རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་སོ་བདུན་པ་གསེར་ཁྲིར་མངའ་གསོལ་བ།

དེ་རིང་དཔལ་གསང་ཆེན་སྔ་འགྱུར་པའི་གདན་ས་ཆེན་མོ། མདོ་ཁམས་སྨད་ཀྱི་ལྗོངས་སུ་ལོ་རྒྱུས་རིང་བའི་བཤད་གྲྭ་སྟེ་རྫོགས་ཆེན་ཤྲཱི་སེང་མཐོ་རིམ་ནང་བསྟན་སློབ་གླིང་དུ།  རིམ་བྱོན་ནོར་བུ་ཕྲེང་བའི་བྱུང་རིམ་ལས་མཁན་རབས་སོ་བདུན་པ་དམ་པའི་ཚུལ་དགུའི་ཡོན་ཏན་བརྙེས་པའི་དཔོན་རུ་པདྨ་འཇམ་དབྱངས་མཆོག  གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་དང་མཁན་ཆེན་ཁྲི་བ་རིམ་བྱོན། བསྟན་བདག་ཁྲི་བ་དང་རྒྱུན་ལས་ལྷན་རྒྱས་བཅས་ཀྱི་གཙོ་སྐྱོང་གིས།  འདུས་པ་རྒྱ་མཚོའི་དབུས་སུ་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་གྱི་མཛད་སྒོ་སྤེལ།

WechatIMG771.jpeg

གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་མཁན་ཆེན་ཁྲི་བའི་མཚན་གནས་གནང་ཞིང་འབྱུང་འགྱུར་སྤྱི་བྱེའི་བསྟན་དོན་དང་འབྲེལ་བའི་བཀའ་སློབ་མཛད་པ་དང་། མཁན་ཆེན་ཁྲི་ཟུར་རིན་པོ་ཆེ་མཆོག་ལ་བཀའ་དྲིན་གྱི་གཟེངས་བསྟོད་ཕུལ།

WechatIMG763.jpeg

WechatIMG778.jpeg

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་སོ་དྲུག་པ་ལི་ཐང་ཨ་ཆོས་མཆོག་གིས་གསུང་བཤད་གནང་བ།

WechatIMG776.jpeg

མཁན་རབས་སོ་དྲུག་པ། དཔོན་རུ་པདྨ་འཇམ་དབྱངས།

གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་སོ་བདུན་པ་པདྨ་འཇམ་དབྱངས་མཆོག་ནི། མདོ་ཁམས་རྫ་བརྒྱུད་དཔོན་རུ་སྔེ་བར་སྐུ་འཁྲུངས། དགུང་ན་གཞོན་ནུའི་དུས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དཔོན་རུ་དགོན་དུ་ཆོས་སྒོར་ཞུགས་ནས་ཆོས་སྤྱོད་ཆོ་གའི་ཀློག་འདོན་ལ་སྦྱང་། གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་པདྨ་ཚེ་དབང་ལས་རབ་ཏུ་བྱུང་། ཕྱིས་སུ་སྐྱབས་རྗེ་པདྨ་སྐལ་བཟང་ལས་སྔ་འགྱུར་སྨད་འདུལ་སྡོམ་བརྒྱུད་དུ་བསྙེན་པར་རྫོགས། ཤྲཱི་སེང་ཆོས་གྲྭ་ཆེན་མོར་ལོ་ངོ་བཅོ་བརྒྱད་ལ་བཞུགས་ནས་ཐོས་བསམ་འཆད་ཉན་རྒྱུན་ཆགས་སུ་མཛད། དེའི་རིང་ཕར་ཕྱིན་དམ་བཅའ་བཞག་སྟེ་སྐྱོར་དཔོན་གྱི་མཚན་གནས་བཞེས་པ་དང་། མདོ་ཁམས་འཇང་དགུན་ཆོས་སྐབས་རྣམ་འགྲེལ་ཨང་དང་པོའི་བྱ་དགའ་ཐོབ། ཤྲཱི་སེང་འཛིན་གྲྭའི་མཁན་པོ་དང་། གཞུང་ཆེན་མཁན་པོའི་མཚན་གནས་རིམ་བཞེས་ཀྱིས་ལོ་གྲངས་བཅུའི་རིང་རིག་གནས་དང་བཅས་པའི་བཀའ་པོད་འཛིན་གྲྭ་བསྐྱངས། སྔ་ཕྱིར་ཁྱབ་བདག་བླ་མ་སྐྱབས་རྗེ་པདྨ་སྐལ་བཟང་དང་། རྟོགས་ལྡན་བློ་གྲོས་རྒྱ་མཚོ། སྐྱབས་རྗེ་འབྲུག་སྤྲུལ་རིན་པོ་ཆེ་བཅས་ཀྱི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་དང་། མན་ངག་རྫོགས་ཆེན་གྱི་ཟབ་ཁྲིད་རྒྱབ་ཆོས་དང་བཅས་པ་གསན་བཞེས་མཛད། ད་ལམ་རབ་བྱུང་བཅུ་བདུན་པའི་རྣམ་འཕྱང་ཞེས་པ་ས་ཁྱི་ལོར་ཆོས་གྲྭ་ཆེན་མོའི་མཁན་རབས་སོ་བདུན་པའི་ཆོས་ཁྲིར་མངའ་གསོལ་བ་ལགས་ན། སླད་ཕྱིན་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་སྤྱི་བྱེའི་རྒྱལ་བསྟན་རིན་པོ་ཆེ་འཛིན་ཅིང་སྤེལ་བའི་ཐུགས་སྟོབས་སྔར་ལྷག་བསྐྱེད་པར་བསྐུལ་བ་དང་། ཆོས་སྡེ་འདིའི་བསྟན་སྲུང་དམ་ཅན་རྒྱ་མཚོར་གཡེལ་བ་མེད་པའི་སྡོང་གྲོགས་ཕྲིན་ལས་སུ་བཅོལ་བ་དགེ།།   གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས་སྤེལ།།

WechatIMG773.jpeg

WechatIMG774.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།