རྫོགས་ཆེན་བཀའ་གཏེར་དཀྱིལ་འཁོར་དཔེའུ་རིས་ཀྱི་སྔོན་བརྗོད།

 ༄༅།།གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ། ༧ གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནི་མདོ་སྔགས་ཐེག་རིམ་ཚང་ལ་མ་ནོར་བ་འཛིན་སྐྱོངས་སྤེལ་བའི་ཆོས་སྡེ་ཆེན་མོར་ཡོངས་སུ་གྲགས་ཤིང་། གདན་ས་འདིའི་བཀའ་གཏེར་སྒྲུབ་འཕྲིན་ཁག་གི་གདངས་དབྱངས་འདོན་རྟ། བཅའ་བཤམ་འབུད་དཀྲོལ། ཕྱག་རྒྱ་གར་འཆམ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་དག་ནི། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཡིག་དང་འབྲེལ་བ། ཆོག་ཡིག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་མན་ངག་འབྲེལ་བ་སྟེ། སྔ་རབས་མཁས་གྲུབ་སྐྱེས་ཆེན་རྒྱུད་མར་བྱོན་པས་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་ཁུངས་ཐུབ་ཚད་ལྡན་དུ་གཏན་ལ་ཕབ་ཅིང་སྤེལ་བ་ནས། དེང་གི་བར་དུ་དགེ་སློབ་གཅིག་ནས་གཅིག་ཏུ་མཐོང་བས་བརྒྱུད་པའི་ཕྱག་བཞེས་འཁྲུལ་བ་མེད་པའི་རྒྱུན་སྟེ། རིང་ལུགས་འདི་ཉིད་ཀྱི་བཀའ་སྲོལ་འཛིན་པའི་དགོན་ལག་ཆོས་བརྒྱུད་བོད་མདོ་དབུས་ཁམས་གསུམ་ནས། རྒྱ་བལ་འབྲས་འབྲུག  ཤར་ནུབ་འཛམ་གླིང་གི་མཐའ་ཚུན་ཁྱབ་པར་འཕེལ་བས།  ཆོས་སྡེ་ཆེ་ཕྲ་འདི་དག་གིས་སླད་ཕྱིན་རང་ལུགས་ཕྱག་བཞེས་འཁྲུལ་མེད་འཛིན་སྐྱོངས་ཐུབ་པའི་དགོས་དབང་དང་། སྔ་འགྱུར་སྤྱིའི་བཀའ་གཏེར་སྒྲུབ་འཕྲིན་ཕྱག་བཞེས་ཆལ་ཆོལ་ཉམས་པར་ཕྱོགས་པ་དེང་གི་དུས་འདིར་སླར་གསོའི་དུས་བབ་དགོས་གནད་ལ་དམིགས་ཏེ། 

