༄༅། །ཁྱབ་བདག་བླ་མའི་གྱ་སྟོན་ཤིས་ཚིག་གི་དཔེ་སྐྲུན་གསལ་བཤད།

WechatIMG1726.jpg

དེ་ཡང་ཇི་སྐད་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས། གང་གིས་བདག་མེད་སེང་གེའི་ང་རོ་ཡིས། །སྲིད་པའི་ཆོས་ཚུལ་ཀུན་ནས་རབ་བཤིག་ནས། །མཐའ་བཞིའི་བློ་ངན་མུན་པའི་གནས་མེད་པ། །རྟེན་འབྱུང་དྲི་མེད་བློ་གྲོས་སྣང་བའི་ལམ། །ཞེས་གསུངས་པ་བཞིན། སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རིམ་དང་རིམ་མིན་འཇུག་པའི་ཞི་བའི་ཐབས་ཀུན་མཁྱེན་པ། ཐུགས་རྗེ་ཆེན་པོས་འགྲོ་ཀུན་རྗེས་སུ་བཟུང་བའི་སྐྱེ་དགུའི་མ་འདྲིས་པའི་མཛའ་བཤེས་སྟོན་མཆོག་མཚུངས་མེད་ཐུབ་པའི་དབང་པོ་ཉིད་ཀྱིས། མི་མཇེད་འཇིག་རྟེན་འདིར་མཆོག་གི་རྣམ་པར་རོལ་པས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་རྟེན་འབྱུང་བདག་མེད་སེང་གེའི་སྒྲ་ཆེན་པོ་ཉིད་བརྗོད་པ་གཞན་ཇི་སྙེད་ཟིལ་གྱིས་གནོན་པར་སྒྲོག་པས། འཇིག་རྟེན་ལ་ཤེས་རབ་སྣང་བའི་འོད་ཆེན་འགྱེད། སྲིད་རྩའི་ཕྱིན་ལོག་གི་རྨོངས་མུན་བསལ་བས། ལུགས་འབྱུང་སྲིད་པའི་རྒྱུན་བཟློག་སྟེ། ངེས་ལེགས་རྣམ་པར་གྲོལ་བའི་གླིང་དུ་བཀྲི་བའི་འཇུག་ངོགས་ཉག་གཅིག་དང་། འཇིག་རྟེན་ཞི་བདེའི་ཕན་ཡོན་གྱི་འཚོ་བའི་ཐབས་མཆོག་ཏུ་གྱུར་ལ། དེ་ཉིད་མི་ནུབ་པའི་ཐབས་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་ཅིང་སྤེལ་བ་ནི་སྟོན་པའི་རྗེས་འཇུག་ཡང་དག་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལ་རགས་ཕྱིར། དངོས་བྱུང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་སྟོན་པ་དང་མཚུངས་པའི་ཉན་ཐོས་དང་། བྱང་སེམས། རིག་འཛིན། ལོ་པཎ་དང་མཁས་གྲུབ་འཕགས་བོད་གཉིས་སོགས་སུ་བགྲངས་བ་ལས་འདས་པའི་རྣམ་པར་དཀར་བའི་མཛད་རྗེས་སྲིད་པའི་མུ་མཐར་ཐུག་རག་བར་དུ་ནུབ་པ་མེད་པའི་དགེ་མཚན་གྱི་བ་དན་མཐོ་བ་ཅན་བྱོན་