རྗེ་ཉིད་ཀྱི་སྐུ་ཚེའི་མཛད་པ་སྟོན་པའི་ཚིགས་སུ་བཅད་པ་བཞུགས།།

WechatIMG1副本.jpeg


རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་ནས། །

སྐུ་གསུམ་རིགས་འདུས་རྒྱལ་ཀུན་ཡེ་ཤེས་ཀྱི་ཕུང་པོ། །

གསང་ཆེན་བསྟན་པའི་ཤིང་རྟ་མཁའ་འགྲོ་ཡི་ཚོགས་རྗེ། །

དུས་གསུམ་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་ཡིས་གཟིགས་ཤིག །


ངོ་ལྐོག་མེད་པའི་བློ་གཏད་ཆིག་དྲིལ་གྱི་ངང་ནས། །

དྲིན་ཆེན་བླ་མའི་ཞལ་ལུང་ཉམས་མེད་དུ་བཟུང་སྟེ། །

སྔོན་དུས་འཕགས་པའི་ཡུལ་ནས་གངས་ཅན་དུ་དྲངས་པའི། །

ལེགས་བཤད་གཞུང་ལ་ཐོས་བསམ་ཕྱོགས་མེད་ཅིག་བྱས་ཡོད། །


འགའ་ཞིག་བསྟོད་ཀྱང་ཁེངས་པའི་དྲེགས་པ་ནི་མ་བྱས། །

ལ་ལས་སྨད་ཀྱང་དམ་བཅའི་རི་མོ་དེ་མ་དོར། །

བདེ་སྡུག་སྣ་ཚོགས་སྔོན་གྱི་ལས་དབང་ལ་བསམས་ཏེ། །

བག་ཡངས་ངང་ནས་ཞེན་མེད་བརྟུལ་ཞུགས་ལ་སྤྱོད་ཡོད། །


མདོ་མེད་ནོར་རྩིས་ཆུང་ཞེས་ཕལ་པ་ཡིས་གླེང་ཡང་། །

སྒྱུ་མའི་ནོར་ལ་ཆགས་ཞེན་གསོག་བསྲུང་ནི་མ་མོས། །

ཤུགས་འབྱུང་རྫས་ལས་འཚོ་བའི་ལྟོ་གོས་དག་སྦྱར་ཏེ། །

འབྲེལ་ཚད་དོན་དུ་རྣམ་དག་སྨོན་ལམ་ལ་རེམ་ཡོད། །


བསིལ་ལྡན་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་ཀྱང་། །

རྒྱ་གར་མཁས་པའི་ལེགས་བཤད་འཁྲུལ་མེད་དུ་བཟུང་ནས། །

དམ་ཆོས་མཛོད་ཀྱི་སྒོ་འཕར་ཡངས་པོ་རུ་ཕྱེས་ཏེ། །

རེ་ལྟོས་ཅན་གྱི་སྐལ་བཟང་གདུལ་བྱ་ལ་བྱིན་ཡོད། །


ས་ཆེན་སེམས་དཔའི་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་བ། །

ལྔ་བདོའི་འགྲོ་བའི་སྣང་ངོར་མི་གཟུགས་སུ་བྱོན་པའི། །

དམ་པའི་སྐྱེས་མཆོག་འགའ་ལ་འཕགས་ཡུལ་གྱི་ལེགས་བཤད། །

རྣམ་དག་ལུང་རིགས་ཇི་བཞིན་སྙན་སྒྲོན་དུ་ཕུལ་ཡོད། །


ད་ནི་མི་ཚེའི་ལྷག་མ་སྒོམ་སྒྲུབ་ལ་དྲིལ་ནས། །

དབེན་པའི་གནས་མཆོག་སྔོན་བྱོན་གྲུབ་བརྙེས་ཀྱི་གདན་སར། །

གང་བྱུང་དེས་ཆོག་འཚོ་བ་བྱ་ཚོལ་ལ་བརྟེན་ནས། །

ཡ་ང་མེད་པའི་སྨྱོན་པའི་བརྟུལ་ཞུགས་ལ་སྨོན་ནོ། །


དགྲ་ལ་སྡང་སེམས་མི་བྱེད་ཚེ་སྔོན་གྱི་ཕ་མ། །

སྡང་ཡུལ་འདུལ་ཐབས་མེད་དེ་ཞེ་སྡང་གི་རང་གཟུགས། །

གཉེན་ལ་བྱམས་སྐྱོང་མི་བྱེད་རང་འཆིང་གི་སྲད་བུ། །

སྐྱོང་ཡང་འཁྱོངས་ཐབས་མེད་དེ་སྔོན་ལས་ལ་སྤྱོད་དགོས། །


དགྲ་མེད་གཉེན་མེད་ན་དགའ་ཤི་སྐྱིད་ཀྱི་ངང་ནས། །

ཡབ་མེས་རིག་འཛིན་བརྒྱུད་པའི་རྣམ་ཐར་གྱི་རྗེས་སུ། །

ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག་ཞུ་ན། །

མཐུན་འགྱུར་ཆོས་ཀྱི་དབྱིངས་ནས་རྒྱལ་ཀུན་གྱིས་མཛོད་ཅིག །


ཅེས་སྨྲས་ནས་དམ་བཅའ་བརྟན་པར་བྱའོ།། །།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།