དོན་འགྲུབ་རྒྱལ།

WechatIMG206.jpeg

དཔལ་དོན་གྲུབ་རྒྱལ་ནི་༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དགུ་རོང་ཕོ་བའི་སྡེ་བར་ཡབ་བན་དེ་ཚེ་རིང་དང་ཡུམ་མྱིང་མེད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་གཅིག་ལ་སོན་མ་ཐག་གི་མཚམས་སུ་ཡབ་གཅོང་ནད་བཅོས་ཐབས་མ་བྱུང་བས་ཚེ་ལས་འདས་ཤིང་། ཕྱིས་སུ་ཕ་གཡར་རྒྱ་མཚོ་དང་ཡུམ་མྱིང་མེད་གཉིས་ཀྱིས་གསོ་སྐྱོང་འོག་འཚར་ལོངས་བྱུང་། ཁོང་ནི་ཆུང་དུས་ནས་རང་ཉིད་རིག་པ་རང་སད་དང་རྣམ་དཔྱོད་རང་འཛོམས་སུ་གྱུར་པའི་རྗེས་སུ་མཚན་ལ་རང་གྲོལ་ཞེས་གསོལ་ཞིང་རྩོམ་ཡིག་གི་རང་མཚན་དུ་བཀོད། ད་ལྟ་ཀུན་གྱིས་ཞེ་ས་དང་ཆེ་རྟགས་སུ་ཆེད་དུ་བརྗོད་པའི་མཚན་ལ་དཔལ་དོན་གྲུབ་རྒྱལ་ཞེས་འབོད་ཅིང་། དེ་ནི་ཁོང་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་གྱི་དཔལ་ཡོན་འབར་བའི་སྣང་བརྙན་དུ་མཚོན་པ་ཡིན་ནོ།།

དཔལ་དོན་གྲུབ་རྒྱལ་དགུང་ལོ་བདུན་ནས་བཅུ་གསུམ་བར་རང་སྡེའི་སློབ་ཆུང་ནང་དུ་སློབ་གཉེར་བྱས་ཤིང་། ཆུང་དུས་ནས་བློར་འཛིན་མགྱོགས་པ་དང་། རིག་པ་ཧ་ཅང་རྣོན་པོ་ཞིག་ཡོད་པ་དེས་བསླབ་བྱ་སོ་སོའི་སློབ་ཚན་ནང་དོན་གོ་བ་ལོན་པ་སློབ་གྲོགས་གཞན་ལས་མགྱོགས་པར་མ་ཟད། སློབ་ཚན་ནང་དོན་དབྱེ་ཞིབ་ཀྱི་འདྲི་ཚིག་མང་བོ་འདོན་ཐུབ་ཡིན་ཕྱིར། དགེ་རྒན་དང་སྡེ་མི་ཚོས་རྟག་དུ་བཟང་རྟགས་དེ་དང་འདིའོ་ཞེས་བསྔགས་བརྗོད་བྱེད་པ་ཡིན། དགུང་ལོ་བཅུ་གསུམ་ནས་བཅོ་ལྔའི་བར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲར་ཞུགས་ཏེ་སློབ་གཉེར་བྱས་པ་དང་། ལོ་གསུམ་གྱི་སྦྱང་རིམ་རྫོགས་ནས་ཟླ་བདུན་པའི་ནང་སློབ་མཐར་ཕྱིན་ལ་ཉེ་སྐབས་ཀྱི་ཟླ་ལྔ་བའི་ནང་། མཚོ་སྔོན་ཞིང་ཆེན་བོད་སྐད་སྦྱང་སྒྲོག་ལས་ཁུངས་ཀྱིས་ཚད་ལྡན་མི་སྣར་བདམས་ཏེ་བསྡུ་ལེན་བྱས། དགུང་ལོ་བཅོ་ལྔའི་སྟེང་སྦྱང་སྒྲོག་སྐོར་གྱི་རྩོམ་སྒྲིག་དང་ཡིག་བསྒྱུར་གྱི་བྱ་བའི་ལས་གནས་སུ་དངོས་སུ་ཞུགས་པ་རེད། དགུང་ལོ་བཅུ་དགུ་ནས་ཉེར་གཅིག་བར་མཐོ་རིམ་སློབ་གྲ་སྟེ་རྒྱལ་ས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནང་བོད་ཡིག་ཆེད་ལས་སྐོར་གྱི་སློབ་གཉེར་གནང་། དེ་ནས་མཐར་ཕྱིན་རྗེས། དགུང་ལོ་ཉེར་གཉིས་ནས་ཉེར་བཞི་བར་སྔར་གྱི་ལས་ཁུངས་ནང་སྦྱང་སྒྲོག་སྐོར་གྱི་ཡིག་བསྒྱུར་དང་རྩོམ་སྒྲིག་མཛད། དགུང་ལོ་ཉེར་ལྔ་ནས་ཉེར་བརྒྱད་བར་རྒྱལ་ས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སྡེ་ཁག་ནས་ཐེངས་དང་བོར་བསྒྲུབས་པའི་བོད་ཡིག་གནའ་རྩོམ་ཞིབ་འཇུག་འཛིན་གྲར་ཞུགས་ཏེ་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་། ཞིབ་འཇུག་གི་སློབ་གཉེར་མཐར་ཕྱིན་པའི་རྗེས་སུ། དགུང་ལོ་ཉེར་བརྒྱད་ནས་སོ་གཅིག་གི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ཏུ་ཞིབ་འཇུག་དང་སློབ་ཁྲིད་གཅིག་ལྕོགས་སུ་བཞེས་ཏེ་དགེ་རྒན་གྱི་ཕྱག་ལས་མཛད། བོད་གནའ་རབས་ལོ་རྒྱུས་དང་གནའ་རབས་རྩོམ་རིག་སྐོར་འཆད་ཁྲིད་གནང་མུས་སུ་ཡོད་སྐབས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆབ་ཆའི་གཞུང་དུ་བཙུགས་པའི་བོད་ཡིག་ཆེད་ལས་དགེ་ཐོན་སློབ་གྲའི་འགོ་ཁྲིད་པ་དག་གིས་ཁོང་ལ་དངོས་བཅར་གྱིས་མཚོ་སྔོན་གྱི་དགེ་རྒན་གསོ་སྐྱོང་བྱ་བ་ཧ་ཅང་དགོས་གལ་ཆེ་ཚུལ་ཡང་ཡང་བཤད་པ་དང་།

