
༄༅། །གདོད་མའི་གཞི་དབྱིངས་དུས་གསུམ་རྒྱལ་བའི་སྲས།།
འོད་གསལ་ཟུང་འཇུག་སྒྲིབ་བྲལ་རིག་པའི་གདངས།།
སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་ཐོད་ཕྲེང་རྩལ།།
པདྨ་འབྱུང་གནས་ཞབས་ཀྱིས་བདག་སྐྱོངས་ཤིག།
ཟག་མེད་ཆོས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས།།
གང་བློའི་མ་རིག་མུན་པའི་ཞིང་སུ་རུ།།
འདྲེན་མཛད་བླ་མ་དམ་པ་འཇིགས་མེད་མཚན།།
བློ་དམན་བདག་གི་སྒོ་གསུམ་སྨིན་པར་མཛོད།།
རྩ་གསུམ་ཀུན་འདུས་རིགས་ཀྱི་བདག་ཉིད་ཆེ།།
འགྲོ་བའི་མགོན་དུ་ཉེ་རིང་མ་མཆིས་པ།།
བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་རྣམས།།
མ་དག་སེམས་ཀྱི་སྣང་བར་ཡེ་ཤེས་སྩོལ།།
ཞེས་མཆོད་པར་བརྗོད་ཅིང་རང་བློའི་ནུས་ལྕོགས་གྱི་ཕྱག་རྒྱ་གར་གྱི་ཚུལ་དང་སྔོན་བྱོན་དམ་པའི་ལུང་གིས་བསྟན་པ་གནད་དུ་དྲིལ་ཏེ་བརྩམས་པར་བྱའོ།། གར་འཆམ་ནི་ཟབ་མོའི་རྒྱུད་སྡེ་རྣམས་ལས་གསུངས་པའི་ལྷ་སྔགས་ཏིང་ངེ་འཛིན་གྱི་ཕན་ཡོན་ནུས་མཐུ་ཇི་སྐད་གསུངས་པ་རྣམས་འདི་ལའང་ཡོད་རིགས་པར་སྣང་སྟེ། རྩ་རྒྱུད་ལས། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། གནས་ཉིད་མི་གནས་གནས་པའང་མིན། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། ། ཅེས་གསུངས་པ་ལྟར་གར་འཆམ་ནི་རྒྱུད་དངོས་བཅུ་ལས་ཕྱག་རྒྱར་གཏོགས་དགོས་སོ། །
དེ་ལ་རྩ་བའི་ས་བཅད་བཞི་ནི། ༡ སྒྲ་དོན་དང་ངོ་བོ་བཤད་པ། ༢ སྤྱིའི་དབྱེ་བ་དང་ངེས་གྲངས། ༣ ཚུལ་བསྟན་པ་དང་ཡན་ལག། ༤ གནས་སྐབས་དང་མཐར་ཐུག་གི་དགོས་པ་བཞི་ལས།
དང་པོ་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་བཤད་པ་ནི། མུ་དྲའི་སྒྲ་ལས་མཚོན་པར་བྱེད་པའམ་རྒྱས་བཏབ་ལས་འདའ་དཀའ་བའི་དོན་ལ་འཇུག ཀུན་མཁྱེན་མི་ཕམ་པས། ཕྱག་རྒྱས་ངེས་ཚིག་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་མཚོན་པར་བྱེད་པ་ལ་ངོས་བཟུང་ཡོད། བྱེ་བྲག་དུ་བཤད་པ་ནི། རྒྱལ་དབང་༼ ལྔ་པ་ཆེན་པོའི་དཔལ་ཀུན་ཏུ་བཟང་པོའི་འཆམ་གྱི་བརྗེད་བྱང་ལྷའི་རོལ་གར་ལས། ལག་སྟབས་ཆེ་བ་ལ་གར་དང་། རྐང་སྟབས་གཙོ་ཆེ་བ་ལ་འཆམ། དེ་གཉིས་ཀ་གཙོ་ཆེ་བ་ལ་སྟངས་སྟབས་ཞེས་ངོས་བཟུང་ཡོད། རྔམ་གློག་ལས། རང་གི་ལྷ་ཡི་ཏིང་འཛིན་གྱིས།། སྟངས་སྟབས་འདི་ལ་གང་གནས་པ།། སངས་རྒྱས་ཉིད་ཀྱང་སྐྲག་འགྱུར་ན།། དྲེགས་པའི་ཚོགས་ལྟ་སྨོས་ཅི་དགོས།། ཞེས་གསུངས་པ་ལྟར་གར་འཆམ་ནི་རྒྱུད་དངོས་བཅུ་ལས་ཕྱག་རྒྱར་གཏོགས་དགོས་སོ། །
གཉིས་པ་ལ་ཡང་བཞི་སྟེ། ༡ ཐོག་མར་རང་ཉིད་ལྷར་སྒོམ་པ་སྒྱུ་མའམ་འཇའ་ཚོན་ལྟ་བུ་ནི་ཕྱག་རྒྱ་ཆེན་པོའོ། ། ༢ ཕྱག་གི་སོར་མོ་ལ་ཡིག་འབྲུ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། ༣ དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་བསྒོམ་པ་ནི་དམ་ཚིག་གི་ཕྱག་རྒྱ། ༤ དེ་ལས་ཕྱག་གཡས་གཡོན་བསྒྱུར་བ་དང་འཁྱུད་པ་ལས་ཀྱི་ཕྱག་རྒྱ་བཞི་ལས་བཞི་བར་ངོས་བཟུང་དགོས། དེ་དག་གི་ཚུལ་རྒྱས་པ་ཀུན་མཁྱེན་ཡབ་སྲས་ཀྱིས་གཞུང་ཀུན་ལས་ཤེས་པར་གལ་ཆེའོ། །
གསུམ་པ་ལ་ཚུལ་བསྟན་པ་དང་ཡན་ལག་གཉིས་ལས། དང་པོ་ནི། དེ་ལ་དབང་པོ་རབ་འབྲིང་ཐ་གསུམ་ལས། དབང་པོ་ཐ་མའི་ལུས་ཀྱི་མཚན་མ་རང་མཚན་པ་ཞིག་དུ་འདོད། དབང་པོ་འབྲིང་གིས་ལས་ཀྱི་སྣང་བ་ལུས་ཀྱིས་བསྡུས་པ་ཡིན་ཡང་། དེ་ལྟ་བུའི་སྣང་བ་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྟོབས་ལས་འཁྲུལ་པ་རང་གི་ལས་སྣང་འདྲེས་ནས་སྣང་ངོ་།། རབ་གྱིས་རྒྱལ་བ་རྣམས་ཀྱི་སྐུ་མཐར་ཐུག་ཡེ་ཤེས་ཉིད་སྨོན་ལམ་གྱི་དབང་གིས་ཕྱག་རྒྱའི་མཚན་མར་བྱིན་གྱིས་བརླབས་པར་སྣང་ངོ་།། གཉིས་པ་ཡན་ལག་ནི། ཕྱག་རྒྱ་དེ་ཉིད་སྒྲུབ་པའི་གང་ཟག་ཀྱང་ལྟ་བ་བདེན་པ་དབྱེར་མེད། ལྷག་པའི་ཆོས་སྐུར་ཆེན་པོར་རྟོགས་ཤིང་སྒོམ་པ་ཏིང་འཛིན་ལས་སུ་རུང་བས་སྣང་སྤྱོད་ལྷའི་ཕྱག་རྒྱས་རྡོ་རྗེའི་ཟློས་གར་ལ་རང་བྱན་ཚུད་པས་གར་གྱི་ཉམས་དགུ་དང་ལྡན་པའི་སྒྲུབ་ཚུལ་རྒྱས་པ་དེར་གསལ་བ་ཡན་ལག་གོ།།
བཞི་པ་དགོས་པ་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་གནས་སྐབས་ཀྱི་དགོས་པ་ནི། སྔོན་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་ཀྱི་ས་འདུལ་འཕྲིན་ལས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གར་འཆམ་མཛད་པས། ལྷ་སྲིན་གྱི་གདུག་རྩུབ་ཞི་བ་སོགས་དང་ ༸ཐམས་ཅད་གཟིགས་ཅིང་མཁྱེན་པ་ནོར་བུ་བསྟན་འཛིན་དང་འཕོ་ཆེན་དྭངས་མའི་སྐུར་བཞེངས་པ། ༸ མཁན་ཆེན་ཚེ་དབང་རིག་འཛིན་དེ་གཉིས་ཀྱི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ ༸ ཐུབ་བསྟན་ལེགས་བཤད་འབྱུང་གནས་དཔལ་བཟང་པོ་གང་ཉིད་ཀྱི་གནས་བསྟོད་དཔལ་གྱི་ཚངས་དབྱངས་སེང་གེའི་ང་རོ་ལས། གར་འཆམ་གྱི་སྐབས་སུ་ཀི་སྒྲ་འབོད་སྐོར་ཁ་ཤགས་ལབ་རེས་སོགས་མ་གུས་པ་དང་། བག་མེད་པའི་སྤྱོད་པ་མཐའ་དག་སྤངས་ནས། མིག་གི་བདུད་རྩི་ལྟར་བློ་སེམས་གཅིག་དྲིལ་གྱིས་དད་པ་དང་དག་སྣང་གི་སྒོ་ནས་ལྷའི་ཞལ་མངོན་སུམ་དུ་མཇལ་བ་ལྟ་བུའི་དགའ་སྤྲོ་དང་དད་གུས་གྱིས་མཇལ་བར་གྱིས་ཤིག