རྫོགས་ཆེན་མཁན་པོ་ཉན་ཤུལ་མདོ་སྡེ་མགོན་པོ་སྐུ་གཤེགས་པ།

WechatIMG1477.jpeg

རྫོགས་ཆེན་མཁན་པོ་མི་ཉག་མདོ་སྡེ་མགོན་པོ་མཆོག་ནི་ཡབ་པ་ཁོ་དང་ཡུམ་ལབ་ཁོ་ཞེས་པའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་སྟེ་༡༩༤༢ལོར་ཤར་མི་ཉག་ནང་སྐོར་འབྲོག་སྡེ་རུ་སྐུ་འཁྲུངས། དགུང་གྲངས་བརྒྱད་ནས་ར་ཤར་སྨིན་གྲོལ་གླིང་དུ་ཚོགས་ཞུགས་མཛད་ཅིང་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་དང་། མཁན་ཆེན་མགོན་རིས་སམ་འཇིགས་མེད་ཡོན་ཏན་མགོན་པོ། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། གྲུབ་ཆེན་སྤྲུལ་སྐུ་རིག་ལོ་སོགས་ལས་བཀའ་ཆོས་བདུད་རྩི་མྱང་། དགུང་གྲངས་བཅུ་བདུན་ནས་སོ་བརྒྱད་བར་དུས་འགྱུར་གྱི་འོ་བརྒྱལ་ཅི་རིགས་འོག་མི་ཉག་མཁན་ཆེན་ཆོས་གྲགས་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ། མཁན་རིག་སྨོན་སོགས་ནས་ཟབ་ཆོས་གང་མང་ཐོབ། དགུང་གྲངས་སོ་དགུ་ནས་མདོ་དབུས་ཁམས་གསུམ་གྱི་གནས་ཆེན་ཁག་དང་དུར་ཁྲོད་བརྒྱ་རྩ་སོགས་འགྲིམས། ༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་ཞུགས་མཛད་དེ་རྗེ་བཙུན་མ་ཟླ་གསལ་དབང་མོ་དང་མཁན་ཆེན་པདྨ་ཚེ་དབང་སོགས་བཤེས་གཉེན་དམ་པ་རྣམས་ལས་མདོ་སྔགས་རིགས་གནས་དང་བཅས་པས་ཐུགས་རྒྱུད་གཏམས། 

WechatIMG2152.jpeg     

རྫོགས་ཆེན་འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་སྔ་ཕྱིར་ཆོས་དབྱིངས་མཛོད། སྙིང་ཐིག་ཡ་བཞི། དགོངས་འདུས་གསེར་པོད་བཅུ་གསུམ་སོགས་དང་། ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ་དང་བླ་མ་ཡང་ཏིག་སོགས་ཆིག་བརྒྱུད་དུ་མནོག་ཆོས་སུ་ཞུས་ཤིང་བླ་མ་སངས་རྒྱས་དངོས་མཐོང་གི་དད་པས་མཚན་ཙམ་ཐོས་ནའང་ཕྱག་ཐལ་མོ་སྤྱི་བོར་སྦྱར་ནས་འབྲུག་པ་རྡོ་རྗེ་འཆང་ཞེས་རྟག་ཏུ་ཐུགས་ཡིད་དབྱེར་མེད་བསྲེས། ༡༩༨༦ལོ་ནས་༢༠༠༢ལོའི་བར་སློབ་གྲྭ་དེ་ཉིད་ཀྱི་དགེ་རྒན་དུ་ཞབས་སོར་འཁོད་ཅིང་མཐོ་རིམ་འཆད་དཔོན་དང་། སློབ་མ་ཁང་གི་དབུ་འཛིན་སོགས་མཛད།  དེ་རྗེས་རྫོགས་ཆེན་ཤྲི་སེང་ཆོས་གྲྭའི་མཁན་པོ་མཛད་དེ་སུམ་རྟགས། སྙན་ངག་དང་སྒྲ་མཚམས་སྦྱོར་ལྔ་བ། བློ་སྦྱོང་གི་སྐོར་སོགས་རྒྱས་ཁྲིད་མཛད་ནས་རྟག་ཏུ་ལྷག་བསམ་རྣམ་དག་གིས་སློབ་སྟོན་གནང་ཞིང་ཀུན་སྤྱོད་བཟང་པོར་འཆོས་པ་སོགས། ཐ་ན་རྫོགས་ཆེན་རང་རྐང་གི་ན་བཟའ་མནབས་སྟངས་ཚུན་ཆད་ལ་ཁོང་བཀའ་དྲིན་ཆེན་པོ་ཡིན་ཞེས་ད་ལྟའི་བསྟན་བདག་མཁན་སྤྲུལ་ཀུན་གྱིས་གླེང་། གཞན་མཚོ་སྔོན་ས་ཐོབ་དགོན་སོགས་རྫོགས་ཆེན་དགོན་ཁག་རྣམས་སུ་ཆོས་སྦྱིན་རྒྱ་ཆེར་མཛད། 

