༄༅།།རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་ཆེན་མོའི་སློབ་ཁང་གི་སྒྲིག་གཞི།

༄༅།།རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་ཆེན་མོའི་སློབ་ཁང་གི་སྒྲིག་གཞི།

WeChat_1458142215.jpeg

༡༽     ང་ཚོའི་སློབ་ཁང་ནི་རང་གི་ཁྱིམ་གཞི་ལས་ཀྱང་གལ་ཆེ་ཞིང་དགེ་འདུན་པ་སྤྱིའི་སློབ་ཁང་ཡིན་པས།  རང་ངོས་ནས་བསམ་ཤེས་ཀྱིས་གཙང་སྦྲ་དང་བདག་སྐྱོང་ཡང་དག་བྱེད་འོས་ལས།     གྱང་ངོས་སུ་རི་མོ་འབྲི་བ་དང་སྒོ་དང་རབ་གསལ་སོགས་གཏོར་བཤིག་གཏན་ནས་བྱེད་མི་རུང་།

༢༽     དུས་རྒྱུན་སློབ་ཁང་ནང་ནས་ཀུ་ཅོ་དང་ཧ་བགད།  དོན་མེད་ཀྱི་ངག་ཀྱལ་སོགས་སྤོངས་ཤིང་།   ཚད་ལྡན་གྱི་བསམ་སྤྱོད་ཡང་དག་རང་རྒྱུད་དུ་བསྟེན་ནས་སྒོ་གསུམ་ཞི་དུལ་དྲན་ཤེས་བག་ཕེབས་ཀྱིས་སློབ་གྲོགས་ཡོངས་ལ་སློབ་སྦྱོང་ཡང་དག་བྱེད་ཐུབ་རྒྱུའི་གོ་སྐབས་བཟང་པོ་བསྐྲུན་དགོས།

༣༽    འཛིན་གྲྭའི་ཆོས་ཁྲིད་དང་སྐྱོར་སྦྱོང་སོགས་གང་གི་སྐབས་ཡིན་ཡང་དགེ་སློབ་གཉིས་ཆར་ནས་སྔ་ཆད་ཕྱི་ལུས་མེད་པར་ཕེབས་ཐུབ་པར་བྱེད་དགོས་པ་ལས་གཞན་གྱི་དུས་ཆུད་ཟོས་སུ་བཏང་བའི་རྒྱུ་སྒྲུབ་མི་རུང་ཤིང་།     དུས་རྒྱུན་དགེ་རྒན་དང་སྐྱོར་དཔོན་གྱིས་སློབ་མ་རྩིས་ལེན་སོགས་ལ་སུན་སྣང་མེད་པར་བྱེད་དགོས།  

༤༽      གཟའ་འཁོར་རེའམ་ཡང་ན་དུས་སྐབས་ནམ་ཁོམ་ལ་བདག་གཉེར་བ་རྣམས་ཀྱིས་གཙོ་འགན་འོག་སློབ་ཁང་ཕྱི་ནང་དང་ཀུན་དགའ་ར་བ་སོགས་གཙང་སྦྲ་ཚད་ལྡན་བྱེད་པ་དང་།    རྒྱུན་དུ་སྒོ་དང་རབ་གསལ་ཕྱེས་ནས་མི་བཞག་པར་བདག་སྲུང་བྱེད་ཅིང་།    སྔར་སློབ་ཁང་སོགས་ལ་ཆག་སྐྱོན་ཤོར་ཡོད་ན་དམ་ཆོས་འདུལ་བའི་དགོངས་དོན་ལྟར་ཚད་ལྡན་ཚུལ་མཐུན་གྱིས་སླར་གསོ་བྱེད་རྒྱུ་དང་། ཆེད་བསྐོས་ཀྱི་བདག་གཉེར་བ་རྣམས་ཀྱིས་ཞིབ་རྟོག་ནན་སྲུང་དགོས། 

༥༽    ཀུན་དགའ་ར་བ་དང་སློབ་ཁང་སོགས་སུ་ཕེབས་སྐབས་ཞྭ་ལྷམ་ཕུད་དེ་དད་ཅིང་གུས་པའི་ཉམས་ཀྱིས་ཕེབས་བཞུགས་བྱེད་ནས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་མི་རེའི་རང་ངོས་ནས་བྱེད་དགོས་པ་ལས།    དམུ་རྒོད་ཅོལ་ཆུང་གི་བསམ་སྤྱོད་ནམ་ཡང་བསྟེན་མི་རུང་།

༦༽      སློབ་ཁྲིད་འཚོགས་སྐབས་དང་གྲོལ་སྐབས་མཁན་པོ་དང་སྐྱོར་དཔོན་ལ་གུས་པས་ཕེབས་བསུ་སོགས་བྱེད་དགོས་པ་ལས།    རང་མཐོང་ང་རྒྱལ་ཆེན་པོའམ་ཐ་ཤལ་མ་རབ་གུས་ཞབས་མེད་པའི་སྤྱོད་པ་སྤོང་དགོས།

༧༽      ཆོས་ཁྲིད་དང་སྐྱོར་སྦྱོང་གི་སྐབས་རྣམས་སུ་སློབ་མ་ཚོས་ངག་བཅད་ལུས་ཚུགས་བསྲུངས་ཤིང་སློབ་ཁྲིད་ལ་ནན་ཏན་ཆེན་པོས་ཉན་དགོས་པ་ལས་ཁ་པར་སྤྱོད་པ།   ངག་འཆལ་བཤད་པ།   རི་མོ་འབྲི་བ།     གཉིད་ཉལ་སོགས་གཏན་ནས་བྱེད་མི་རུང་ཞིང་རང་ཉིད་ཀྱི་མི་ཚེ་དོན་ལྡན་ཞིག་འགྱུར་རྒྱུ་རང་ངོས་ནས་སྐར་ཆ་རེ་བཞིན་འབད་འབུང་བྱེད་རིགས།

༨༽     ཉིན་རེའི་དཔེ་ཁྲིད་དང་སྐྱོར་སྦྱོང་རྩོད་པ་རྣམས་མ་ཆགས་པར་བྱ་ཞིང་།     དུས་རྒྱུན་ཉིན་རེའི་སློབ་སྦྱོང་གང་ཡོད་བརྩོན་པ་བརྒྱ་འགྱུར་གྱིས་ཟབ་སྦྱོང་བྱེད་དགོས་པ་ལས།     བྱ་བ་ངན་ཞེན་གྱི་ལེ་ལོའི་དབང་དུ་ནམ་ཡང་གཏོང་མི་རུང་བར་བཅས་སོ།།

                         ཆོས་གྲྭའི་སློབ་དོན་གཞུང་ལས་ཁང་ནས་མེ་སྤྲེལ་ལོར་སྤེལ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།