རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།


1512984110847641.jpg

རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།

ཇི་སྐད་དུ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་བརྡ་བྱང་ལུང་བསྟན་ཕྱག་བྲིས་མ་ལས། རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆངཿ དྲིན་འཁོར་མེད་མཚོ་སྐྱེས་རྡོ་རྗེ་ལཿ སྙིང་རུས་པའི་གཏིང་ནས་གསོལ་བ་འདེབསཿ བློ་བསམ་དོན་ཆོས་བཞིན་འགྲུབ་པར་ཤོགཿ ཤར་ཆུ་འཛིན་དཀར་པོའི་འོག་ཤེད་ནཿ སྙིང་དམར་པོའི་དྭངས་བཅུད་ཐིག་པ་ཞིགཿ མིང་དྷྭ་ཛ་ཏཱ་རེའི་སྐྱེད་ཁྱིམ་དུཿ ཡ་མཚན་གྱི་ཐིག་ལེར་སྨིན་པའི་ཚུལཿ སེམས་དགའ་སྐྱོ་འདྲེས་མའི་སྣང་ཉམས་སུཿ འལ་འོལ་གྱི་ཀུན་རྟོག་ཐོལ་ཐོལ་སྐྱེསཿ སྙིང་དམར་པོའི་བཅུད་དུ་རྒྱས་བཏབ་སྟེཿ དུས་རེ་ཞིག་སྤིར་གྱི་ཁ་བཞིན་སྡོམཿ ཞེས་གསུངས་པ་རྗེ་གང་གི་ཐུགས་སྲས་ཐུ་བོ་རྟོགས་པ་དོན་གྱི་བརྒྱུད་འཛིན་པ་ཆེན་པོ་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས། སྐྱབས་ཀུན་འདུས་ཞལ་པདྨ་འབྱུང་གནས། ངོ་བོ་དབྱེར་མེད་རྩ་བའི་བླ་མ། སྒོ་གསུམ་གུས་པས་རྩེ་གཅིག་གསོལ་འདེབས། འབྲལ་མེད་མགོན་དེས་བྱིན་གྱིས་རློབས་ཤོག གཞི་དབྱིངས་སྟོང་གསལ་ཆོས་སྐུའི་ཀློང་ནས། རྩལ་སྣང་འགག་མེད་རོལ་བའི་འཆར་ཚུལ། འཇིགས་བྲལ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ། བསླུ་མེད་རྟེན་འབྲེལ་བདེན་སྟོབས་མངོན་གསལ། ཤར་ཆུ་འཛིན་འོད་དཀར་རང་ཕྱོགས་ཡུལ་གསལ། མགོན་རྩ་བའི་བླ་མའི་ཞལ་ལུང་ནང་དུ། མིང་དྷ་ཛ་ཏྭ་རེ་དོན་གསལ་སྐྱེད་ཁྱིམ། བརྡ་ཡ་མཚན་ཅན་གྱི་ཐིག་ལེར་སྨིན་གསུངས། རང་སྣང་ལ་ཤེལ་དཀར་ཕ་ཝང་ཞིག ནོར་བུའི་འོད་མདངས་རྒྱས་པར་ཤར། ལྷ་བླ་མའི་བཀའ་ལུང་བདེན་དཔང་ཡིན། དོན་རང་ལ་དབང་བའི་ནོར་བུ་དེ། གནད་ཆེན་གྱི་བཀུར་སྟིས་སྲུང་བ་ན། རེ་ཞིག་ནས་བསྟན་དོན་དར་རྒྱས་ཏེ། བསྟན་འགྲོ་ཡི་དོན་ཆེན་འགྲུབ་པར་འོང་། དེ་སྐད་ཀྱི་ཚིག་སྣ་དུམ་ཆོད་དེ། མ་ཏི་ས་རས་གང་ཤར་བྲིས། ཚིག་ལ་སྙན་ཆ་མེད་མོད་ཀྱང་། དོན་ཆེན་གནད་རྣམས་འདུས་པ་ཡིན། བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་དབུས་ཞུགས། རྩ་གསུམ་ལྷ་ཡིས་དངོས་གྲུབ་ཆར་ལྟར་འབེབ། ཆོས་སྐྱོང་དམ་ཅན་ལུས་དང་གྲིབ་བཞིབ་འགྲོག བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག