རྨེ་བའི་མཁན་ཆེན་ནོར་བུ་བསྟན་འཛིན་གྱི་མཛད་རྣམ་མདོར་བསྡུས།

640-2.jpeg

མཁན་ཆེན་ཚེ་དབང་རིག་འཛིན་གྱི་ཞལ་སློབ་མཁན་རིན་པོ་ཆེ་ནོར་བུ་བསྟན་འཛིན་ནི།  སྤྱི་ལོ་༡༨༩༨ བོད་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ལོར་སྐུ་འཁྲུངས་ཤིང་།  སྔར་བླ་མ་གོང་མ་རྣམས་ཀྱིས་གསང་བ་སྙིང་ཐིག་གི་བསྟན་པ་འདི་དཔལ་གདོད་མའི་མགོན་པོ་དངོས་སམ་དེ་དང་འདྲ་བ་ཞིག་གིས་སྐྱོང་བར་གསུངས་པ་ནང་བཞིན་ཁོང་ནི་དཔལ་གདོད་མའི་མགོན་པོ་དངོས་ཡིན་པར་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མཁན་འཆི་མེད་ཡིད་བཞིན་ནོར་བུ་དང་འཇའ་ལུས་འཕོ་ཆེན་པ་མཁན་ཆེན་ཚེ་དབང་རིག་འཛིན་སོགས་ཀྱིས་གསུངས།  ཁོང་སྐུ་ན་ཆུང་ངུའི་དུས་ནས་དད་པ་དང་སྙིང་རྗེ་ཆེ་བ། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན་པས་ཤེས་རབ་ཆེ་བ།  བྱིས་པའི་དུས་ན་རྩེ་གྲོགས་རྣམས་ལན་དུ་མར་ཕམ་པར་བྱས་པས་དེ་དག་ཁྲོས་ཏེ་གྲི་དང་སྟ་རེ་སོགས་ཀྱིས་དགྲོང་བར་བརྩམས་ཚེ་མཚོན་ཆས་རེག་མ་ཐུབ་པར་ནམ་མཁར་འཕུར་ཀྱང་གྲུབ་རྟགས་སུ་ངོས་མ་ཟིན་ཞེས་ཁྱོམ་ཐོག་ཨ་རྦ་ཟེར་བས་གླེང་།  སྐུ་ནར་སོན་ནས་མཁན་ཆེན་ཚེ་དབང་རིག་འཛིན་སོགས་ཀྱི་མདུན་ནས་རབ་ཏུ་བྱུང་།  དེ་ནས་རྫོགས་ཆེན་ལ་གྲྭ་སར་ཕེབས་ནས་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་རྒྱལ་སྲས་གཞན་ཕན་སྣང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་ཚུལ་བཞིན་བསྟེན་ཅིང་བཀའ་གཏེར་མཐའ་དག་གི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་གང་བར་མཛད།  ཕྱི་རབས་རྗེས་འཇུག་དག་ལ་བརྩེ་བས་དགོངས་ནས་གསུང་རྩོམ་ཡང་མང་དུ་བཞུགས། ཁོང་གི་སྐུ་ཚེ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་ཇོ་བོ་བཀའ་གདམས་པའི་ཕྱག་བཞེས་ལྟར་མི་ཆོས་རྒྱབ་ཏུ་བོར། ལྷ་ཆོས་དང་དུ་བླངས། གནས་ལུང་སྟོང་དང་བས་མཐའ་སོགས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་གྲུབ་པའི་རྟགས་མཚན་མངོན་དུ་གྱུར།  རྫོགས་ཆེན་རྒྱ་བོ་ཕུག་ན་བཞུགས་པའི་སྐབས་ཤིག་ཐུན་ལ་བཞུགས་པའི་སྔ་དྲོའི་ཆར་ལྷོ་ཕྱོགས་འཇའ་འོད་ཀྱི་ཀློང་དུ་པཎྜི་ཏ་སྐུ་མདོག་ལྗང་སེར་པཎ་ཞྭ་རྣ་རིང་གསོལ་བ། ང་ནི་བཱི་མ་མི་ཏྲ་ཡིན་གསུངས་ནས་བཱི་མ་སྙིང་ཐིག་དབང་ཁྲིད་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གནང་བ་དང་།   གཞན་ཡང་ཟི་ཁྲོམ་གངས་རིའི་རྩེ་ནས་ནམ་མཁར་འཕུར་ཏེ་གྲུབ་དབང་རྫོགས་ཆེན་དགོན་དུ་བྱོན་པ་ཕྱུགས་རྫི་རྣམས་ཀྱིས་དངོས་སུ་མཐོང་བ་སོགས་གྲུབ་པའི་རྟགས་མཚན་མཐའ་ཡས་སོ།  སླར་རྨེ་ཡུལ་དུ་ཕེབས་ཏེ་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་གི་མཁན་པོ་མཛད་ཅིང་གསང་བ་སྙིང་ཐིག་གི་བསྟན་པ་གཞིར་བཞེངས་སུ་བསླངས་བར་མཛད།  དེ་ནས་སྤྱི་ལོ་༡༩༥༦ བོད་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོའི་ཟླ་དགུ་པའི་ཚེས་གཉིས་ཉིན་ཁོང་གི་རྩ་བའི་བླ་མ་གཞན་ཕན་ཆོས་ཀྱི་སྣང་བ་དང་བྱ་བྲལ་ཀུན་དགའ་དཔལ་ལྡན་གཉིས་ཀྱི་ཞལ་གཟིགས་པ་དང་།  འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་མངོན་སུམ་དུ་གཟིགས་ནའང་དགའ་ཞེན་དང་རེ་དོགས་ཀྱི་མཚན་མ་ཐམས་ཅད་ཡོངས་སུ་བྲལ་ཞིང་། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པའི་ཚུལ་མཛད་ནས།  ཚེས་གསུམ་གྱི་ཉི་དྲོས་ཀྱི་དུས་སུ་ཁྲོ་རྒྱལ་མི་གཡོ་མགོན་པོའི་བཞུགས་སྟངས་ཀྱིས་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ།། རྗེ་འདིའི་དངོས་སློབ་ནི་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ།  མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོ།  ཆོས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་དུ་ཡོད་དོ།།  

ཞེས་༢༠༡༥ བོད་རབ་རྒྱན་ཤིང་ལུག་ལོའི་ཟླ་དགུ་པའི་ཚེས་ལྔ་ལ་རྨེ་བ་དགོན་པའི་གྲྭ་གཟུགས་འཛིན་པ་མཁས་གྲུབ་འགྲན་བྲལ་གྱིས་བྲིས་པའོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།