ས་ཆེན་གྱི་སེམས་དཔའ་ཆེན་མོ། གྱེར་འདོན།

WechatIMG1712.jpeg

གྱེར་འདོན་པ།  ལྷ་མོ།



ས་ཆེན་གྱི་སེམས་དཔའ་ཆེན་པོ།


མུན་པའི་ཁྲོད་དུ་རླུང་ཆེན་ལྡིང་བཞིན་པའི་སྐད་ཅིག་དེར།

མི་སེམས་ཀྱི་ཤུགས་སུ་རྙོག་དྲ་ཐེབས་བཞིན་པའི་བར་གླགས་དེར།

ངའི་ཕ་ཡུལ་དུ།  ངའི་ཕ་ཡུལ་མཚོ་བོད་མཐོ་སྒང་དུ།

དལ་བ་དལ་བར་ཉི་འོད་ཀྱི་ཟེགས་མ་བཀྱེས་བྱུང་།

མི་སེམས་ཀྱི་རྙོག་དྲ་ཡང་ཁྱེད་ཀྱི་འོད་སྣང་གིས་བརྟོལ་བྱུང་།

ཁྱེད་ཉིད་སྐུ་ན་ཆུང་ངུའི་དུས་ནས་བཟུང་ཉིད་ཀྱི་ཕ་ཡུལ་དང་ཁད་འགྱང་བའི་མདོ་སྨད་ཀྱི་ཡུལ་གྲུ་འདི་རུ་ཕེབས་པ་ཡང་ད་ལྟ་བསམས་ཚེ་ཅི་ལྟ་བུའི་གཟིགས་པ་ཡངས་བའི་བསྟན་འགྲོའི་དོན་ཆེན་ཞིག་རེད་ཨང་།

ས་ཆེན་གྱི་སེམས་དཔའ་ཆེན་པོ།  མཆོག་སྤྲུལ་ལགས་བསྟན་འཛིན་སྙན་གྲགས།

དད་འདུན་ལག་ཟུང་གི་ཐལ་མོ་སྙིང་ཀར་སྦྱར་ཏེ་ཤི་མིག་གི་རེ་ཁ་གསོན་ལ་འཆང་བའི། ལོ་ལོན་བདག་མེད། ནད་པ་ཉམ་ཐག

འཁོར་བའི་འདམ་དུ་བྱིངས་བའི་སྐྱེ་འགྲོ་མགོན་མེད་དེ་དག་གི་ཆེད་དུ།

དབྱར་དགུན་གྱི་དུས་ཚིགས་ལ་ཁྱད་པར་མེད་ཅིང་།

ཉིན་མཚན་གྱི་བར་སོ་ཡང་མི་དབྱེ་བར་ཁངས་ཆར་ཙག་རླུང་གི་ཁྲོད་ན་ཁབ་སྐུད་ཙམ་གྱི་རྙེད་པ་ཡང་མི་འཚོལ་བའི་ས་ཆེན་གྱི་སེམས་དཔའ་ཆེན་པོ་གང་གིས་མཁས་ཉམས་དང་སྒྲོབ་མདོག་གི་གསུང་རྒྱ་བོར་ནས།

ཆེས་སྤྱིར་བཏང་གི་ཕ་བུ་ཞིག་གི་བརྩེ་བ་ལྟ་བུར་ང་དང་ངའི་མ་རྒན་ཡིན་ངེས་པའི་སྐྱེ་འགྲོ་གདུལ་བྱའི་ཁམས་སུ་ཐུགས་དགོངས་ཉེ་བར་གཏད་དེ།

གོ་སླ་ཞིང་འབྲུ་གསལ་བ་དམ་པའི་ལྷ་ཆོས་ཀྱི་ནང་སྙིང་ངོ་མ་ཞིག་རེ་རེ་རེ་རེ་ནས་སེམས་ངོར་བྲན་དུས། 

དད་གསུམ་མཆི་མས་བརླན་པའི་མཁུར་གོང་ན་རེ་བའི་མིག་ཟུང་མང་པོ་ཞིག་ཁྱེད་ཁོ་ན་ལ་གཏད་ཅིང་། 

