༄༅། །བྱད་ཕུར་བཟློག་ཐབས་བཞུགས་སོ།།

src=http---img5.artron.net-auction-2013-art002306-d-art0023060989.jpg&refer=http---img5.artron.net&app=2002&size=f9999,10000&q=a80&n=0&g=0n&fmt=jpeg.jpeg

སྐུ་གསུམ་རྒྱལ་བ་རིགས་ལྔའི་རྣམ་འཕྲུལ་གྱིས། །གང་ལ་གང་འདུལ་སྤྲུལ་པའི་དོན་མཛད་པ། །ཞི་ཁྲོའི་དཀྱིལ་འཁོར་ནམ་མཁའི་ཁྱབ་བརྡལ་གྱི། །ཆེ་མཆོག་དཔལ་དགུ་གནས་གསུམ་དཔའ་བོ་དང་། །ཆོས་སྐྱོང་སྲུང་མས་དབྱིངས་ནས་ཐུགས་རྒྱུད་བསྐུལ། །འབྱུང་བ་ལྔ་ལས་གྲུབ་པའི་བདུད་བགེགས་རྣམས། །དངོས་དང་དངོས་མིན་བསམ་ངན་སྦྱོར་རྩུབ་ཤོམས། །རྒྱལ་བ་ཞི་ཁྲོའི་ནུས་མཐུའི་སྟོབས་ཀྱིས་སྒྲོལ། །བྱད་ཕུར་རྦོད་གཏོང་འཚེ་བ་མེད་ཕྱིར་དུ། །ཕྱི་ནང་གསང་གསུམ་བར་ཆད་དབྱིངས་སུ་སྒྲོལ། །བདུད་བགེགས་སརྦ་མི་ལྡང་སྟམྦྷ་ཡ། །ནོར་ལྷ་གཏེར་བདག་དཔའ་བོ་མཁའ་འགྲོ་ཡིས། །སྲིད་ཞིའི་ཕྱྭ་གཡང་ཐམས་ཅད་དབང་དུ་བསྡུས། །འདོད་དགུའི་དངོས་གྲུབ་ཟག་མེད་སྩལ་དུ་གསོལ། །གནས་སྐབས་བསོད་ནམས་ཚོགས་གཉིས་ལེགས་རྫོགས་ཤིང་། །སྒྲིབ་གཉིས་བྱང་སྟེ་རྣམ་མཁྱེན་སྐུ་བཞི་ཡི། །གོ་འཕང་ཐོབ་པའི་སྨོན་ལམ་འགྲུབ་པར་ཤོག །འཛམ་གླིང་བོད་ཁམས་སྟོད་སྨད་གནས་བཟང་ལ། །ཟོ་དོར་གཉན་ཆེན་ཐང་ལྷ་སྡེ་བརྒྱད་ཚུལ། །དོན་ལ་སྐུ་གསུམ་རྒྱལ་བ་རིགས་ལྔའི་སྤྲུལ། །བསྐྱེད་རྫོགས་ལམ་སྦྱངས་ཅན་གྱི་རྣལ་འབྱོར་པའི། །མཆོག་ཐུན་དངོས་གྲུབ་ཐུགས་རྗེའི་སྟོབས་ཀྱིས་སྩོལ། །བཤད་སྒྲུབ་དགེ་འདུན་འདུས་པའི་སྡེ་ཚོགས་རྣམས། །ཕྲིན་ལས་བཞི་ཡི་སྟོབས་དཔལ་གོང་འཕེལ་ཤོག །ས་ཆུ་མེ་རླུང་ལ་སོགས་འཇིགས་པ་བརྒྱད། །ཞི་ཞིང་བདེ་སྐྱིད་རྫོགས་ལྡན་ལྟ་བུ་ཡིས། །དགེ་བཅུའི་དཔལ་ཡོན་གོང་ནས་གོང་འཕེལ་ཤོག །

ཅེས་ཆོས་རྒྱལ་གྱིས་བསྐུལ་བའི་ངོར། ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ། །མངྒ་ལཾ། །


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།