན་པོར་འཁྲུངས་པའི་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་གི་ཞབས་ཟུང་ཟླ་ཚེས་གསར་བའི་རི་མོ་ལེགས་པར་བཀོད་པའི་བཀྲ་ཤིས་དགེ་མཚན་མངོན་དུ་གྱུར་པ་ལ། 

WechatIMG2078.jpeg

སློབ་དཔོན་ཆེན་པོས།  ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ། །ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་འབུལ། །ཞེས་གསུངས་པ་ལྟར་བསོད་ནམས་ཚོགས་ཆེན་རྫོགས་ཕྱིར་དངོས་འབྱོར་མཆོད་པའི་ཕྲེང་བ་ཅུང་ཟད་བསྟར་བ་ནི།  ཐོག་མར་ཐགས་བཟང་བཀྲ་ཤིས་ཀྱི་རེ་ཁཱ་མཆོག་ཏུ་བཀྲ་བའི་ལྷ་དར་སྲིད་དུ་རིང་བས་སྣ་དྲངས་ཏེ།  སྐུ་མཚན་དཔེའི་དཀྱིལ་འཁོར་རྟག་ཏུ་མཇལ་བའི་རྟེན་འབྲེལ་ལ་རྒྱལ་བ་ཚེ་དཔག་མེད་ཀྱི་གསེར་སྐུ།  གསུང་འགག་མེད་ཆོས་ཀྱི་སྒྲ་དབྱངས་བགྲང་ཡས་འགྲོ་བའི་སྐལ་བ་རུ་སྨིན་པའི་བརྡར་འཕགས་པ་བརྒྱད་སྟོང་བ།  ཐུགས་ཟག་མེད་ཀྱི་ངོ་བོར་སྐུ་བཞིའི་འབྲས་བུ་རང་ཆས་སུ་རྫོགས་པའི་བརྡར་བྱང་ཆུབ་མཆོད་རྟེན།      རིག་སྟོང་གཉུག་མའི་ཡེ་ཤེས་ཀྱི་རང་མདངས། ཕྱི་ནང་གསང་གསུམ་གྱི་མཆོད་པའི་སྤྲིན་ཕུང་མི་ཟད་པའི་ངོ་བོར་ཤར་བ།  མཚོན་བྱེད་དཔེའི་དཀྱིལ་འཁོར་གྱི་བཀོད་པ་རིན་པོ་ཆེའི་མཎྜལ་གཅིག །འཕྲིན་ལས་ཀྱི་ཁྱད་པར་ཞི་རྒྱས་དབང་དྲག་མཆོག་གི་ལས་དང་བཅས་པས་འགྲོ་ཁམས་སྨིན་པར་བྱེད་པའི་རྟེན་འབྲེལ་དུ་གོས་སྣ་ལྔ། རྗེས་བཟུང་མཁས་གྲུབ་ཀྱི་ཁྱུ་ཚོགས་མི་ཟད་ཡོན་ཏན་བྱེ་བའི་ཕུང་པོར་སྨིན་པའི་བརྡར་དམངས་དངུལ་ཁྲི་ཕྲག་གཅིག །སླར་ཡང་མཁྱེན་བརྩེའི་སྣང་བ་གདུལ་བྱ་རྒྱ་མཚོའི་མགོན་དུ་བསྐལ་བརྒྱར་བཞུགས་པའི་རྟེན་འབྲེལ་དུ་ཕྱིང་གདན་དཀར་པོ། གཞན་ཡང་རང་གཞན་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་བ་ལགས་ན་དགྱེས་བཞེས་གནང་བར་ཞུ། སླད་ཀྱི་ཆར་ཡང་ཁྱེད་སྐུ་མི་ཤིགས་རྡོ་རྗེའི་གཤིས་སུ་གྲུབ་སྟེ། འགྲོ་ཁམས་མ་སྟོང་གི་བར་དུ་འཚོ་གཞེས་གནང་བ་དང་ལྟོས་བཅས་བདག་ཅག་ཐུགས་ཀྱིས་མི་འདོར་བར་ཞུ་ཞུ།།

WechatIMG2076.jpeg

སླར་སྨྲས་པ།


དད་དམ་གཙང་མའི་རི་བོ་མནྡཱ་རས།།

བདག་ཡིད་ཆུ་མཚོ་བསྲུབས་ལས་སྐྱེས་པའི་སྒྲོན།།

དུས་གསུམ་ལེགས་བྱས་ཉི་མའི་འཁོར་ལོ་ཆེ།།

ཁྱོད་ཞབས་གླིང་འདིར་གསལ་བའི་རྒྱུར་གསོལ་བ།།


སྲིད་ཞིའི་ཕུན་ཚོགས་སྣང་བའི་མེ་ལོང་གང་།།

བཀྲ་ཤིས་རེ་ཁཱ་དམ་པའི་མཛད་བཟང་ཅན།།

འགྲོ་མང་གཙུག་ཏུ་བཀོད་པའི་ཞབས་སྐྱེས་ཟུང་།

ད་དུང་བསྐལ་བར་བརྟན་པའི་མཆོག་བྱིན་ཅིག །


ཤཱཀ་ཐུབ་བསྟན་པ་གསེར་གྱི་བཅུད་ལྡན་མ།།

ཆེར་སྙིགས་རྒྱ་མཚོའི་ཀློང་དུ་སིམ་ཉེ་བ།།

བཤད་སྒྲུབ་འཇུག་པ་བཅུ་བའི་སྒྱུ་འཕྲུལ་གྱིས།།

གྱེན་དུ་འདེགས་པའི་ཐུགས་བསྐྱེད་ལྷོད་མི་འཚལ།།


དེ་སླད་སྒྲིབ་བྲལ་ཡེ་ཤེས་དག་པའི་ཁམས།།

རབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཐར་ལྷུང་ཡང་།།

མཛད་བཟང་ཟླ་ཟེར་འབུམ་གྱིས་ཡོངས་འཁྱུད་པའི།།

གང་འདི་འགྲོ་བའི་དཔལ་དུ་བརྟན་པར་མཛོད།།


ཁྱོད་ཞབས་པདྨའི་རྡུལ་ཕྲེང་རེ་རེ་ཡང་།།

འགྲོ་མང་གཙུག་ཏུ་བཀོད་པའི་རི་མོ་ལས།།

ཕན་དང་བདེ་བའི་དངོས་པོ་འབུམ་འཛག་པའི།།

མཛད་བཟང་རླབས་ཀྱིས་ས་གསུམ་སྐྱོངས་བར་མཛོད།།

སརྦ་མངྒལཾ།   

2018

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།