WechatIMG1473.jpeg

༢༠༠༣ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་༼བཀའ་བསྟན༽དཔེ་བསྡུར་དུ་ལས་གཉེར་འགན་གཙོ་གནང་ཞིང་།གངས་ལྗོངས་ཤེས་རིག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་རུས་བླ་ལྷག་ཏུ་བསྐྱེད།  ༢༠༡༠ ལོར་སྐྱབས་རྗེ་རྫོགས་ཆེན་འབྲུག་པ་རིན་པོ་ཆེས་བཀའ་བཞིན་ལོ་འཁོར་གསུམ་ལྷག་གི་རིང་རྫོགས་ཆེན་ཀོང་སྤྲུལ་ཚང་གི་སྐུ་རྒྱབ་མཁན་པོ་མཛད།  ཁྱད་པར་སྙིང་ཐིག་བསྟན་པའི་མངའ་བདག་ཁྱབ་བདག་རྫོགས་ཆེན་པ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་མདུན་ནས་ལོ་འཁོར་བཅུ་ལྷག་གི་རིང་རྫོགས་ཆེན་པདྨ་ཐང་སོགས་ནས་དབྱར་དུས་རྣམས་སུ་ཀློང་ཆེན་མཛོད་བདུན། ཤིང་རྟ་རྣམ་གཉིས། སྙིང་ཐིག་ཡ་བཞི། དུམ་གཉིས། བླ་མ་ཡང་ཏིག  མདོ་སྒྱུ་སེམས་གསུམ་སོགས་དབང་ཁྲིད་ཀྱི་སྐོར་དང་། ལྷག་པར་ཁྲིད་ཡིག་མཁའ་ལྡིང་གཤོག་རླབས། ཁྲིད་ཡིག་ཡེ་ཤེས་བླ་མ་དང་མན་ངག་ནོར་བུའི་མེ་ལོང་རྣམས་ལན་གཅིག་མིན་པར་ཁྲིད་སྦྱངས་རྒྱས་པ་ཆ་ལག་དང་བཅས་པ་ལོ་ལྟར་ཆགས་མེད་མཛད་ཅིང་། དགུན་དུས་རྣམས་སུ་ཟླ་བ་གཅིག་གི་རིང་མི་ཉག་གསེར་རྒྱ་སྒོའི་ཆོས་ཚོགས་ཆེན་མོའི་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སྔོན་འགྲོ་ཀུན་བཟང་ཞལ་ལུང་རྒྱས་ཁྲིད་དང་བཅས་འབུམ་ལྔ་མ་བསོག་ཚུལ་སྙིང་ཐིག་རང་རྐང་གི་བརྒྱུད་པའི་ཕྱག་བཞེས་མ་ནོར་ལག་ཁྲིད་གནང་ནས་སྐྱེ་འགྲོ་མང་པོ་དམ་པ་ཆོས་ཀྱིས་ཚིམས་པར་མཛད་ཅིང་རྒྱུན་དུ་སྐུ་མཚམས་དམ་པོའི་ཉམས་ལེན་ལ་དུས་འདའ་བཞིན་པ་ལས་༢༠༡༩ལོའི་ཟླ༤པའི་ཚེས༡༢ཉིན་གྱི་ཕྱི་དྲོར་མི་ཉག་གསེར་རྒྱ་སྒོ་རུ་སྐུ་ཅུང་ཙམ་བསྙུངས་ནས་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ།།

ཁོང་གི་བརྩམས་ཆོས་ལ།  རྫོགས་ཆེན་དཔལ་སྤྲུལ་ཆོས་འབྱུང་འབེལ་གཏམ་གྱི་རྒྱས་འབྲེལ་པོད་གཅིག་ཅན་དང་། རང་རྣམ།  སྲིད་པ་འཁོར་ལོའི་གསལ་བཤད་བྱིས་པ་མགུ་བའི་གཏམ་སོགས་མང་དུ་བཞུགས་སོ།།

སྐུ་གདུང་ཞུགས་འབུལ་སྐབས་ངོ་མཚར་བའི་གདུང་མཚན་དང་རིང་བསྲེལ་བབས་པ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།