རབ་འབྱམས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི།།
གསང་གསུམ་ཡོན་ཏན་གཅིག་ཏུ་བསྡུས་པའི་གར།།
ཞིང་འདིའི་སྣང་ངོར་བཤེས་གཉེན་ཚུལ་བཟུང་བ།།
མི་ཕམ་ཆོས་རྗེ་གཏན་གྱི་སྐྱབས་སུ་འདུད།།
སྔོན་གྱི་རབ་བྱུང་བཅུ་བཞིའི་ནང་རོལ་གྱི།།
མེ་རྟའི་སྨིན་དྲུག་ཟླ་བའི་ཚེས་ལྔ་ལ།།
གནས་མཆོག་ཡ་ཆུའི་དིང་ཆུང་ཞེས་བྱའི་སར།།
མཚན་དཔེའི་པད་མོ་མངོན་པར་བཞད་པ་རྨད།།
དེ་ནས་དགུང་གྲངས་བདུན་པ་ཆུ་བྱིའི་ལོར།།
མདོ་སྔགས་དགོངས་འགྲེལ་ཀུན་གྱི་གནད་འདུས་པའི།།
བསྟན་བཅོས་ཐོག་མ་ངེས་ཤེས་རིན་པོ་ཆེའི།།
སྒྲོན་མེ་གསར་བ་སྔ་འགྱུར་རྒྱན་དུ་སྦར།།
སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་འབྱོར་བས།།
ཆུང་ངུའི་དུས་ནས་མཁྱེན་པའི་རྩལ་རྫོགས་ཏེ།།
ཐུབ་པའི་བསྟན་པ་ཡོངས་སུ་གསལ་ནུས་པས།།
བསིལ་ལྗོངས་ཁྱོན་འདིར་འཇམ་མགོན་བླ་མར་གྲགས།།
ཕས་རྒོལ་ལོག་སྨྲས་བྲག་རི་སྤོ་མཐོན་དག།
དངོས་སྟོབས་རིགས་པའི་དབལ་གྱི་ཟེར་ཙམ་ཡང་།།
ཕོག་པའི་མོད་ལ་ཐལ་བར་བརླག་མཛད་པས།།
བཤེས་གཉེན་ཁྱེད་ནི་ཕྱོགས་གླང་ཡབ་སྲས་དངོས།།
གཟུངས་མཆོག་བརྒྱད་ལ་དབང་བ་རྗེ་ཁྱེད་ཀྱིས།།
མཛད་པའི་གཞུང་བཟང་གོ་ལ་ཧྲིལ་པོ་ལ།།
སྲིད་པའི་སྒྲོན་མེས་ཁྱབ་པ་བཞིན་གསལ་བས།།
ཚིག་གཅིག་དོན་ཡང་བསྐལ་བར་བརྗོད་མི་ལང་།།
དངོས་སྟོབས་རིགས་པའི་སྲོག་ཤིང་ལྟ་བུའི་གཞུང་།།
བློ་དམན་བདག་འདྲས་རྟོགས་པར་དཀའ་ན་ཡང་།།
ཡང་དག་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ལས།།
ཐིགས་པ་གཅིག་ཙམ་ལ་ཡང་དགའ་བས་འཇུག།
རྣམ་དག་རྒྱལ་བའི་ཆོས་ཚུལ་མཐར་ཐུག་དོན།།
ཚུལ་གཉིས་ལམ་སྲོལ་བཟང་པོར་རབ་བཀྲལ་བའི།།
འཇམ་མགོན་བླ་མའི་གཞུང་བཟང་འདི་དག་དང་།།
མཇལ་བའི་བསྐལ་བཟང་ད་དུང་མང་འཐོབ་ཤོག།
ཅེས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་དང་ལྡན་པ་འདི་ནི་འཇམ་དབྱངས་སྨྲ་བའི་དབང་ཕྱུག་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རབ་ལ་ཐོས་བསམ་ཕྲན་བུ་བྱེད་པའི་སྐལ་བ་ལྡན་པའི་དམན་བུ་རགས་བཀྲམ་པ་སེམས་ཉིད་འོད་གསལ་ལམ་མཆོང་སྨྱུག་ཏུ་འབོད་པས་འཇམ་མགོན་བླ་མའི་མཚན་དཔེའི་མེ་ཏོག་གསལ་དུ་བཞད་པའི་ཉིན་མོ་སྟེ་སྨིན་དྲུག་ཟླ་བའི་ཚེས་ལྔ་ལ་གསེར་ལྗོངས་ལི་མདོ་ཆོས་གྲྭའི་རང་སྤྱིལ་ནས་བྲིས་པ་འདི་ཡང་ཚེ་རབས་ཀུན་ཏུ་འཇམ་མགོན་བླ་མའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་གུ།།།། ༢༠༢༤ / ༡༢ / ༦
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།