རྫོགས་ཆེན་མཁན་རབས་སོ་གཉིས་པ། མཁན་པོ་བསྟན་འཛིན་ཆོས་བཟང་།

མཁན་རབས་སོ་གཉིས་པ། མཁན་པོ་བསྟན་འཛིན་ཆོས་བཟང་ནི། མདོ་ཁམས་རུ་དམ་ལུང་དུ་ཡབ་ཚེ་རིང་རྒྱལ་མཚན་དང་ཡུམ་ཁྱི་མོ་མཚོ་གཉིས་ཀྱི་བསྐྱེད་ཁྱིམ་དུ་མཚན་དཔེའི་མེ་ཏོག་གྲོལ། དགུང་ལོ་བརྒྱད་ཀྱི་དུས་རྫོགས་ཆེན་གདན་ས་ཆེན་མོར་ཁུ་བོ་བླ་མ་ཞིག་བཞུགས་པའི་དྲུང་དུ་བསྐྱལ་ཏེ་ཡི་གེའི་སྦྱོར་ཀློག་ལ་སྦྱང༌། སྐུ་ན་ཅུང་སྨིན་ནས་དགོན་ཆེན་གྱི་ཚོགས་གྲྭལ་དུ་བཞུགས་ཏེ་འདོན་དབྱངས་གར་ཐིག་སོགས་སྒྲུབ་ཆེན་གྱི་ཕྱག་བཞེས་མཐའ་དག་ལ་བྱང་ཆུབ་པར་མཛད། དགུང་ལོ་ཉེར་གཉིས་ཙམ་ནས་ཤྲཱི་སེང་ཆོས་གྲྭར་བཞུགས་ནས་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་ཐུབ་བསྟན་སྙན་གྲགས་སོགས་ལས་རང་ལུགས་རྒྱ་གཞུང་གི་ཡིག་ཆ་གཙོ་བོར་གྱུར་པའི་མཚན་ཉིད་གཞུང་ཆེན་དང༌། རྒྱུད་སྡེ་ཕྱི་ནང་གི་བཤད་ཁྲིད་ཟབ་རྒྱས་སུ་གསན་པས་ཐོས་པ་རྒྱ་མཚོའི་ཕ་མཐར་སོན།གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་སྔ་ནས་བཀའ་གཏེར་གྱི་སྨིན་གྲོལ་སྤྱི་དང་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཉམས་ཁྲིད་མནོག་ཆོས་སུ་བཞེས། དགུང་གྲངས་སུམ་ཅུ་ལྷག་ནས་ཕྱོགས་ཀྱི་བུ་དགོན་ཁག་ལ་མཁན་བསྐོས་སུ་ཕེབས་ཏེ་གཞི་གསུམ་གྱི་ཕྱག་བཞེས་དང་ཆོ་གའི་དབྱངས་རོལ་གར་ཐིག་སོགས་ཕྱག་ཁྲིད་མཛད་པས་རང་ལུགས་འཛིན་པའི་དགོན་སྡེ་མང་པོར་བཀའ་དྲིན་ཤིན་ཏུ་ཆེ། དགུང་གྲངས་ལྔ་བཅུའི་སྐོར་ལ་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་བཀས་ཤྲཱི་སེང་ཆོས་གྲྭའི་མཁན་རབས་སོ་གཉིས་པའི་ཆོས་ཁྲིར་མངའ་གསོལ། དེ་སྐབས་སྐུ་ན་ཅུང་སྨིན་ཞིང་སྤྱན་མིག་མི་གསལ་བས་རྗེ་ཉིད་ཀྱིས་ཞལ་རྩེད་དུ། སྔོན་དུས་ཁ་མིག་བློ་རིགས་གསལ་ཞི ང་ངས་ཤེས་ཀྱིས་ང་རྒྱལ་ཆེ་སྐབས་མཁན་པོར་བསྐོས་པའི་རེ་བ་རེ་བྱས་ཀྱང་སུ་ཡང་གོ་རྒྱུ་མ་བྱུང་། ད་ནི་ཁ་མིག་དབང་པོ་རྒུད་ཅིང་རྟོག་གེའི་དཔྱད་པ་བོར་ཏེ་ཉམས་ལེན་ལ་ཅུང་ཟད་འབུང་ཁུལ་བྱེད་སྐབས་གཟོད་ཁྲལ་འགན་འགེལ་བ་འདི་རྫོགས་ཆེན་ཚང་ནས་ང་ལ་ཞེ་ནག་ཡིན་པ་འདྲ་གསུངས། རྗེ་འདི་ཉིད་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་བཏམས་པས་གོང་འོག་མཆོག་དམན་ཀུན་ལ་ཐུགས་སྙོམས་པ་དང་༌། དབྱར་གནས་སོགས་ཀྱི་སྐབས་གྲྭ་གཞོན་རྣམས་ཀྱི་ཚོགས་སྒྲིག་བཤིག་ཚེ་ཐུགས་ཁྲོ་ཚུལ་ལྟ་བུའི་བཀའ་བཀྱོན་དྲག་པོ་གནང་གནང་བའི་མཐར་བཞད་མོ་མཛད་དེ་མར་མེའི་ཆད་པ་ཉིད་ཀྱིས་མཇལ་བ་སོགས་ཆོས་བརྒྱད་ཀྱི་འཆིང་རྒྱ་ལས་གྲོལ་བའི་རྣམ་ཐར་མཐའ་ཡས། དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་མཐར་རྒྱས་ངང་ང་དགུ་ལོའི་དུས་འགྱུར་སྐབས་སྐུ་གཤེགས་སོ། །

༼   ངེད་ཀྱི་ཕ་རྒན་གྱིས་གོ་ཐོས་ལྟར་ན།  དུས་འགྱུར་སྐབས་དེར་མཁན་པོ་བསྟན་འཛིན་ཆོས་བཟང་མཆོག་གིས་སྡེ་དགེའི་བཙོན་ཁང་དུ་སྙུང་གཞི་སོགས་གང་ཡང་མེད་ཀྱང་བཙོན་གྲོགས་ཁ་ཤས་ལ་གློ་བུར་ལ་སང་ཉིན་ང་ཤི་རྒྱུ་རེད་འདུག་ཅེས་གསུངས།   ལས་བྱེད་པས་སྐད་ཆ་དེ་གོ་ནས་ཁྱོད་ཀྱིས་དེ་འདྲ་མ་ཤེས་ཤེས་མདོག་གི་སྐད་ཆ་ཕུགས་མེད་བཤད་པ་གང་ཡིན་ཟེར་ནས་རྒྱུ་མཚན་བླངས་ཤིང་ནག་འདོན་གནང་དུ་བཅུག  གལ་ཏེ་ཁྱོད་སང་ཉིན་ཤི་མེད་ན་ཅི་བྱེད་ལྟོས་ཟེར།  དེ་ཡོད་ཀྱི་བཙོན་གྲོགས་དག་གིས་ད་སང་ཉིན་མཁན་པོར་གཅར་བརྡུང་གཏོང་རྒྱུ་རེད་བསམས་ནས་སེམས་སྡུག་བྱས། ཕྱི་ཉིན་ཞོགས་ཇ་མ་འཐུང་ཙམ་གྱི་སྔོན་དུ་བཙོན་གྲོགས་ཤིག་མཁན་པོ་ལ་དྲན་སྐུལ་བྱས་པར་ཁོང་གིས་ཨོ་ངས་བརྗེད་འགྲོ་བ་རེད་དགོ་གསུང་ནས་དེ་མ་ཐག་སྐུ་མཉམ་དཀྱིལ་དཀྲུང་མཉམ་བཞག་ཏུ་བཞུགས་ཤིང་དེ་ཡོད་ཀུན་ལ་འདུས་བྱས་མི་རྟག་པའི་ཆོས་ཚུལ་དང་འཕོ་བ་གནངས་ཏེ་སྐུ་གཤེགས།   བཙོན་ཁང་གི་རྒྱ་རིགས་འགོ་ཁྲིད་པ་ཞིག་ཡོད་པ་དེས་གནས་ཚུལ་དེ་ཐོས་པར་སེམས་འགུལ་ཅུང་ཙམ་ཐེབས་ནས་མི་འདིའི་སྐུ་ཕུང་ཆུ་ནང་དུ་མ་འཕེན་དུར་ཁྲོད་དུ་སྦས་ཞེས་བཀའ་གནང་། དུར་ཁྲོད་དེ་ད་ལྟའི་སྡེ་དགེའི་དཔའ་བོའི་དུར་ཁྲོད་དུ་འབོད་ལ། དཔའ་བོའི་དུར་ཁྲོད་ནི་དེ་དུས་ཀྱི་དམག་དཔོན་རྒན་པ་ཁ་ཤས་ཀྱི་དུར་ས་ཡིན་པར་གྲགས། གཞན་པའི་བླ་སྤྲུལ་དང་བཙོན་སུ་ཡིན་གྲོངས་བའི་ཕུང་པོ་དག་ནི་སྡེ་དགེའི་ཟིལ་ཆུའི་ནང་འཕངས་ཡོད་པ་རེད་འདུག   ༽   རྩོམ་སྒྲིག་པས།