དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཁག་གི་འཐུས་ཚབ་རྒྱས་འཛོམས་སྙན་ལམ་དུ་ཕུལ་བ།

༄༅།། དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཁག་གི་འཐུས་ཚབ་རྒྱས་འཛོམས་ཐེངས་གཉིས་པའི་མཁན་སྤྲུལ་ལྷན་རྒྱས་པའི་སྙན་ལམ་དུ་ཕུལ་བ། 

               གྲུབ་དབང་རྫོགས་ཆེན་དགོན་ནས།

  གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་བསྟན་པ་རིན་པོ་ཆེ་ཁ་བའི་ལྗོངས་སུ་སྔ་ཕྱི་ཡང་དར་གྱི་དུས་རིམ་འགྱུར་འགྲོས་ཁྲོད། དུས་རབས་སོ་སོའི་བསྟན་འཛིན་སྐྱེས་ཆེན་དགེ་འདུན་སྡེ་དང་བཅས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་བདག་རྐྱེན་ལས།  དེང་གི་དུས་སུའང་བསྟན་རྒྱུན་དམ་གཙང་ཉམས་མེད་རྒྱུན་གནས་དར་རྒྱས་ཀྱི་མཛད་འཕྲིན་སའི་སྟེང་ན་མངོན་པར་འཕགས་པ་བྱུང་བ།  སྔ་ཕྱིའི་ཆོས་སྡེ་ཁག་གི་དམ་པ་གོང་མ་རྣམས་ཀྱི་བཀའ་དྲིན་ལས་བྱུང་ཕྱིར་མཁྱེན་སྤྱན་ཡངས་པའི་རྗེས་འཇུག་པ་དག་གིས་ཇི་སྲིད་བར་བཀའ་དྲིན་བསམ་ཤེས་རྗེས་དྲན་ཞུ་འོས་སུ་མཐོང་།  

  སླད་ཕྱིན་མདོ་སྔགས་ཐེག་རིམ་ཚང་ལ་མ་ནོར་བའི་སྔ་འགྱུར་བའི་བསྟན་རྒྱུན་དག་གཙང་རྒྱུན་གནས་འབྱུང་མིན་ད་ལྟའི་དགེ་འདུན་སྡེ་གཉིས་ཀྱི་བསླབ་སྡོམ་དམ་ཚིག་གཙང་མིན་དང་། བཤད་སྒྲུབ་ལུང་རྟོགས་བསྟན་པའི་ཉམས་བཞེས་ལ་རགས་ལས་ཕྱིར་བསླབ་སྒྲིག་གི་བཅས་མཚམས་ལས་མི་འདའ་བའི་ཐབས་ཚུལ་གནས་དུས་དང་བསྟུན་པའི་གཏན་འབེབ་དང་། མདོ་སྔགས་རིག་གནས་དང་བཅས་པའི་ཡོན་ཚད་གོང་འཕེལ་ཆེད་སྔ་འགྱུར་རྙིང་མའི་བཤད་གྲྭ་ཆེ་ཕྲ་དག་གི་འཛིན་རིམ་སློབ་སྒྲིག་ནས་རྒྱུགས་སྤྲོད་མཐར་ཕྱིན་མཚན་རྟགས་སོགས་གཅིག་གྱུར་གཏན་འབེབས་འཛིན་སྐྱོང་བྱེད་ཐབས་ལ་དཔྱད་བསྡུར་གྲོས་ཞིབ་གནང་རྒྱུ་གལ་ཆེ་བ།  ངེས་དོན་བསྟན་པའི་ཆུ་འགོ་མ་དགོན་ཆེན་མོ་ཁག་དང་ཆོས་སྡེ་ཆེན་མོ་དག་གི་སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་ནས་མདོ་སྔགས་ཀྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་གསང་ཆེན་ནང་རྒྱུད་སྡེ་གསུམ་གྱི་དབང་ལུང་མན་ངག་གི་བླ་བརྒྱུད་གཅིག་ཏུ་འབྲེལ་ཞིང་དམ་ཚིག་གཅིག་ཏུ་འདྲེས་པས་སྔར་ལམ་བཞིན་ཐུགས་མཐུན་དམ་ཚིག་སེལ་མེད་ལ་ནན་ཏན་དུ་འཛིན་ནས། སྙིགས་དུས་ནོར་ཅན་དབྱེན་སྦྱོར་མཁན་གྱིས་བསམ་སྤྱོད་འདྲ་མིན་སྤེལ་བའི་རྗེས་སུ་མི་འབྲང་བར་ཆོས་སྡེ་གདན་ས་ཆེ་ཁག་ཐུགས་མཐུན་གོང་བུ་གཅིག་ཏུ་སྒྲིལ་བ་ལ་གནད་དུ་འཛིན་པའི་ཞུ་བསྐུལ་དང་། སྔ་འགྱུར་རྙིང་མའི་ཐུན་མིན་ཕ་ཆོས་མདོ་སྒྱུ་སེམས་གསུམ་གྱི་བཤད་སྒྲུབ་ཉམས་བཞེས་ནས་མཐོང་བརྒྱུད་ཕྱག་བཞེས་ཡན་ཉམས་པ་སོར་ཆུད་དར་རྒྱས་ཡུན་གནས་ལ་འབད་རྒྱུ་དུས་བབས་དགོས་གནད་དུ་གཟིགས་རྒྱུའི་བསྐུལ་མ་དང་བཅས། གལ་དོན་འགའ་ཆེད་དུ་ཡིག་ཐོག་ནས་འདི་བཞིན་སྙན་ཞུར་ཕུལ་ཞིང་།  གཞན་ད་ལམ་འཐུས་ཚོགས་སུ་གྲུབ་དབང་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་དག་གི་གསུང་མོལ་གྱིས་འཐུས་རྒྱུ།  

མཇུག་མཐར་རྒྱལ་བསྟན་དར་ཞིང་འགྲོ་ལ་སྨན་པའི་བཞེད་དགོངས་མཐའ་དག་གེགས་མེད་འགྲུབ་པའི་སྨོན་འདུན་དང་བཅས། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་ནས།

བསྟན་བདག་རྒྱུན་ལས་གྲོས་ཚོགས་པས་ཕྱི་ལོ་༢༠༡༦ལོའི་ཟླ་༢པའི་ཚེས་༡༣ཉིན་ཕུལ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།