རྒྱལ་དབང་ལྔ་བ་ཆེན་པོས་གྲུབ་ཐོབ་རྫོགས་ཆེན་པར་ཕུལ་བའི་འཕྲིན་ལན་ཀུན་བཟང་ཞལ་ངོམ།

ས་ལུག་ལོར་སྔ་འགྱུར་གསུང་རབ་སྤྱི་དང་ཁྱད་པར་སྙིང་ཏིག་གི་རྟོགས་པ་ཀློང་དུ་གྱུར་པའི་ཁམས་པ་རྫོགས་ཆེན་པར་ཕུལ་བའི་འཕྲིན་ལན་ཀུན་བཟང་ཞལ་ངོམ། 

རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།

དལ་འབྱོར་རྟེན་བཟང་ཞིང་ས་གཤིན་པོ་ལ། །ཐོས་པའི་ས་བོན་བསམ་སྒོམ་དྲོད་གཤེར་གྱིས། །ཡོངས་སྨིན་དོན་ལྡན་སྙེ་མ་གཡུར་ཟ་བ། །ཁམས་སྟོད་རྫོགས་ཆེན་བླ་མའི་འཕྲིན་ལན་སོན། །ཚེ་རབས་མང་གོམས་ལེགས་བྱས་མཐུ་བོ་ཆེས། །ཐེག་པ་ཀུན་གྱི་རྩེ་རྒྱལ་ཨ་ཏི་ལ། །བཟང་པོའི་བག་ཆགས་སད་ཁྱོད་ལྕེ་བཙུན་གྱི། །རྗེས་སུ་བསྙེག་ཆེད་རིང་པོར་འཚོ་བ་བཞིན། །འདི་ན་མདོ་རྒྱུད་ཐ་སྙད་གཞུང་འགྲེལ་འགར། །སྦྱངས་སྟོབས་ལྷོད་པོས་བགྲོད་པའི་གཉིས་འཐུང་བདག །བརྩོན་པས་རྩེ་གཅིག་སྒྲུབ་ལ་མ་བསྒྲིལ་བས། །ཁ་བཤད་ནེ་ཙོའི་སྨྲ་བ་ཁོ་ནར་ཟད། །ཉམས་མྱོང་ལ་བའི་རྒྱུ་སྤུན་མེད་བཞིན་དུ། །གཞན་རྟོགས་གེགས་སེལ་བོགས་འདོན་འཇམ་ཕྲུག་ཐགས། །སོམ་ཉིའི་གྲང་རེག་བསལ་ལ་ཡིད་བརྟན་པར། །རྒྱུ་བའི་ཤ་གོས་མཁའ་དབྱིངས་པདྨའི་གྲོགས། །ན་ཚོད་ཕྲ་ནས་སྲིད་བདེར་མ་ཞེན་པར། །གཏན་འདུན་སྒྲུབ་བློའི་རྩ་བ་སྦོམ་པོའི་ཤིང་། །སྨིན་གྲོལ་བགྲངས་ཡས་ཐོས་པའི་ཡལ་འདབ་རྩེར། །ཉམས་ལེན་རོ་བརྒྱའི་འབྲས་ལས་མཆོག་གཞན་གང་། །སུམ་བཅུའི་ཡོངས་འཛིན་ཨུ་དུམ་ཝཱ་རའི་འཕྲེང་། །ཐོད་བཅིངས་ཁྱད་པར་ཆོས་རྒྱལ་ལྷ་གྲལ་ནས། །སྙིང་ཏིག་བདུད་རྩིས་ངོམ་པའི་སྒྲ་གཅན་ཁྱོད། །ཐར་ལམ་སྲོག་གི་ཀ་བ་གཅིག་ཏུ་ཚུགས། །མཁའ་སྤྱོད་ཨཽ་ཊི་མ་ནིའི་གསང་མཛོད་དང་། །དབྱེར་མེད་པདྨ་ཀ་རའི་སྒྲུབ་པའི་ཁང་། །མང་པོར་ཏིང་འཛིན་མི་གཡོའི་གཡར་དམ་གྱིས། །གནས་ཀྱི་གང་ཟག་བརླབས་པ་གདོན་མི་ཟ། །ལོ་གསུམ་འདག་སྦྱར་བུག་སྒོར་ཅིག་བསྟེན་པར། །མཚར་དུ་བརྩི་ན་བགྲང་བྱ་བཅོ་ལྔའི་བར། །རྩེ་གཅིག་བསྒྲུབ་ལ་རབ་བརྩོན་ངང་ཚུལ་དེར། །ལྷ་རྣམས་མཁའ་ནས་ལེགས་གསོའི་མེ་ཏོག་འཐོར། །ལོངས་སྐུའི་ཞིང་མང་ཉུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མུན་སྒྲོན་མ་དྲུག་གི་གནད། །ནན་ཏན་བགྱིད་ཁྱོད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཐོང་བའི་བར་དུ་དར་ཡོལ་ཙམ། །ཆོས་ཉིད་མངོན་སུམ་ཕ་མཐར་ཕྱིན་པ་དེང་། །དཀོན་ན་གང་འཕེལ་སྣང་བ་ཡོངས་ཤར་གང་། །སྔ་འགྱུར་ནགས་ཀློང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུའི་ལྗོན་པ་ཁྱེད་དུ་ངེས། །ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་བར་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་བཟང་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་བཏགས་པ་ཡོད། །དེ་ཕྱིར་སྔ་འགྱུར་གྲུབ་བརྙེས་ཆེས་མང་བ། །ཕུང་པོ་འོད་སྐུར་གྲོལ་མོད་ཆེར་སྙིགས་དུས། །ཉིན་མོའི་སྐར་ལྟར་དཀོན་ཅིང་མི་འབྱུང་མཐའ། །མ་བཀག་སྒྱིད་ལུག་མེད་པར་འབད་པས་སྒྲུབས། །རྟོག་པ་ཡོད་ན་ལྟ་བ་མི་སྨྲ་དང་། །ཞི་གནས་མི་གཡོ་ལྷག་མཐོང་ཉ་ལྟར་འཁྱུག །ཞི་གནས་ལྟེང་བ་སྒོམ་གྱི་དངོས་འདོད་སོགས། །ས་དགེ་དྭགས་བརྒྱུད་གྲུབ་མཐའི་རིགས་མང་མོད། །དགག་སྒྲུབ་བླང་དོར་བྲལ་བ་རང་ཤར་བར། །ཅེར་གྱིས་བལྟས་པའི་མཚོ་རླབས་མཁའ་སྤྲིན་བཞིན། །ཁྱབ་གདལ་གདོད་མའི་གཤིས་ལུགས་ཆོས་ཀྱི་དབྱིངས། །འཕོ་འགྱུར་བྲལ་བ་མཉམ་རྗེས་གཉིས་མེད་ལམ། །བཟང་ངན་རྟོག་པའི་འཕྲོ་འདུ་ཇི་སྙེད་ཚོགས། །ཤར་གྲོལ་དུས་གཅིག་བྱུང་ཚེ་ཁོར་ཡུག་ཏུ། །ཀ་དག་ཡེ་གྲོལ་ཀློང་དུ་ཡོངས་འབྱམས་ལས། །གནས་འཕྲོར་བཅོས་མིན་སྣང་ཚད་ཆོས་ཀྱི་སྐུ། །དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལ། །བཻ་རོ་སོ་ཟུར་གནུབས་གཉགས་ལ་སོགས་པའི། །བཀའ་གཏེར་གནད་ལ་མ་སྦྱངས་རྙིང་རློམ་འགས། །ཕྱག་རྫོགས་མི་ཕྱེད་བསྲེ་བསྲེའི་ཆོས་སྐད་མང་། །ཁྱོད་ཀྱིས་སྔོན་ཆད་བརྩོན་པས་ཉམས་བསྟར་ཀུན། །སྙིང་ཏིག་སྙིང་པོའི་དགོངས་དོན་ཇི་ལྟ་བར། །མ་རྟོགས་ལོག་རྟོག་མེད་པར་རྣམ་དག་ལམ། །ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་རངས།  །ཀྲི་ཀིའི་རྨི་འདྲའི་དུས་བབ་ཆོས་གཟུགས་སྤྱོད། །ཚོན་རིས་སེམས་ཀྱི་ཤེལ་ངོས་ཤར་བ་ང་། །དོན་ཆུང་གཡེང་བའི་གཟེབ་ཚུད་ཐོས་བསམ་དང་། །སྒོམ་པའི་གླེང་མོ་མ་ཕྱེད་སྐལ་བ་ཕྲ། །འོན་ཀྱང་ལྗོངས་འདིར་བགྲོད་དུས་ཤར་ཚད་རྣམས། །མོལ་མཆིད་འོང་བར་མ་ཟད་སྔ་འགྱུར་བསྟན། །འཛིན་ངེས་གདུང་གིས་བཙུན་དང་སྐྱེས་རབས་ཀྱི། །འཕྲེང་སེམས་མང་པོར་གཏུགས་པས་སྒྲོ་འདོགས་ཆོད། །ཚེ་འདིའི་འཁྲི་བ་བཅད་ནས་ཉམས་ལེན་ལ། །དྲིལ་དོན་གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་ཕྱིར། །སྐལ་ལྡན་སྨིན་གྲོལ་བཀོད་པའི་བསོད་ནམས་ཚད། །ཆུ་གཏེར་དམིག་པས་བགྲངས་ཀྱང་གཞལ་ནུས་མིན། །སླད་མར་རྩེ་གཅིག་སྒྲུབ་པ་ཀུན་བཟང་གི། །རྣམ་འཕྲུལ་མཆོད་སྤྲིན་རྩ་གསུམ་སྤྱན་སྔ་རུ། །ཉེར་སྤྲོས་དམ་བཅའ་བརྟན་པོ་མ་བཏང་ངོ་། །གླེང་འོས་མཐོ་རིས་ཆུ་བོ་ཆད་མེད་ཀྱིས། །ཁྱེད་མིག་དྲི་བྲལ་མཁའ་དབྱིངས་ཟླ་བའི་ངོས། །ཕྱག་མཚན་སྐུ་གཟུགས་རི་མོ་ཡོངས་བཀྲ་བ། །མོན་བྱེད་བཀྲ་ཤིས་རབ་དཀར་ཐུན་མཚམས་རྒྱས། །བཏབ་པ་ཆུ་སྟོད་ཀྱིས་ཉའི་ངོར་ཆར་བྲིས།། དགེའོ།། དགེའོ།། གྲུབ་ཐོབ་པདྨ་རིག་འཛིན་ལ་རྒྱལ་དབང་ལྔ་བ་རིན་པོ་ཆེས་ཕུལ་བའི་ཆབ་ཤོག་འདི་ཉིད་ལྷ་སའི་( དབུས་པར་ ལས་ཞལ་བཤུས་པའོ།།   

དཔེ་རྙིང་ཟག་རུལ་ཞིག་ལས་བཤུས་པས་མ་དག་པ་ཡོད་སྲིད། གཟིགས་པོ་རྣམས་ནས་དག་བཅོས་དང་དགོངས་འཆར་གནང་བར་ཞུ།   མཁན་པོ་ཨོ་རྒྱན་རིག་འཛིན།

རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།

WechatIMG33.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།