ཅེས་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་སྔ་ཕྱིའི་དགོངས་ལུང་གིས་གང་དུ་སྐུ་བལྟམས་པའི་གནས་དུས་དང་ཡབ་ཡུམ་གྱི་མཚན་སྒྲ་སོགས་གསལ་བར་བསྟན་པ་ལྟར། གངས་ཅན་བོད་ཀྱི་ཡུལ་གྲུ་ལས་ཤར་ཕྱོགས་ཀྱི་སའི་ཆ་སྲིད་པའི་ཟོ་དོར་ཆེན་པོ་ལྷ་གཉན་རྨ་རྒྱལ་སྤོམ་རས་ཡོངས་སུ་སྲུང་ཞིང་། རྨ་ཀླུང་དལ་འགྲོ་རིང་མོ་ཡངས་པའི་ས་ཆེན་མོའི་ཁྱོན་ན་གཡུ་འབྲུག་འཁྱིལ་འགྲོས་ཀྱིས་ཕྱོགས་སུ་འབབ་པའི་འབྱུང་ཁུངས་མཚོ་སྐྱ་རིང་གི་འགྲམ་ངོགས་སུ། སྐྱེད་ཡབ་མདོ་སྨད་དཔའ་རིས་ཡུལ་གྱི་ཨ་མགོན་གྱི་རུས་ལས་ཚེ་རིང་རྒྱལ་མཚན་ནམ་ཆུང་མིང་དུ་ཚེ་རིང་རྒྱལ་དང་། སྐྱེད་ཡུམ་ཨ་གྲོའི་རུས་ལས་གྲུབ་དབང་གོང་མ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་སྲིང་མར་གཏོགས་པ་དོན་འགྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཀུན་དགའ་ཞེས་པ་ཤིང་སྟག་ལོར་སྐུ་འཁྲུངས། སྐུ་བྱིས་པའི་དུས་ནས་བཅོས་མིན་གྱི་ངེས་འབྱུང་དང་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་ཞིང་། ཁྱད་པར་དགུང་གྲངས་བདུན་གྱི་དུས་སུ་ཡུལ་དེར་ཟོག་ལུག་མང་པོ་བཤས་སུ་ཕབས་པ་གཟིགས་པ་སོགས་ཀྱི་རྐྱེན་གྱིས་ཡབ་ཡུམ་གྱིས་ཀྱང་བཟློག་ཏུ་མ་ཐུབ་པའི་ཐུགས་འདུན་ལྟར་མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི་གདན་སར་ཕེབས་སྐྱེལ་བྱས། དེ་ནས་བཟུང་སྐུ་ཞང་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་དང་རྫོགས་ཆེན་བླ་བྲང་གི་ཞབས་གྲལ་བགྲེས་པོ་བསོད་རྒྱལ་རྣམ་གཉིས་ནས་དགྱེས་བརྩེ་ཆེན་པོས་སྒེར་བདག་བསྐྱེད་སྲིང་གནང་སྟེ་བོད་ཡིག་ཀློག་འདོན་ལ་སྦྱང་པའི་དབུ་བཙུགས། བཅོ་ལྔ་ནས་ཤྲཱི་སེང་ཆོས་གྲྭར་ཞུགས་ཏེ་བརྡ་དག་སྙན་སུམ་སོགས་ཐུན་མོང་རིག་གནས་ལ་སྦྱང་པ་མཛད་ཅིང་མཁན་ཆེན་ཟླ་བའི་འོད་ཟེར་ལས་རབ་ཏུ་བྱུང་། རིམ་པར་རྗེ་དེ་ཉིད་དང་། མི་ཉག་མཁན་པོ་ཚེ་རིང་ཉི་མ། དགེ་རྒྱལ་མཁན་རིན་པོ་ཆེ་ཐུབ་བསྟན་རྣམ་རྒྱལ། དགེ་མང་མཁན་པོ་དབང་ལོ་དང་དབང་སྡིས་རྣམ་གཉིས། མི་ཉག་མཁན་ཆེན་རྩ་ར་ཆོས་གྲགས་སོགས་བཤེས་གཉེན་དུ་མའི་ཞལ་སྔ་ནས་གཞུང་ཆེན་བཅུ་གསུམ་དང་། རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་ཆེ་ཕྲ་དུ་མ་གསན་བསམ་ཆད་མེད་མཛད་པ་དང་། ཁྱད་པར་གནས་ལྔ་རིག་པའི་པཎ་ཆེན་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལས་དབུ་ཕར་ཚད་མངོན་གྱི་གཞུང་འགྲེལ་ཆེན་མོ་ཁག་དང་རང་ལུགས་འཇམ་མགོན་མི་ཕམ་པའི་ཡིག་ཆའི་བཤད་ཁྲིད་སོགས་རྒྱས་སུ་གསན་ཞིང་། སྐྱེས་སྦྱང་གི་མཁྱེན་རབ་ཁྱད་དུ་འཕགས་པས་དགུང་གྲངས་བཅོ་བརྒྱད་པ་ནས་ཤྲཱི་སེང་ཆོས་གྲྭའི་སྐྱོར་དཔོན་མཛད། ཉི་ཤུ་པར་བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེའི་རྣམ་ཐར་སྙན་པ་གསན་པས་དམ་པ་གང་གི་ཞབས་པད་ལ་བཏུད་དེ་གཉུག་སེམས་སྐོར་གསུམ་དང་། བཀའ་བརྒྱད་རྣམ་དཔྱད། གཞུང་སྤྱིའི་བཀའ་གནད་སོགས་འཇམ་མགོན་མི་ཕམ་པའི་གསུང་སྐོར་དང་། ལྟ་གྲུབ་ཤན་འབྱེད་སོགས་བོད་སྤྲུལ་གསུང་སྐོར། ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་མན་ངག་གི་ཆོས་ཚན་བཅས་སྔ་འགྱུར་རང་ལུགས་ཀྱི་ཟབ་ཆོས་དུ་མ་གསན། དགུང་གྲངས་ཉེར་གཉིས་པར་ཤྲཱི་སེང་ཆོས་གྲྭའི་མཁན་ཆུང་གི་མཚན་གནས་བཞེས་ཏེ་དབུ་མ་རིགས་ཚོགས་དང་། འཇུག་པ། ངེས་ཤེས་སྒྲོན་མེ། ལྟ་གྲུབ་ཤན་འབྱེད། ཕར་ཕྱིན་འགྲེལ་ཆུང་དོན་གསལ་སོགས་དབུ་ཕར་གྱི་གཞུང་ལུགས་དུ་མའི་བཤད་ཁྲིད་མཛད། ཉེར་བཞི་པ་ནས་རིགས་བདག་མཚུངས་མེད་རྟོགས་བླ་མ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་གསང་བ་སྙིང་པོའི་རྒྱ་འགྲེལ་ཕལ་མོ་ཆེ་དང་། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ།  རྒྱུད་བཅུ་བདུན། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་ཁྲིད་སྦྱང་དང་བཅས་པ། བར་དོ་དྲུག་ཁྲིད། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་བཅས་ཡང་གསང་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གི་སྙན་བརྒྱུད་མྱོང་ཁྲིད་དང་བཅས་པ་རང་ལུགས་གྲུབ་དབང་རྫོགས་ཆེན་པའི་བརྒྱུད་པ་ཐུན་མིན་མ་ཚང་པ་མེད་པ་བསྩལ་ཏེ་ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པ་ཡིན་པའི་དབུགས་དབྱུང་གཟེངས་སྟོད་མཛད། དགུང་གྲངས་ཉེར་བདུན་པར་རྗེ་དེ་ཉིད་ཀྱི་དབུས་གནས་བརྟན་འདུལ་བ་འཛིན་པའི་དགེ་འདུན་གྲངས་ཚང་བའི་ཞལ་སྔ་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། གཞན་ཡང་སྔ་ཕྱི་ཀུན་ཏུ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་དང་། འཁོར་ལོའི་མགོན་པོ་འབྲུག་སྤྲུལ་ཐུབ་བསྟན་ཉི་མ་རྣམ་གཉིས་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པའི་ཟབ་ཆོས་མཐའ་ཡས་པ་གསན་བཞེས་གནང་སྟེ་མཁས་བཙུན་བཟང་པོའི་མངའ་བདག་ཏུ་བཞུགས་བཞིན་པ་ནས། འབྱུང་ཆར་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་གསང་ཆེན་སྔ་འགྱུར་བསྟན་པའི་གཙུག་ནོར་གྲུབ་དབང་གོང་མ་རིམ་བྱོན་གྱི་རྣམ་ཐར་ལ་བསྙེགས་པ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཏུ་ཇི་སྲིད་བསྐལ་བ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་པར་སྨོན་ནོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།