༄༅། །ཀུན་བཟང་སྨོན་ལམ་བཞུགས་སོ།།

timg.jpeg

ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོས་འཁོར་བའི་སེམས་ཅན་འཚང་མི་རྒྱ་བའི་དབང་མེད་པའི་སྨོན་ལམ་ཁྱད་པར་ཅན་འདི་གསུངས་སོ༔ 


ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔ མངོན་པར་རྫོགས་ཏེ་འཚང་རྒྱ་ཤོག༔ ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ན་སངས་རྒྱས་ཏེ༔ མ་རིག་སེམས་ཅན་འཁོར་བར་འཁྱམས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ བརྗོད་མེད་གཞི་དོན་རིག་པརཤོག༔ ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔ རྒྱུ་རྐྱེན་མེད་པ་གཞི་ཡི་དོན༔ དེ་ཉིད་གཞི་ལ་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔ དྲན་མེད་མུན་པའི་སྒྲིབ་མ་དགོས༔ དེ་ཕྱིར་རང་སྣང་སྐྱོན་མ་གོས༔ རང་རིག་སོ་ལ་གནས་པ་ལ༔ སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད༔ འདོད་ཡོན་ལྔ་ལ་ཆགས་པ་མེད༔ རྟོག་མེད་ཤེས་པ་རང་བྱུང་ལ༔ གདོད་པའི་གཟུགས་དང་དུག་ལྔ་མེད༔ རིག་པའི་གསལ་ཆ་མ་འགགས་པ༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་པོ་སྨིན་པ་ལས༔ ཐོག་མའི་སངས་རྒྱས་རིགས་ལྔ་འབྱུང་༔ དེ་ལ་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་བཅུ་རྩ་གཉིས་བྱུང་༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་འཐུང་དྲག་ཅུ་ཐམ་པ་བྱུང་༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང་༔ ཐོག་མའི་སངས་རྒྱས་ང་ཡིན་པས༔ ང་ཡི་སྨོན་ལམ་བཏབ་པ་ཡིས༔ ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔ རང་བྱུང་རིག་པ་ངོ་ཤེས་ནས༔ ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔ ང་ཡི་སྤྲུལ་པ་རྒྱུན་མི་ཆད༔ བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ང་ཡི་ཐུགས་རྗེའི་སྨོན་ལམ་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རིགས་དྲུག་ལམ་ནས་འཐོན་པར་ཤོག༔ དང་པོ་སེམས་ཅན་འཁྲུལ་པ་རྣམས༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ དེ་ལས་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟིར་གྱུར༔ དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔ བག་ཆགས་རིམ་གྱིས་བརྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་བྱུང་༔ དེ་ལས་ཉོན་མོངས་དུག་ལྔ་རྒྱས༔ དུག་ལྔའི་ལས་ལ་རྒྱུན་ཆད་མེད༔ དེ་ཕྱིར་སེམས་ཅན་འཁྲུལ་པའི་གཞི༔ དྲན་མེད་མ་རིག་ཡིན་པའི་ཕྱིར༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཀུན་གྱིས་རིག་པ་རང་ཤེས་ཤོག༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔  ཀུན་ཏུ་བརྟགས་པའི་མ་རིག་པ༔ བདག་གཞན་གཉིས་སུ་འཛིན་པ་ཡིན༔ ལྷན་ཅིག་ཀུན་བརྟག་མ་རིག་གཉིས༔ སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ དྲན་མེད་འཐིབས་པའི་མུན་པ་སངས༔ གཉིས་སུ་འཛིན་པའི་ཤེས་པ་དྭངས༔ རིག་པའི་རང་ངོ་ཤེས་པར་ཤོག༔ གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེན་པ་ཕྲ་མོ་སྐྱེས་པ་ལ༔ བག་ཆགས་འཐུག་པོ་རིམ་གྱིས་བརྟས༔ ཟས་ནོར་གོས་དང་གནས་དང་གྲོགས༔ འདོད་ཡོན་ལྔ་དང་བྱམས་པའི་གཉེན༔ ཡིད་འོངས་ཆགས་པའི་འདོད་པས་གདུངས༔ དེ་དག་འཇིག་རྟེན་འཁྲུལ་པ་སྟེ༔ གཟུང་འཛིན་ལས་ལ་ཟད་མཐའ་མེད༔ ཞེན་པའི་འབྲས་བུ་སྨིན་པའི་ཚེ༔ བརྐམ་ཆགས་གདུང་བའི་ཡི་དྭགས་སུ༔ སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང་༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔ འདོད་པའི་གདུང་བ་ཕྱིར་མ་སྤངས༔ འདོད་ཆགས་ཞེན་པ་ཚུར་མ་བླངས༔ ཤེས་པ་རང་སོར་གློད་པ་ཡིས༔ རིག་པ་རང་སོ་ཟིན་གྱུར་ནས༔ ཀུན་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔ སྡང་བའི་བག་ཆགས་བརྟས་པ་ལས༔ དགྲར་འཛིན་བརྡེག་གསོད་ཧྲག་པ་སྐྱེས༔ ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔ དམྱལ་བར་བཙོ་སྲེག་སྡུག་རེ་བསྔལ༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔ སྤང་བར་མི་བྱ་རང་སར་གློད༔ རིག་པ་རང་སོ་ཟིན་གྱུར་ནས༔ གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔ རང་སེམས་ཁེངས་པར་གྱུར་པ་ལས༔ གཞན་ལ་འགྲན་སེམས་མང་བའི་བློས༔ ང་རྒྱལ་དྲེགས་པའི་སེམས་སྐྱེས་པས༔ བདག་གཞན་འཐབ་རྩོད་སྡུག་བསྔལ་སྤྱོད༔ ལས་དེའི་འབྲས་བུ་སྨིན་པའི་ཚེ༔ འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཁེངས་སེམས་སྐྱེས་པའི་སེམས་ཅན་རྣམས༔     དེ་ཚེ་ཤེས་པ་རང་སར་གློད༔      རིག་པ་རང་སོ་ཟིན་གྱུར་ནས༔   །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག༔ གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔ བདག་བསྟོད་གཞན་སྨོད་ཟུག་རྔུའི་ལས༔ འཐབ་རྩོད་འགྲན་སེམས་བརྟས་པ་ལས༔ གསོད་གཅོད་ལྷ་མིན་གནས་སུ་སྐྱེས༔ འབྲས་བུ་དམྱལ་བའི་གནས་སུ་ལྟུང་༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲན་སེམས་འཐབ་རྩོད་བརྟས་པ་ལ༔ དགྲར་འཛིན་མི་བྱ་རང་སོར་གློད༔ ཤེས་པ་རང་སོ་ཟིན་གྱུར་ནས༔ འཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔ དྲན་མེད་བཏང་སྙོམས་ཡེངས་པ་དང་༔ འཐིབས་དང་རྨུགས་དང་བརྗེད་པ་དང་༔ བརྒྱལ་དང་ལེ་ལོ་གཏི་མུག་གིས༔ འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ གཏི་མུག་བྱིང་བའི་མུན་པ་ལ༔ དྲན་པ་གསལ་བའི་གདངས་ཤར་ནས༔ རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ ཀུན་གཞི་སངས་རྒྱས་ང་དང་མཉམ༔ དྲན་མེད་འཁྲུལ་པའི་གཞི་རུ་སོང་༔ ད་ལྟ་དོན་མེད་ལས་ལ་སྤྱོད༔ ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔ ང་ནི་སངས་རྒྱས་ཐོག་མ་མེད༔ འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔ སེམས་ཅན་ཐམས་ཅད་མ་ལུས་པ༔ ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཤོག༔ ཨེ་མ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཆེན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔ སྨོན་ལམ་སྟོབས་ཆེན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་མངོན་སངས་རྒྱས༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་གཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོའི་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང་༔ མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར༔ ཅེས་གསུངས༔ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས༔ སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་འཚང་མི་རྒྱ་བའི་དབང་མེད་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠིིིིི༔ ༔ བདག་གཞན་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས༔བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་རང་རིག་པ་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག༔ སྣང་བ་རྒྱས་ཐེབ་པར་གྱུར་ཅིག༔ མཚན་མ་རང་སར་གྲོལ་བར་གྱུར་ཅིག༔ གཏིང་གསལ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ ཐོག་མའི་སངས་རྒྱས་མགོན་པོ་འོད་མི་འགྱུར༔ རིགས་ལྔའི་སངས་རྒྱས་ལྔ་རྫོགས་རྡོ་རྗེ་འཆང་༔ རིག་འཛིན་བརྒྱུད་པ་མཁའ་འགྲོ་བཀའ་སྲུང་བཅས༔ ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གཞན་དགེ་བཅུའི་ཆོས་ལ་སྤྱད་པ་ཡིས༔ མཐོ་རིས་ཐར་པའི་གོ་འཕང་ཐོབ་པར་ཤོག༔ དམིགས་མེད་ཆོས་ཉིད་དག་པའི་དོན་བསྒོམ་པས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ རིག་པ་ཡེ་ཤེས་ཉམས་སུ་བླངས་པ་ཡིས༔ མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ དུས་འདིར་ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནས༔ འགྲོ་དོན་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག༔ རིག་འཛིན་རྒོད་ལྡེམ་པའི་གསུངས་དངོས་ཀྱི་རྒྱུན་ལས་བཏུགས། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།