༄༅། །རྗེ་བཙུན་ཆེན་པོ་མཚོ་འཁྲུངས་པདྨ་ཀ་རའི་རྣམ་ཐར་ཉུང་བསྡུས་དད་པའི་གདུང་དབྱངས།

IMG_0821.JPG

ན་མོ་གུ་རུ་པདྨ་ཀ་ར་ཡེ། ཨེ་མ་ཧོ། 

བདེ་ཆེན་ཞིང་དེར་སྣང་བ་མཐའ་ཡས་མགོན། །

ཐུགས་ཀའི་ཧྲཱིཿ་ཡིག་འོ་མ་རྒྱ་མཚོར་བབས། །

ཡ་མཚན་བརྗོད་བྲལ་མཚན་དཔེའི་སྐུར་སྣང་བ།།

གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས། །


སྨོན་ལམ་དབང་གིས་ཨིནྡྲ་བྷོ་དྷིར་འཕྲད། །

ཡུལ་དེར་བྱོན་ནས་དམ་ཆོས་སྒྲོན་མེ་སྤར། །

འོད་འཆང་མ་སོགས་བཙུན་མོའི་འཁོར་གྱིས་སྐོར། །

གུ་རུ་པདྨ་རྒྱལ་པོ་མཚན་མཆོག་སྣང་། །


འགྲོ་དོན་ལ་དགོངས་བསིལ་བའི་ཚལ་དུ་བཞུད། །

གཟུགས་ཅན་གཟུགས་མེད་ལྷ་སྲིན་བྲན་དུ་བཀོལ། །

གསང་སྔགས་ཕྱི་རྒྱུད་སྡེ་གསུམ་གསན་བཞེས་མཛད། །

གུ་རུ་ཉི་མ་འོད་ཟེར་སྐུ་རུ་སྤྲུལ། །


ཡང་ལེ་ཤོད་དུ་ཡང་གསང་སྒྲུབ་པ་མཛད། །

ཀུན་དགའ་འབུམ་སོགས་གཤེས་གཉེན་ཚུལ་བསྟེན་ནས། །

ཐུགས་ཟབ་དགོངས་པ་ཨ་ཏི་གསང་སྡེ་གསན། །

ཤཱཀྱ་སེང་གེས་འགྲོ་དྲུག་འདྲེན་པར་མཛད། །


བདེ་བྱེད་བརྩེགས་དང་སོ་ས་གླིང་ཉིད་དུ། །

ཤྲཱི་སེང་དང་བྲ་བྷ་ཧ་ཏི་བསྟེན། །

རྫོགས་པ་ཆེན་པོའི་ཆོས་རྣམས་ཐུགས་སུ་ཆུད། །

གུ་རུ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ། །


ཟ་ཧོར་ཡུལ་བྱོན་གཏུལ་ཞུགས་མཛད་པ་སྐྱོང་། །

མན་དཱ་ར་བ་གསང་ལམ་རྟོགས་པ་མཉེས། །

འབྲེལ་ཚད་དོན་ལྡན་རྒྱལ་ཁབ་ཆོས་ལ་བཙུད། །

མཁྱེན་རབ་ཐོགས་མེད་བློ་ལྡན་མཆོག་སྲེད་རྒྱལ། །


ཏི་གྲོ་བྲག་དང་མཆིམས་ཕུ་གནས་རྣམས་སུ། །

ཚེ་ཡི་རིག་འཛིན་སྒྲུབ་པས་གྲུབ་པ་ཐོབ། །

ཟག་མེད་རྡོ་རྗེ་ལྟ་བུ་སྐུ་མཆོག་མཉེས། །

རིག་འཛིན་པདྨ་ཐོད་ཕྲེང་རྩལ་དུ་གྲགས། །


ཟངས་གླིང་ལ་སོགས་མུ་སྟེགས་གདུག་པའི་ཚོགས། །