ཁྱོད་ནི་ཕ་ཡུལ་མཚོ་སྔོན་ལ་འོངས་ནས་དགེ་རྒན་གསོ་སྐྱོང་བྱེད་ན། ཁྱོད་ལ་ཚད་བརྒལ་གྱི་ཐོབ་ཆ་ཡོད་རྒྱུ་ང་ཚོས་ཁག་ཐེག་བྱེད་ཆོག་ཅེས་ནན་བསྐུལ་བཏང་བ་རྐྱེན་བྱས་ཏེ། ལས་གནས་སྤོར་ཏེ་མཚོ་སྔོན་ཆབ་ཆའི་གཞུང་དུ་ཡོད་པའི་བོད་ཡིག་ཆེད་ལས་དགེ་རྒན་སློབ་གྲའི་ནང་། དགུང་ལོ་སོ་གཅིག་ནས་སོ་གཉིས་པར་ལོ་ངོ་གཅིག་གི་རིང་ལ་ན་གཞོན་དགེ་རྒན་རྣམས་ལ་རྩོམ་རིག་གསར་རྩོམ་དང་ལོ་རྒྱུས་ཞིབ་འཇུག སློབ་ཚན་དབྱེ་ཞིབ་སྐོར་གྱི་ཐབས་ལམ་འཆད་ཁྲིད་གནང་། སློབ་གྲ་དེ་ནས་ལོ་གཅིག་སོང་མཚམས་སུ། བོད་ཡིག་ཆེད་ལས་དགེ་ཐོན་སློབ་གྲའི་དགེ་རྒན་གསར་བ་བསྡུ་ལེན་བྱེད་རྒྱུའི་ཐད་ལ་བསམ་འཆར་མི་མཐུན་པ་བྱུང་བར་བརྟེན། སྔར་ཐོབ་ཆ་དང་བཅས་པའི་ཆ་རྐྱེན་རྣམས་ཁས་ལེན་གནང་མྱོང་བའི་འགོ་ཁྲིད་པ་དེ་དང་བསམ་ཚུལ་ཐ་དད་བྱུང་བའི་དབང་གིས་ཁོང་ལ་ཁས་བླངས་ཟིན་པའི་ཐོབ་ཆ་རྣམས་མ་ཐོབ་ལ། དེ་ལས་ལྡོག་པའི་ལྟ་ཚུལ་དང་གླེང་ཕྱོགས་འགལ་འདུ་ཅན་གྱི་གནས་སུ་འཁོར་བས། ཁོང་གི་སེམས་སུ་ལས་གནས་སྤོར་འདོད་ཀྱི་བློ་སྐྱེས་པ་དང་དུས་མཚུངས་སུ། ཞན་དབྱང་བོད་ལྗོངས་སློབ་གྲ་ཆེན་མོས་བསྡུ་ལེན་བྱེད་རྒྱུའ་བརྡ་ཐོ་འབྱོར་ཞིང་། ཁོང་རང་གིས་ཀྱང་བོད་ལྗོངས་སློབ་གྲ་ཆེན་མོར་གནས་སྤོར་བྱེད་ཁས་ལེན་མཛད། འོན་ཀྱང་རྨོངས་ཞེན་གྱི་དྲ་བར་ཚུད་པའི་བོད་མིའི་ཤེས་ཡོན་ཅན་དེ་དག་གིས་ཁོང་གི་བོད་མིའི་རིགས་མྱུར་སྐྱོབ་ཀྱི་བསམ་བློ་ལ་མཐུན་བརྩོན་བྱེད་པ་ལས་ལྡོག་ཕྱོགས་ཀྱི་སྦྱོར་བ་སྣ་མང་བརྩམས་ཏེ་རིག་གནས་མེད་པའི་མི་མང་ལ་ལོག་འགྲེལ་བྱས་བརྟེན། ཁོང་གི་བསམ་བློའི་སྲོག་ཤིང་དུ་གྱུར་པའི་བློ་འབྱེད་ལས་འགུལ་དེ་སྐད་ཅིག་མའི་འགྱུར་བ་བཞིན་ཁ་ཕྱོགས་གཞན་དུ་དཀྱོགས་ཏེ། བདེན་པའི་ཆེད་དུ་འཆི་ཕོད་པའི་དཔའ་བོའི་སྙིང་སྟོབས་ངོམས་ནས་བོད་མི་ཉེན་སྐྱོབ་ཀྱི་ཆེད་རང་སྲོག་དོར་ནས་1985/11/30ཉིན་ང་ཚོ་དང་ཞལ་གྱེས།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།