དང་འབྱོན་པ་ལ། སྟོན་པ་དང་བསྟན་འཛིན་དེ་དག་གི་ཡོན་ཏན་ལེགས་མཛད་དང་བཅས་པར་བསྔགས་པའི་སྒྲ་དབྱངས་མི་ཟད་སྤྲིན་གྱི་རོལ་མོའི་ཚོམས་ལས། འདིར་སྙིགས་དུས་བསྟན་འགྲོའི་དཔུང་གཉེན་དུ་ཐུགས་བསྐྱེད་སྨོན་པའི་རང་གཟུགས་ཤར་བ། སྟོན་པའི་ཞལ་སྐྱིན། པདྨའི་རྣམ་སྤྲུལ། བསྟན་པའི་གསལ་བྱེད། འགྲོ་བའི་དེད་དཔོན། མཁས་པའི་གཙུག་རྒྱན། བཙུན་པའི་ཁྱུ་མཆོག གྲུབ་པའི་དབང་པོ། སྡེ་གསུམ་མན་ངག་གི་བཀའ་བབ། མཁྱེན་བརྩེ་ནུས་པའི་དཔལ་ཡོན་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་གང་། བསླབ་གསུམ་རིམ་གཉིས་ཀྱིས་ཉམས་བརྟས་ཤིང་སྡེ་སྣོད་རྒྱུད་སྡེ་དང་གདམས་ངག་ཟབ་མོའི་རྒྱང་གླུ་སྙན་པར་སྒྲོག་མཁས་པའི་ཤཱཀྱའི་དགེ་སློང་གནས་བརྟན་ཆེན་པོ་ཐུབ་བསྟན་ལུང་རྟོགས་ཀྱི་བསྟན་པའི་རྒྱལ་མཚན་བཤད་དང་སྒྲུབ་པས་ནུབ་མེད་དུ་སྒྲེང་བར་མཛད་པ་ཉིད་ལ་བསྟོད་བསྔགས་པདྨ་གསར་པའི་ཕྲེང་བ་བསྟར་ལ་བརྒྱུས་པའི་སྦྱོར་བའི་གཏམ་སྟེ། དེ་ཡང་བསྔགས་འོས་བསྔགས་པ་ལས། མ་འདྲེས་འཕགས་པའི་གདུང་ལས་བྱུང་། །སངས་རྒྱས་ཀུན་དང་སྐལ་བ་མཉམ། །མདོག་དང་ཤེས་རབ་སྣང་བ་ཡིས། །ཕྱོགས་རྣམས་དགེ་བར་མཛད་དེ་འཁྲུངས། །ཞེས་འབྱུང་བ་ལྟར། ས་ཆེན་གོ་ལ་མཐོན་པོའི་ཡང་རྩེར་འཁོད་པའི་ཁ་བའི་ཞིང་དུ་ལུགས་བཟང་འབྲས་ལྡན་གྱི་དུས་ཤིག་ཏུ། རྫ་རྒྱུད་ཉི་མའི་གདན་གྱི་སྐྱེད་ཚལ་ག་ལ་བར་ཕུན་སུམ་ཚོགས་པའི་རིགས་རུས་ལས་ཁྱེའུ་མཛེས་པ་བལྟ་བས་ཆོག་མི་ཤེས་པར་སྐྱེ་མཆེད་དྭངས་ཤིང་། དབང་པོ་གསལ་ལ་ཤེས་རབ་ཆེ་བ་ཞིག་འཁྲུངས། རེ་ཞིག་ན་སྔོན་གྱི་དྲང་སྲོང་མང་པོའི་བསྟི་གནས་སུ་ཞུགས། དམ་པའི་རྗེས་སུ་བསྙེགས་ཏེ་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་ཞིང་སྨིན་གྲོལ་གྱི་གདམས་ཟབ་གསན། གཙུག་ལག་ལ་མཁས་པར་སྦྱོང་བར་མ་ཟད། སྐྱེས་བུ་དེ་ནི་དམ་པ་མང་པོའི་ཐུགས་ཟིན་གྱི་གཅེས་ཕྲུག་དང་། རེ་བའི་མིག་ཟུང་གཏད་ས། དགོངས་པའི་ཕ་ཕོགས་གནང་ཡུལ་ཉག་གཅིག་ཏུ་གྱུར། གང་ཉིད་དཀའ་ཐུབ་ཀྱི་དམ་བཅའ་བརྟན་ཅིང་བློ་གྲོས་གསལ་ལ་བཟོད་དཀྱེལ་ཆེ་བས། རྐྱེན་ངན་གང་གིས་ཀྱང་མི་བརྫི་བར། ཚུལ་མཐུན་གྱི་ཁྲིམས་ལ་གནས་ནས། ཐོས་བསམ་སྒོམ་པར་བརྩོན་པས་ཉམས་སུ་བཞེས་པས། མཁས་བཙུན་བཟང་པོའི་དཔལ་ཡོན་མཐོན་པོ་བདག་གིར་བཞེས། འཆད་རྩོད་རྩོམ་པ་དང་བཤད་སྒྲུབ་ལས་ཀྱི་བགྱི་བ་དཀར་པོས་སྐུ་ཚེ་གང་པོར་ཁ་བའི་ཆོས་རིག་དང་ཤཱཀྱའི་བསྟན་པ་ཉམས་གསོ་མཐར་རྒྱས་སུ་སྤེལ་བ་དང་། འགྲོ་ཁམས་བདེ་བའི་གསོས་སུ་ཅི་ཡང་སྐྱེས་སུ་བཏེགས་ཏེ། ཀུན་ལ་སྙོམས་པའི་བྱམས་བརྩེའི་བསམ་པ་འབྱོངས་པ་དང་། མཐའ་ལ་མི་གནས་པའི་ཤེས་རབ་ཀྱི་སྤྱན་རས་གསལ་ཞིང་། རྒྱ་ཆེ་བའི་ཕྱིན་དྲུག་ལ་སྤྱོད་པའི་མི་ཟད་བརྒྱད་ཅུའི་ཡོན་གྱིས་གཏམས་པའི་འཆི་མེད་མཆོག་ཏུ་གྲུབ་པའི་དགུང་ལོ་བརྒྱད་ཅུར་སོན་པའི་གྱ་སྟོན་གྱི་སྐབས་སུ། སློབ་དཔོན་དཔའ་བོས། བསྔགས་འོས་བསྔགས་པ་གང་ལགས་པའི། །སྐྱེ་བོ་དེས་ཀྱང་ཁྱོད་བསྔགས་ཏེ། །བསྔགས་པར་འོས་པ་རྣམས་ཀྱིས་ཀྱང་། །བསྔགས་པར་བགྱི་བ་ཁྱོད་ལ་འདུད། །ཅེས་གསུངས་པ་བཞིན། ཡུལ་རིས་དང་ཆོས་བརྒྱུད། ཕོ་མོ་དང་སྐྱ་སེར་རིས་སུ་མ་ཆད་པའི་རྩོམ་པ་པོ་ཤིན་ཏུ་མང་པོ་ཞིག་གིས་བསམ་སྦྱོར་དག་པས་ཕུལ་བའི་སྙན་རྩོམ། ཤིས་ཚིག་དང་ཞབས་བརྟན། རྟོགས་བརྗོད་དང་བསྟོད་པ། སྨོན་ལམ་དང་གསོལ་འདེབས་སོགས། གསང་གསུམ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྱི་ཕུང་པོ་དང་འཛད་མེད་འཕྲིན་ལས་བཟང་པོའི་དཔལ་ལ་བསྔགས་པའི་ལྗིད་ཀྱིས་ནོན་པའི་བརྗོད་དོན་གྱི་ཟུར་མི་འདྲ་བ་ནས་གླེང་ཞིང་བསྟོད་པ་དང་། དད་གུས་དང་བཀའ་དྲིན་རྗེས་སུ་དྲན་པ་སོགས་ཀྱི་ཚོར་འདུ་ཤུགས་དྲག་གི་བརྗོད་པ་ཇི་སྙེད་པ་མཐའ་དག་བརྗོད་བྱའི་སྲོག་གི་སྙིང་པོ་ལྡན་ཞིང་། བཅད་ལྷུག་སྤེལ་མའི་རྗོད་བྱེད་ལུས་ཀྱི་ལང་ཚོ་དར་ལ་བབ་པ། སྲོལ་རྒྱུན་དང་དེང་རབས་ཀྱི་ཉམས་འགྱུར་གསར་པའི་རྒྱན་གྱིས་ཕྱུག་པའི་ངག་རིག་གི་འདབ་ལྡན་མེ་ཏོག་གསར་པ་ཕྱོགས་དང་ཕྱོགས་ནས་ཁ་འབབ་ཉལ་འགྲོའི་རྒྱུན་གྱི་ཡོན་ལ་འགྲན་པར་འཐོར་བ་ལས། ཕུལ་བྱུང་ལེགས་རྩོམ་བརྒྱ་ཕྲག་ལྷག་ཅིག་བདམས་ཏེ། གངས་རྒྱན་གསེར་གྱི་པདྨ་ཞེས་པས་མཚན་པའི་ཆེད་དེབ་གཉིས་བསྒྲིགས་ནས་པར་དུ་བསྐྲུན་པ་སྟེ། དེ་ཡང་ཤིས་བརྗོད་དང་། རྟོགས་བརྗོད། བཅད་རྩོམ། ཀ་རྩོམ། ལྷུག་རྩོམ། སྤེལ་མ། རང་མོས། གསུང་ཟིན། སྐྱེས་ལན་ཚེ་གཡང་འགུགས་པ་འདོད་འབྱུང་དབང་གི་ལྕགས་ཀྱུ་རྡོ་རྗེ་གསུང་བྱིན་ཅན་གྱིས་མཐར་མཛེས་པ་ཅན་གྱི་བཀྲ་ཤིས་པའི་གྲངས་ཀྱི་སྡེ་ཚན་དུ་ཕྱེས་པས་འཚོལ་སླ་ལྟ་ཀློག་བདེ་བ་དང་། དམ་པའི་སྐྱེས་བུས་མཛད་པའི་ཤིས་ཚིག་དང་ཞབས་བརྟན་སོགས་དགོས་དབང་གིས་འགའ་ཞིག་དམིགས་བསལ་ལས། གཞན་མིང་ཆེ་ཆུང་དང་། རིགས་རུས་མཐོ་དམན། འབྱོར་ཐོབ་ཡོད་མེད། ཕོ་མོ་དང་སྐྱ་སེར་གྱི་ཁྱད་པར་མ་ལྟོས་པར། རྩོམ་སྒྲིག་པ་རྣམས་ཀྱིས་སྙན་རྩོམ་སོ་སོར་མང་མོས་ཀྱིས་དཔྱད་འདེམས་བྱས་ཤིང་། བསྒྲིག་པའི་གོ་རིམ་ཡང་རྩོམ་པ་པོའི་མཚན་གྱི་ཐོག་མའི་མིང་གཞིའི་ཡི་གེ་གསལ་བྱེད་ཀྱི་གོ་རིམ་ལྟར་བཀོད་དེ་རིས་མེད་འདྲ་མཉམ་གྱི་ལྟ་བའི་སྒོ་ནས་བསྒྲུབས་པར་བྱས་སྟེ། ཇི་སྐད་དུ་སྐྱེས་རབས་ལས། འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །བདག་གིས་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་གིས་འདི་བརྩམས་སོ། །ཞེས་གསུངས་པ་ལྟར་རྙེད་པ་སོགས་ལྷུར་ལེན་པ་མ་ཡིན་པར་དམ་པའི་རྣམ་ཐར་དང་མཛད་པ་ཤེས་ཤིང་རྗེས་སུ་དྲན་པ་དང་། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལ་དད་ཅིང་བསྔགས་པའི་བསོད་ནམས་བསམ་མི་ཁྱབ་པ་ཡུན་དུ་འཕེལ་བའི་ཕྱིར་དང་། བླ་མ་དམ་པའི་རྣམ་ཐར་ལ་རྗེས་འཇུག་སློབ་མའི་མིག་ལྟོས་དང་ཉམས་སུ་ལེན་པར་བྱ་བའི་ཕྱིར་དང་། བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