འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན།

1492324579923588.jpeg

དེ་ཡང་འཕོ་ཆེན་དྭངས་མའི་སྐུར་བཞེངས་པ་མཁན་ཆེན་ཚེ་དབང་རིག་འཛིན་ནི་སྤྱི་ལོ་༡༨༨༣བོད་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར་རྨེ་ཡུལ་དུ་སྐུ་བལྟམས་ཤིང་། ཆུང་ངུ་ནས་དད་པ་དང་མཁྱེན་དཔྱོད་ཀྱི་ཤེས་རབ་ལྡན་པ། སྐུ་ནར་སོན་སྐབས་གསང་ཆེན་བསྟན་པའི་ཆུ་འགོ་རྫོགས་ཆེན་ལ་གྲྭ་སར་ཕེབས་ནས་ཡོན་དགའ་རྡོ་རྗེ་འཆང་དང་མཁས་གྲུབ་ཀུན་དགའ་དཔལ་ལྡན་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་མང་པོ་དཔྲལ་བའི་མིག་བཞིན་བསྟེན་ནས་མཉེས་པ་གསུམ་གྱིས་ཐུགས་ཟིན་པར་བྱས། ཐུན་མོང་རིག་པ་ནས་ཨཱ་ཏི་ཡོ་གའི་བར་གྱི་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་སྦྱོང་བ་མཐར་ཕྱིན་ནས་ཤེས་བྱའི་ཆོས་ཐམས་ཅད་ལ་མཁྱེན་རབ་ཕུལ་དུ་བྱུང་། དེ་ནས་ཕྱིར་རྨེ་བའི་ཡུལ་དུ་ཕེབས་ནས་ལོ་ངོ་དུ་མར་སྙིང་པོའི་སྒྲུབ་པ་མཛད་ཞར་ལ་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དུ་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་རྒྱས་སུ་མཛད། དེ་ནས་ཡུལ་རྐྱེན་སྣ་ཚོགས་པའི་དབང་གིས་ཤར་དུང་རིར་ཕེབས་དགོས་བྱུང་ནས་ལོ་ངོ་གསུམ་ཙམ་ལ་སྒོམ་སྒྲུབ་མཛད་ནས་བཞུགས་སྐབས་རྫོང་སྔོན་སྐུ་འཕྲེང་གསུམ་པ་འཇིགས་མེད་བདེ་ཆེན་རྡོ་རྗེས་གདན་ཞུས་མཛད་པ་ལྟར་འབའ་ཡུལ་དུ་ཕེབས་པར་ཞལ་བཞེས་གནངས། རྗེ་ཉིད་དགུང་གྲངས་རེ་དགུ་སྟེ་༡༩༥༡ བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོར་མདོ་སྨད་འབའ་ཡུལ་དུ་ཕེབས་ནས་སེང་ཁྲི་ཆོས་སྡེ་ཆེན་མོ་གསར་འཛུགས་གནངས་ནས་མདོ་སྔགས་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་སྤེལ་ཞིང་གསུང་ཆོས་ཡང་དུ་མ་སྣང་། དེ་ནས་དམངས་གཙོ་བཅོས་བསྒྱུར་སྐབས་སྟེ་སྤྱི་ལོ་༡༩༥༨ བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་ལ་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ལྟར་དམག་མི་ལྔས་ཆིབས་ལ་དྲངས་དེ་འབའ་ཡུལ་ཐུན་ཏེ་རྫོང་ནས་ལམ་ལ་ཆས། དེའི་ཉེ་འདབས་ཀྱི་ས་ཏོའི་གདོང་ལམ་བརྒྱུད་སྐབས་རླུང་དང་ཁ་ཆར་འདྲེས་མ་དང་ལྷན་ཅིག་རྗེ་ཉིད་ཀྱིས་སིདྡྷིའི་སྒྲ་དབྱངས་སྒྲོག་བཞིན་སྐད་ཅིག་གིས་ནམ་མཁར་འཕགས་ཏེ་སྐུ་ལུས་མ་སྤངས་པར་དག་པ་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། ཁོང་གི་ཞལ་སློབ་གཙོ་བོ་ནི་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་མཁན་ཆེན་ནོར་བུ་བསྟན་འཛིན་དང་མཁན་ཆེན་ཡེ་ཤེས་དར་རྒྱས་དང་ཆོས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་སོགས་མཁས་བཙུན་གྲུབ་པ་བརྙེས་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ལྟར་ཡོད་དོ།། 

ཞེས་ ༢༠༡༥ བོད་རབ་རྒྱན་ཤིང་ལུག་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་རྨེ་བ་དགོན་པའི་གྲྭ་གཟུགས་འཛིན་པ་མཁས་གྲུབ་འགྲན་བྲལ་གྱིས་བྲིས་པའོ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།