རྒྱ་རོང་དབོན་སྤྲུལ་རིན་པོ་ཆེར་ཞབས་བརྟན་དུ་གསོལ་བ་སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ།།

WechatIMG2029.jpg

ༀ་ཨཱ་ཧཱུཾ༔ བཛྲ་གུ་རུ་ཨ་ཡུར་སིདྡྷི་ཧཱུྃ༔  


འོད་མཚན་སྟོང་འབར་རྒྱལ་བའི་ཡེ་ཤེས་ཁམས།། 

རྗེས་ཆགས་སིནྡྷིའི་དྭངས་མཚོར་འཕོས་པའི་དཔྱིད།།

འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ།།

འཆི་མེད་པདྨ་རྒྱལ་པོས་བྱིན་ཆེན་སྩོལ།། 


ཇི་སྙེད་བརྟན་དང་གཡོ་བའི་ཕྲ་རགས་དངོས།། 

གཞོམ་མེད་རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པ།། 

ཚེ་དང་ཡེ་ཤེས་དཔལ་ཀུན་བསྩལ་བའི་ལྷ།།

རབ་འབྱམས་རྒྱལ་བ་འཕགས་མའི་ལྷ་ཚོགས་དགོངས།།


དངོས་ཀུན་མི་ཤིགས་དོན་དམ་གཉུག་མའི་དབྱིངས།།

འཕོ་ཆགས་མཚན་མ་ཀུན་བྲལ་དེ་བཞིན་ཉིད།།

རིག་སྟོང་དབྱེར་མེད་ཀ་དག་ཆོས༵་ཀྱི་སྐུ༵།།

བཅོམ་ལྡན་དང་པོའི་ངོ་བོར་ཞབས་བརྟན་གསོལ།།


འཆི་མེད་རྟག་པ་དམ་པའི་ཡེ་ཤེས་གཟུགས།།

ངེས་པ་ལྔ་དང་ཁ་སྦྱོར་བདུན་གྱི་བདག།

བདེ་སྟོང་དབྱེར་མེད་ལྷུན་གྲུབ་ལོང༵ས་སྤྱོད༵་རྫོག༵ས།།

ཚེ་མཐའ་ཡས་པའི་ངོ་བོར་ཞབས་བརྟན་གསོལ།། 


མི་མཇེད་ཞིང་དུ་སྣ་ཚོགས་གཟུགས་ཀྱི་སྐུ།།

རྟག་ཁྱབ་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་གར།།

ཡོངས་བཞེངས་གསལ་སྟོང་དབྱེར་མེད་སྤྲུལ༵་པའི་སྐུ༵།། 

འཕོ་ཆེན་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ།།


རྣམ་པར་མི་རྟོག་ཏིང་འཛིན་བརྟན་པའི་ཐུག༵ས།།

ཡེ་ཤེས་ཆེན་པོའི་རོལ་བར་འབྱམས་ཀླས་པ།། 

མཚན་འཛིན་རྟོག་པའི་འགྱུ་བས་མི་གཡོ་བ།།

གཉིས་མེད་མཉམ་པ་ཆེན་པོར་ཞབས་བརྟན་གསོལ།།


གྲགས་སྟོང་སྐྱེ་བ་མེད་པ་རྡོ་རྗེའི་གསུ༵ང་།།

ཐོས་གྲོལ་ཡན་ལག་དྲུག་བཅུའི་དབྱངས་རྫོགས་པ།།

ཀུན་ཉོན་ལས་རླུང་འཁྲུལ་བས་མི་བསྐྱོད་པ།།

བརྗོད་བྲལ་བློ་འདས་ཆེན་པོར་ཞབས་བརྟན་གསོལ།།


རྡུལ་བྲལ་དྭངས་མ་མཚན་རྫོགས་གཟུགས་ཀྱི་སྐུ༵།།

ཚེ་དབང་རིག་འཛིན་གྲུབ་པའི་རྩལ་འཆང་བ།།

སྐྱེ་འཆི་བགྲེས་རྒུད་བྲལ་བ་རྡོ་རྗེའི་ལུས།།

འཕོ་མེད་རྟག་པའི་ངོ་བོར་བཞུགས་གསོལ་འདེབས།།


སྐུ་མཆོག་འགྱུར༵་མེད༵་གདུལ་བྱའི་དཔལ་དུ་བརྟན།།

གསུང་གསང་འགག་མེད་ཕྲིན༵་ལས༵་རྒྱུན་མི་ཆད།།

ཐུགས་མཆོག་མི་གཡོ་ཏིང་འཛིན་རྒྱ༵་མཚོ༵འི་གཏེར།།

རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་ཞབས་བརྟན་ཤོག།

1491450761904731.jpeg

ཅེས་རྫོགས་ཆེན་གདན་རབས་པ་བཞི་བ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་དག་ཆེན་སྤྲུལ་བའི་འཁྲུངས་རབས་དྲུག་པ། དབོན་སྤྲུལ་རིན་པོ་ཆེ་འགྱུར༵་མེད༵་ཕྲིན༵་ལས་རྒྱ༵་མཚོ༵འི་སྡེ་ཉིད་དགུང་གྲངས་བརྒྱད་བཅུར་ཕེྃབས་པར་བརྟན་བཞུགས་ཀྱི་སྐབས་སུ། རྒྱ་རོང་ནམ་སྤྲུལ་རིན་པོ་ཆེས་རབ་དཀར་ཟླ་བའི་མདངས་འཛིན་གྱི་དར་དང་། སྐྱེ་མེད་རིག་སྟོང་མཚོན་པའི་ཨ་དརྴའི་རྟེན་བཅས་བསྐུལ་ངོར། གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་བྱ་ཟླ་བ་གཉིས་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་སྨོན་པ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག་གུ།།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།