་རིག་མི་ཉམས་གོང་འཕེལ་གྱི་ཞབས་ཞུ་དང་། ཁྱད་པར་དུ་བོད་ཀྱི་སྙན་རྩོམ་རིག་པ་སྔར་ཡོད་བཟང་པོའི་རྒྱུན་མི་ཉམས་ཤིང་ཕྱིས་དར་གསར་པ་སྤུས་ཇེ་དག་ཏུ་འགྱུར་ཏེ། འཛམ་གླིང་གི་རྩོམ་སྟེགས་ཡངས་པར་སྒྱུ་རྩལ་ཉམས་ཀྱི་ངོ་མཚར་འབར་བའི་གསོས་སོགས་སུ་དམིགས་ཏེ་བསྒྲིགས་ཤིང་སྤེལ་བ་ལགས་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་གང་ལ་དགོས་པའི་རེ་འདུན་སྐོང་བའི་ལེགས་སྐྱེས་གྱ་ནོམ་པར་འགྱུར་བར་སྨོན་པ་དང་། པད་དཀར་དང་སྟོན་ཟླ་གངས་རིའི་མདངས་ལས་ཕྱུང་བའི་འདུ་བྱེད་དགེ་བའི་འོད་ཀྱིས་ཁྱབ་བདག་བླ་མ་དམ་པ་གཙོས་བསྟན་པའི་རྩ་ལག་རྣམས་ལེགས་མཛད་ཆོས་འཁོར་དང་བཅས་ཡུན་དུ་བཞུགས་པ་དང་། དེའི་མཐུས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་འགྲོ་རྣམས་ལེགས་མཐོང་རྟེན་འབྱུང་གི་དེ་ཉིད་གསལ་བའི་མིག་ཐོབ་སྟེ་འཚེ་བྲལ་ཞི་བའི་སྤྱོད་པ་ལ་སྦྱོར་བས་འཕྲལ་ཡུན་ཞི་བདེས་འཚོ་བ་དང་། བསིལ་ལྡན་ཆོས་ཀྱི་ཞིང་དུ་རྫོགས་ལྡན་གསར་པའི་དཔལ་ཡོན་མགྲོན་དུ་འགུག་པའི་གྱེར་དབྱངས་སྙན་པོ་རྟག་ཏུ་སྒྲོག་པའི་རྟེན་འབྱུང་དགེ་བའི་རྒྱུར་འགྱུར་བའི་བཀྲ་ཤིས་ཤོག །

WechatIMG4211.jpeg

 ཅེས་པ་འདི་བྷྲཱུྃཿ ཨཱ་ཡུར་བོད་ཡིག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམས་ཀྱིས་བཀའ་བསྐུལ་བཞིན་ལི་ཐང་ཨ་ཆོས་ཀྱིས་རྒྱ་ནག་ལྷོ་མཐའི་གླིང་ཆུང་། མཐའ་ཡས་ཆུ་གཏེར་ཆེན་པོའི་མུའི་རླབས་ཕྲེང་དང་ཉི་ཟླའི་འཆར་ནུབ་ཀྱི་ཟེར་མདངས་འདྲེས་པར་སྣང་བ་དང་། འབྲས་ལྡན་ལྗོན་པའི་གཡུ་ཕྲེང་བསྟར་བའི་ཁོར་ཡུག་ན་འདབ་སྟོང་སྣ་ཚོགས་རྒྱུན་དུ་བཞེད་པ་སོགས་ངོ་མཚར་མཛེས་པའི་རྒྱན་གྱིས་ཕྱུག་པའི་གནས་ཀྱི་དགའ་བའི་ཚལ་ཞིག་ཏུ་རབ་གནས་དགེ་བྱེད་ཆུ་སྟག་རྒྱལ་ཟླའི་ཚེས་བཅོ་བརྒྱད་དགེ་བའི་ཉིན་བྲིས་པ་ཛ་ཡནྟུ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།