དེ་ལྟར་ཚུལ་བཞིན་མཇལ་ན་རྟག་ཏུ་འདུ་འབྲལ་མེད་པར་དགྱེས་པའི་ཞལ་གྱིས་གཟིགས། མཛེས་པའི་སྤྱན་གྱིས་སྐྱོང་། བཞད་པའི་གསུང་གིས་བརྡ་འཁྲོལ། དགྱེས་པའི་ཐུགས་ཀྱིས་སྒྲུབ་པ་ལ་དགེ་མཚན་མངོན་སུམ་དུ་སྟོན། བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབ། སྒོ་གསུམ་གྱི་ལས་གྱི་མཐའ་དགེ་ཞིང་ཤིས། ཉམས་དང་རྟོགས་པ་སྐྱེས། ཡེ་ཤེས་དང་ཡོན་ཏན་སྤེལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སྙན་དང་གྲགས་པ་ཕྱྭ་དང་གཡང་གི་དངོས་གྲུབ་རྒྱ་ཆེན་པོ་སྩོལ། བྱས་ཚད་ཆོས་སུ་འགྲོ། འབྲེལ་ཚད་དོན་དང་ལྡན། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབད་མེད་ལྷུན་གྱིས་འགྲུབ་པ་དང་པོའོ། །
གཉིས་པ་མཐར་ཐུག་གི་དགོས་པ་ནི། ཁྱད་པར་དུ་རྗེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་ནའང་དོན་གྱིས་སླད་དུ་མཚན་ནས་སྨོས་ན་ ༸ ཐུབ་བསྟན་ལེགས་བཤད་འབྱུང་གནས་དཔལ་བཟང་པོ་གང་དེ་ཉིད་ཀྱིས་ཞལ་སྔ་ནས། ཁྱེད་ཅག་གིས་འཆམ་གོས་འདི་དག་གྱོན་ནས་འཆམ་ཐིག་ནང་དུ་གོམ་པ་གང་སྤོས་ན་ཟངས་མདོག་དཔལ་རིར་གོམ་པ་སྤོས་དང་མཚུངས་གསུངས་པ་འགག་མེད་རྡོ་རྗེའི་སྒྲ་ཚིག་ཡིན་པས་ན་གང་ཟག་རང་རང་ལ་དེའི་སྐལ་བ་ལྡན་ཚེ་གལ་ཆེན་དུ་འཛིན་འོས་སྙམ། དེ་ལྟར་སངས་རྒྱས་ཀྱི་མཛད་པ་སྒྲུབ་ནུས་པའི་ཕྱིར་དང་མདོར་ན་དགོས་པ་དུ་མས་ཉམས་སུ་བསྟར་བ་རྒྱུད་ཀྱི་ཁུངས་དང་འབྲེལ་བའི་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གསུངས་སོ། །
བློ་དམན་བདག་གི་བློ་རྒྱ་མེ་ཁྱེར་གཟུགས།།
སྣང་བར་བྱེད་པའི་ནུས་པ་ཡོད་མིན་ཡང་།།
བརྒྱུད་གསུམ་བྱིན་རླབས་འོད་སྣང་སྤྲིན་ཆེན་པོར།།
ཁ་ཙམ་མིན་པར་འདུན་པ་ཤིན་ཏུ་ཆེ།།
བརྗོད་མེད་བརྗོད་པ་ཆེན་པོའི་རང་བཞིན་ལ།།
ཕྱག་རྒྱ་མཚན་མའི་སྐུ་རུ་སྣང་མིན་ཡང་།།
མཚོན་བྱེད་དཔེ་ཡི་སྐུ་རུ་སྣང་བ་འདི།།
ཚུལ་འདི་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ།།
ཟབ་དོན་སྔགས་ཀྱི་ཡིག་འབྲུ་རེ་རེར་ཡང་།།
མཁའ་འགྲོས་སྙིང་ཁྲག་དྭངས་མར་ལྟར་བསྲུང་ན།།
འདི་གར་ཆད་ནོར་ལྷག་སྐྱོན་མཆིས་སྲིད་པས།།
རྩ་གསུམ་དམ་ཅན་རྣམས་ལ་བཟོད་པར་གསོལ།།
ཆེ་བ་དྲུག་ལྡན་གསང་སྔགས་སྔ་འགྱུར་བའི།།
རྒྱལ་བསྟན་ཉིན་མོར་བྱེད་པའི་ལུང་རྟོགས་ཆོས།།
འགྲན་མེད་སེང་གེའི་ང་རོས་ས་གསུམ་ཁྱོན།།
བསྒྲགས་པའི་དགེ་མཚན་སྣང་བ་རྒྱས་གྱུར་ཅིག།
ཅེས་པའང་མཁན་བཀའ་དྲིན་ཅན་གྱི་དྲུང་ནས་གསང་སྙིང་སྐོར་མང་དུ་གསན་པའི་སྐལ་བཟང་ཐོབ་པའི་སློབ་བུ་གྲལ་མཐའ་བ་རྐྱེན་རྟོགས་དུ་འབོད་པ་དེས་དུས་ཚེས་བཟང་པོ་སྟེ་ས་ག་ཟླ་བའི་ཚེས་༡ནས་༣ཉིན་གྲུབ་པ་འདིས་ཀྱང་སྔ་འགྱུར་བསྟན་པ་སྤྱི་དང་བྱེ་བྲག་མ་གྱུར་སེམས་ཅན་ཀུན་གྱི་མཐར་ཐུག་འབྲས་བུ་མངོན་དུའགྱུར་བར་སྨོན་ནོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།