ནང་སེམས་ཀྱི་མཛེས་པ་རྙེད་པའི་ངེས་ཤེས་ཤིག་ཆོལ་གསུམ་དད་འབངས་སྐྱེ་འགྲོ་ཀུན་གྱི་སྙིང་ཁོང་ནས་ཚོར་ཡོང་གིན་གདའ།

ས་ཆེན་གྱི་སེམས་དཔའ་ཆེན་པོ། མཆོག་སྤྲུལ་ལགས་བསྟན་འཛིན་སྙན་གྲགས།

ཁྱེད་ལ་བྱང་ཆུབ་སེམས་དཔའ་ཞེས་འབོད་མཁན་ནི།

ང་དང་ཁོ་ཁོ་ན་མ་ཡིན་ཏེ།

ཁྱེད་ཀྱི་གཞན་ཕན་གྱི་གསུང་གླེང་དང་དཀྱེལ་ཡངས་བའི་མཛད་སྤྱོད་ཀྱིས་འཁོར་བའི་པང་ཆེན་འདིའི་སྐྱེ་འགྲོ་ཀུན་སྙིང་རྗེ་ཆེན་པོས་བསྐྱངས་བས་ན།

ཁྱེད་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཐོགས་པའི་སྐྱེ་འགྲོ་ཀུན་གྱིས་ཁྱེད་ལ་བྱང་ཆུབ་སེམས་དཔའ་ཞེས་བོས་ཤིང་།

མ་ཟད་འབྱོན་འཁོར་སོགས་ལའང་བྱང་སེམས་ཀྱི་བརྡ་ཡིས་རབ་ཏུ་བརྒྱན།

དེ་ཙ་ན་མཁས་པའི་གཏམ་བཤད་ཀྱི་ནང་སྙིང་དང་སྙན་ངག་པའི་ཚིག་གྲུབ་ཀྱི་གཞི་འཛིན་ས་ཡང་ཁྱེད་ཀྱི་མཛད་སྤྱོད་ལ་བཅོལ་ཞིང་།

སྙིགས་མའི་འགྲོ་བ་འདི་ཀུན་གྱི་ངག་ནའང་ཁྱེད་ཀྱི་མཛད་སྤྱོད་དབར་མེད་དུ་ཟློ་བཞིན།

ཁྱེད་ཀྱི་འོད་སྣང་གིས་ང་ཚོ་ཐར་བའི་ལམ་མམ་ཡང་དག་པའི་ས་ཞིག་ཏུ་སྣེ་ཤན་གནང་ངེས་པའི་ཡིད་རྟོན་བྱེད་ཀྱིན་ཡོད།

ཁྱེད་ནི་ངོ་མ་དེ་འདྲ་ཞིག་སྟེ། མི་སེམས་རེ་རེ་ནས་དེ་འདྲ་ཞིག་ཡིན་པས།

ནམ་གཞག་ཆེས་སྤྱིར་བཏང་གི་ཞོགས་པ་རེ་རེ་ནས་ས་སྲོད་ཀྱི་བར་དུ་དགེ་ལས་ག་འདྲ་ཞིག་འཁྱོང་ནའང་།

དེ་དག་ཡོད་ཚད་ང་ཚོས་ཁྱེད་ཀྱི་སྐུ་ལུས་ལ་སྙུན་གཞིའི་དྲི་མ་ཙམ་གྱིས་ཀྱང་མ་གོས་པར་སྐུ་ཚེ་རྒྱལ་མཚན་བརྟན་ཅིིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་དུ་བསྒྲོན་པ་ཡིན།

ས་ཆེན་གྱི་སེམས་དཔའ་ཆེན་པོ།  མཆོག་སྤྲུལ་ལགས་བསྟན་འཛིན་སྙན་གྲགས།

གངས་ལྗོངས་མ་ཎི་སྨོན་ལམ་ཆེན་མོ་ཐེངས་བཅུ་དགུ་པ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།