WechatIMG4.jpeg

ཕྱི་ལོ་ཉིས་སྟོང་བཅུ་ལོ་ནས་ཁོ་བོ་ཅག་གིས། རྫོགས་ཆེན་སྔ་འགྱུར་བཀའ་གཏེར་སྒྲུབ་འཕྲིན་ཉམས་གསོ་ཚོགས་པ་བསྒྲིགས་འཛུགས་བྱས་ཏེ་བྱ་རིམ་སྣ་ཚོགས་པ་ཞིག་འབད་པས་སྒྲུབ་པ་ལས། ད་ལམ་འདིར་ཡང་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་ཕྱག་བཞེས་ལྟར་བཀའ་གཏེར་སྒྲུབ་འཕྲིན་ཆོག་གྲྭ་ཁག་གི་བཅའ་བཤམ་དང་གཏོར་མའི་དཔེའུ་རིས་མཐོང་བས་རྣམ་གསལ་འདི་བཞིན། རྒྱལ་བསྟན་ཡང་དར་སྐབས་ཞལ་བཞུགས་གདན་ས་ཆེན་མོའི་མཆོད་ཆེན་རྒན་རབས་ཐུབ་བསྟན་བློ་གྲོས་ཀྱི་ཞལ་རྒྱུན་ཡི་གེར་བཀོད་པའི་བཅའ་ཐབས་གཞིར་བཞག་ཐོག  །མཆོད་ཆེན་གཞོན་རབས་པ་དག་གི་མཐོང་བས་བརྒྱུད་པའི་ཕྱག་རྒྱུན་འཁྲུལ་མེད་རྩིས་འཕྲུལ་རི་མོར་བཀོད་པ་ཟུར་གསལ་བཅའ་ཐབས་ཡི་གེ་དང་བཅས་གསར་དུ་བྲིས་ཏེ། སྔ་འགྱུར་བཀའ་གཏེར་གདམས་པའི་མཛོད་འཛིན་བདག་ཅག་གི་བླ་མ་དམ་པ། ༧ སྐྱབས་རྗེ་འབྲུག་རྒན་རིན་པོ་ཆེའི་སྤྱན་སྔར་གཟིགས་འབུལ་དག་ཞུས་ཕུལ་བར་ལེགས་སོའི་གསུང་གིས་དབུགས་དབྱུང་མཛད་ཅིང་། གཞན་ཡང་གནས་འདིར་མཁྱེན་སྤྱན་མངའ་བ་དག་གིས་སྔར་སྲོལ་རང་ལུགས་འཁྲུལ་བྲལ་དུ་གཏན་ལ་ཕབ་ཅིང་ཞིབ་པར་བསྡུར་རྗེས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་སྟེ།  བགྱི་བ་འདི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འབྲུག་ཆེན་མཐུ་སྟོབས་རྣམ་རྒྱལ་ནས་ཐུགས་བརྩོན་ཆེན་པོས་གཙོ་སྐྱོང་ཡོན་སྦྱར་གནང་བ་དང་། གཞན་ཡང་དཔེ་སྒྲིག་ཆེད་འགན་པ་མཁན་པོ་བསམ་འཕེལ་ནོར་བུ། ལག་བསྟར་མཛུབ་ཁྲིད་པ་མཆོད་ཆེན་རིག་མཆོག་དང་ཆོས་ལྡན། རྩིས་འཕྲུལ་མཛེས་རིས་པ་མཆོད་སྒྲོལ་མ་མགོན་སོགས་ནས་ལྷག་པའི་བསམ་པ་རྨ་མེད་པའི་སེམས་བསྐྱེད་དང་། དུས་ཡུན་རིང་མོར་དཀའ་སྤྱད་ཁུར་དུ་བླངས་པ་ལས་ལེགས་པར་གྲུབ་པ་སྟེ། འདི་ཉིད་ཀྱིས་སྤྱི་བྱེའི་བསྟན་པའི་རིང་ལུགས་འཁྲུལ་བྲལ་དུ་བསྐྱང་བར་སྨན་པ་རྒྱ་ཆེ་རྒྱུན་རིང་འབྱུང་བ་མ་ཟད། ཁ་བའི་ཆོས་རིག་ཉམས་གསོ་རྒྱུན་གནས་ལ་སྲི་ཞུའི་ཆ་ཤས་ཤིག་ཏུ་མཐོང་ཕྱིར་རབ་ཏུ་དྭང་བའི་བློས་མངོན་པར་བསྟོད་པ་དང་། དགེ་ཚོགས་རྒྱ་མཚོ་གསང་ཆེན་བཀའ་གཏེར་བསྟན་པའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། འགྲོ་ཀུན་སྨིན་ཅིང་གྲོལ་བའི་ས་ལ་འགོད་པའི་རྒྱུར་བསྔོ་བའི་སྨོན་པ་ཟབ་མོ་དང་བཅས། ། 

བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཧོར་ཟླ་གཉིས་པའི་ཡར་ཚེས་དགེ་བར། གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པཎ་འཆང་བ་བསྟན་འཛིན་ལུང་རྟོགས་ཉི་མས་སྦྱར་བ་དགེ།། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།