མཁས་མཆོག་གུ་རུ་བཀྲ་ཤིས།

རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སློབ་མཁས་མཆོག་གུ་རུ་བཀྲ་ཤིས་ནི། བོད་རབ་བྱུང་བཅུ་གསུམ་པའི་འགོར་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་སྒང་དྲུག་གི་ནང་གསེས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་འཛིང་སྟག་མོ་སྒང་དུ་སྐུ་འཁྲུངས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་བློ་གྲོས་སུ་གསོལ། ཐུབ་བསྟན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཚོགས་ཞུགས་མཛད་ནས་ཡི་གེ་འབྲི་ཀློག་ལ་སློབ་སྦྱོང་གནང༌། མ་ཧཱ་པཎ་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་དང༌། ལྔ་རིག་སྨྲ་བའི་དབང་ཕྱུག་ཚེ་དབང་ཀུན་ཁྱབ་ཡབ་སྲས་ལས་སྒྲ་ཚད་སྙན་ངག་སྨན་རྩིས་སོགས་ཐུན་མོང་གཙུག་ལག་གི་གནས་ལ་གསན་སྦྱོང་མཐར་ཕྱིན་གནང་བས་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་རིག་བྱེད་ཀྱི་བཏགས་མིང་བསྩལ། དགུང་གྲངས་ཉི་ཤུའི་སྟོད་སྔ་འགྱུར་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དུ་ཕེབས་ཏེ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང༌། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ལས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གིས་གཙོས་སྔ་འགྱུར་བཀའ་གཏེར་དག་སྣང་གི་སྨིན་ཁྲིད་གཞུང་འགྲེལ་དང་བཅས་པ་ཕལ་མོ་ཆེ་གསན། ཁྱད་པར་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་མཆོད་དེ་འོད་གསལ་རྫོགས་པ་ཆེན་པོའི་སྙན་བརྒྱུད་དམར་ཁྲིད་དང་བཅས་པའི་མནོག་ཆོས་སྤྱི་དང༌། མདོ་སྔགས་བསྟན་བཅོས་རྒྱ་མཚོའི་དགོངས་འགྲེལ་རྣམ་དཔྱད་དང་བཅས་པའི་བཤད་ཁྲིད་གསན་པས་རྗེ་འདི་ཉིད་ཐུན་མིན་རིགས་བདག་མཆོག་གཅིག་ཏུ་འཛིན། གཞན་ཡང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང༌། སློབ་བརྒྱུད་དམ་པའི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་དག་ཇི་ལྟར་བྱོན་ཚུལ་བསྟན་པ། ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བཤེས་གཉེན་ཉི་ཤུ་ལྷག་ལས་ཟབ་ཆོས་གསན་བཞེས་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ། མདོར་ན་དམ་པ་མཆོག་གི་སྐུ་ཚེ་ཧྲིལ་པོར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་མཚུངས་ཟླ་དང་བྲལ་བས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་བ་དང༌། ཁྱད་པར་དུ་ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་དང༌། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ནས་ཐོག་མའི་བཀས་བསྐུལ་ཅིང༌། དཔྱད་གཞིའི་ཕྱག་དཔེ་འཚོལ་སྡུད་ཀྱི་མཐུན་རྐྱེན་གནང་བ་ལ་བརྟེན་ནས་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས་པ། རྒྱལ་བསྟན་སྤྱི་དང་གསང་སྔགས་སྔ་འགྱུར་བའི་ཆོས་ཀྱི་བྱུང་བ་ནས་གྲུབ་དབང་རྫོགས་ཆེན་པ་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་བར་གྱི་གདན་རབས་དྲུག་གི་ལོ་རྒྱུས་ཤིན་ཏུ་གསལ་རྒྱས་ཅན་ལྗགས་རྩོམ་གནང་བ་སོགས་སྤྱི་བྱེའི་བསྟན་པ་ལ་བཀའ་དྲིན་རྨད་དུ་བྱུང༌། གདན་ས་གོང་མ་རུ་དམ་རྫོགས་ཆེན་དང༌། རྒྱལ་རོང་སྒྲུབ་སྡེ། སྟག་མོ་སྒང་སོགས་སུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཅི་རིགས་སྤེལ་བས་སེང་ཕྲུག་པདྨ་བཀྲ་ཤིས་དང༌། ཉི་གྲགས་རིག་འཛིན་བཟང་པོ། མཁས་དབང་ཀུན་བཟང་ཆོས་དར་སོགས་ཞལ་སློབ་མཁས་པ་མང་པོ་བྱོན། སྐུ་ཚེའི་སྨད་དུ་ཐུབ་བསྟན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་བསྙེན་མཚམས་ལ་རྒྱུན་བཞུགས་མཛད་ཅིང་སྐུ་ན་མཐོན་པོར་སོན་པ་རབ་བྱུང་བཅུ་བཞི་པའི་སྨད་དུ་ཞི་བར་གཤེགས་སོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།