ཞི་དྲག་སྣ་ཚོགས་ཐབས་ཀྱིས་བཏུལ་བ་དང་། །

སྣང་སྲིད་དབང་བསྒྱུར་སྲིད་གསུམ་མངའ་དབང་བསྡུས། །

མཐུ་ལྡན་གུ་རུ་སེང་གེ་སྒྲ་སྒྲོག་ཅེས། །


སྟག་ཚང་སེང་གེ་ལྷ་སྲིན་དམ་ལ་བཏགས། །

མི་མིན་རྒྱལ་བསེན་དམ་སྲིའི་རྒྱུ་བ་བཅད། །

ཀླུ་གཉན་སྡེ་བརྒྱད་མ་ལུས་ཟིལ་གྱིས་མནན།།

ཆེ་མཆོག་བཛྲ་ཁྲག་འཐུང་གྲོ་བོ་ལོད། །


མངའ་བདག་རྒྱལ་བོས་གུས་ཕུལ་བོད་དུ་བྱོན། །

བོད་ཡུལ་དཀོན་མཆོག་གསུམ་གྱི་བསྟན་པ་བཙུགས། །

རྒྱ་བོད་པཎ་གྲུབ་སྤྱན་དྲངས་མདོ་སྔགས་བསྒྱུར། །

རྗེས་འབངས་ལ་སོགས་གྲུབ་མཉེས་དངོས་གྲུབ་ཐོབ། །


བརྒྱ་དང་བཅུ་གཅིག་བོད་ཡུལ་འགྲོ་དོན་མཛད། །

མང་ཡུལ་གུང་ཁར་ལྷ་སྲས་སྐྱེལ་མ་མཛད། །

སིངྒ་ལ་རྒྱུད་ལྷོ་ནུབ་སྲིན་གླིང་བྱོན། །

སྲིན་པོ་མ་རུང་ཚོགས་རྣམས་ཆོས་ལ་བཙུད། །


དད་པ་ཅན་ལ་ང་ཉིད་འདུ་འབྲལ་མེད། །

གསོལ་བ་ཐོབས་དང་བྱིན་རླབས་རྟག་དུ་འཇུག །

ང་ཡི་རྗེས་འཇུག་བོད་འབངས་སྐལ་ལྡན་དག །

ལས་འབྲས་སྲུང་ཞིང་རང་རྒྱུད་ཐུལ་བར་མཛོད། །


ང་ཡི་མཚན་སྔགས་བཛྲ་གུ་རུ་བགྲངས།།

རྡོ་རྗེ་ཚིག་བདུན་བླ་མའི་རྣལ་འབྱོར་སྒོམས།།

འཆི་ཁ་དྲོད་རྟག་རང་མགོ་ཐོན་པར་བྱོས། །

མཉམ་ལེན་ཀུན་ཀྱི་རྩ་བ་དེ་ལས་མེད། །


སྐུ་དྲིན་བསམ་མི་ཡོད་ན་གསོལ་བ་ཐོབས། །

ཐུགས་རྗེ་ཟེར་ཐག་ནམ་ཡང་ཆད་མི་འགྱུར། །

སྙིང་རུས་བརྟན་པོས་སྒྲུབ་པ་བྱེད་ནུས་ན། །

བར་ཆད་བདུད་དབང་མི་བཏང་ང་ཡིས་སྐྱོབས། །


དེང་དུས་སྙིགས་མ་ལྔ་བདོ་གནས་སྐབས་འདིར།།

ལས་ངན་རྒྱུ་འབྲས་རྣམ་སྨིན་མཚོ་ལྟར་བརྡོལ།།

ཕྱི་རྐྱེན་འབྱུང་བཞི་འཇིགས་པས་སྐྱེ་འགྲོ་མནར། ། 

ནང་རྐྱེན་གཡུལ་འཁྲུག་འགྲོ་རྣམས་བདེ་སྐྱིད་བཅོམས།།


དེ་དུས་འགལ་རྐྱེན་བར་ཆད་འབྱུང་ཉེ་འདིར།།

དུས་གསུམ་སངས་རྒྱས་རྣམ་སྤྲུལ་འགྲོ་བའི་མགོན།།

འབྱུང་བཞིར་དབང་བསྒྱུར་ཨོ་རྒྱན་པདྨ་འབྱུང་། །

མོས་གུས་གསོལ་འདེབས་རྣམ་ཐར་ཀློག་འདོན་དང་། །


རི་བྲག་གནས་གཙང་མཆོད་རྟེན་སྐུ་བརྙན་བཞེངས། ། 

བ་ཛྲ་གུ་རུའི་དར་ལྕོག་ཅི་ནུས་གྱིས། །

རྣམ་དཀར་དགེ་བསགས་བྱང་ཆུབ་སེམས་མཆོག་སྒོམས། །

ཐུགས་སྐྱེད་དག་པའི་སྨོན་ལམ་རྣམ་དག་ཐོབས།།


དུས་འཁྲུག་ཞི་ཞིང་རྒྱལ་ཁབ་བདེ་ཞིང་སྐྱིད། །

འཛམ་གླིང་ཞི་བདེ་རྫོགས་ལྡན་དཔལ་གྱིས་འཚོ། །

དོན་གཉིས་ལྷུན་འགྲུབ་དགེ་ལེགས་ས་གསུམ་ཁྱབ།།

དེའི་ཕྱིར་དད་ལྡན་མོས་གུས་བུ་སློབ་རྣམས། །


པདྨའི་རྣམ་ཐར་ཉུང་བསྡུས་འདིར་སྒྲུབ་གནད། །

ཚིག་ཉུང་དོན་བསྡུས་བྱིན་རླབས་ཟབ་ཆོས་ཡིན། །

ཛཡིད་མི་ཆེས་ན་སྒྲུབ་བརྩོན་བྱེད་ལ་རག། །

དམ་མེད་ལོག་ལྟ་ཅན་ལ་གསང་བའི་རྒྱ། །


བཀའ་འདི་གསང་བའི་ལྷ་མོ་སྡེ་ལྔར་བཅོལ། །

ལས་འཕྲོ་སྐལ་ལྡན་ཅན་དང་ཕྲད་པར་ཤོག།

འཕྲད་ནས་འགྲོ་དོན་འཔག་མེད་འབྱུང་བར་ཤོག།

ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། །


དགེ་ལ་ཡི་རངས་ཆོས་འཁོར་སྐོར་བར་ཞུ། །

མྱ་ངན་མི་འདའ་རྡོ་རྗེ་ངོ་བོར་བཞུགས། །

དུས་གསུམ་དགེ་ཚོགས་མ་ལུས་འགྲོ་ལ་བསྔོ། །

བླ་མེད་ཁྱེད་ཀྱི་ཞབས་དྲུང་སྐྱེས་བར་ཤོག ། 

 

ཨཱྃ་ཨ་ཧཱ་བཛྲ་གུ་རུ་པདྨ་སིངྷི་ཧཱུཾ།

WechatIMG2323.jpg

ཞེས་པའང་མདང་ནུབ་རྨི་ལམ་དུ་བླ་མ་ཨོ་རྒྱན་རིན་པོ་ཆེ་མཇལ་བས་ཉམས་འཆར་བྱུང་བ་ལ་དགའ་དད་སྤྲོ་གསུམ་གྱི་དུས་ཚེས་ཁྱད་པར་བ་ཡར་ངོས་ཚེས་བཅུ་ལ་རྟགས་དང་རྟེན་འབྲེལ་གྱི་ཚུལ་དུ་མ་ཧ་ཙི་ནའི་ཡུལ་རབ་མཛེས་ཤེལ་གྱི་ཐོག་བརྩེགས་བཅུ་གསུམ་ལས་བདེ་སྟོང་འོད་གསལ་འཆར་བའི་ལྡིང་ཁང་ནས་སྙོམས་ལས་པ་ནམ་སྨྱོན་མིང་ཅན་གྱིས་སླར་ཡང་སྨོན་པ་དང་བཅས་ཕྱི་ལོ2024ཟླ4ཚེས་10ལ་ཕུལ་བའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།