སྙིང་པོ་ལྷ་ཆོས་ལ་བསྐུལ་བའི་གཏམ་པདྨ་དཀར་པོའི་ཆུན་པོ།

WechatIMG1 1.jpeg

སྐྱེ་མེད་ཀ་དག་ཆོས་དབྱིངས་དྲི་མེད་ཀྱི་མཁའ་ལ།།  

ལྷུན་གྲུབ་རྟ་བདུན་དབང་པོའི་འོད་ཟེར་དེ་འཕྲོས་ནས།།

སྲིད་གསུམ་འགྲོ་བའི་མུན་པ་གཅིག་ཆར་དུ་བསལ་བའི།། 

ལྷ་གཅིག་བླ་མ་ཐུགས་རྗེ་ཆེན་པོ་དེ་མཁྱེན་ནོ།།


འདབ་བརྒྱ་ཟེའུ་འབྲུ་རྒྱས་པ་གེ་སར་གྱི་ལང་ཚོ།། 

འགྲོ་རྒྱུད་ཚིམ་པའི་ཟིལ་མངར་མདོ་རྒྱུད་ཀྱི་བང་མཛོད།།

སྐལ་བཟང་རྐང་དྲུག་གཡོ་བའི་རྩི་བཅུད་ལ་རོལ་མཛད།། 

བཀའ་དྲིན་སུམ་ལྡན་བླ་མ་སྙིང་དབུས་ནས་དྲན་བྱུང་།།


ཡར་ལ་བལྟས་པས་དགུང་སྔོན་མཁའ་དབྱིངས་ཀྱི་དཀྱིལ་ན།། 

འོད་གསལ་ཉི་ཟླའི་དཀྱིལ་འཁོར་མཁའ་དབྱིངས་ཀྱི་རྒྱན་ཆ།།

གློ་བུར་ཁྱབ་འཇུག་དུག་གིས་དབང་མེད་དུ་བསྒྲིབ་ཚེ།། 

མཐོན་པོའི་ཐོབ་ཐང་ཉི་ཟླ་མི་རྟག་བཞིན་གོ་བྱུང་།།


མར་ལ་བལྟས་པས་དྭངས་གསལ་ཆུ་མོ་ཡི་ཁ་ནས།། 

ལྟོ་དཀར་གསེར་མིག་ཉ་མོའི་དྭངས་མཚོ་ཡི་རྒྱན་ཆ།།

གློ་བུར་ཉ་རྒྱས་ཟིན་ནས་བྱེ་ཐང་ལ་འཕངས་ཚེ།། 

སྐྱེ་བོའི་ལྡེམ་འགྲོའི་མི་རྟག་གཤོག་དྲུག་བཞིན་གོ་བྱུང་།།


ཐད་ལ་བལྟས་པས་ཉི་ཤར་འཛོམས་པ་ཡི་མཁའ་ལ།། 

འཇའ་ཚོན་སྣ་ལྔའི་ཁ་དོག་རང་སྣང་གི་རྒྱན་ཆ།།

སྐད་ཅིག་མི་རྟག་ནམ་མཁའི་སྟོང་དབྱིངས་ལ་ཡལ་ཚེ།། 

འཕྱོར་བོའི་རྒྱན་ཆ་མི་རྟག་འཇའ་ཚོན་བཞིན་གོ་བྱུང་།།


གང་ལ་བལྟས་པས་རྩི་ཤིང་ནགས་ཚལ་གྱི་རྩེ་ནས།། 

འཇོལ་མོའི་དྲུག་འགྱུར་རྒྱག་པ་རྣ་བ་ཡི་རྒྱན་ཆ།།

སྐད་ཅིག་མི་རྟག་བྱིས་ཆུང་རྒྱ་ཁྲ་ཡིས་དེད་ནས།།  

བྱིས་སྤུ་རླུང་གིས་ཆ་མེད་ཕྱོགས་བཅུ་ལ་གཏོར་ཚེ།།

སྙན་པའི་སྒྲ་རྣམས་མི་རྟག་འཇོལ་མོ་བཞིན་གོ་བྱུང་།། 


ཕར་ལ་བལྟས་པས་མེ་ཏོག་སྐྱེད་ཚལ་གྱི་རལ་བ།།

སྦྲང་ཆུང་འཕུར་ལྡིང་གཡོ་ཞིང་རྩི་བཅུད་ལ་རོལ་ཡང་།། 

རང་གསོག་གཞན་གྱིས་སྤྱོད་པའི་སྡུག་བསྔལ་དེ་མཐོང་ཚེ།།

ཕྱུག་པོའི་ལོངས་སྤྱོད་མི་རྟག་རྩི་བཅུད་བཞིན་གོ་བྱུང་།།


ཐང་ལ་བལྟས་པས་དབྱར་གསུམ་སྔོ་ལྗང་གི་ཚལ་ན།།

དཀར་དམར་མེ་ཏོག་སྣ་ཚོགས་ས་གཞི་ཡི་རྒྱན་ཆ།།

རང་བཞིན་མི་སྡོད་སྐྱི་སེར་བ་མོ་ཡིས་བཅོམ་ཚེ།།

མཛེས་པའི་ལང་ཚོ་མི་རྟག་མེ་ཏོག་བཞིན་གོ་བྱུང་།།


ཁྲོམ་ཆེན་འདུ་ཚོགས་འདུས་པའི་མགྲོན་ཁང་དུ་སླེབ་ཚེ།།

རྒྱ་སོག་བོད་ཀྱི་མི་སྣ་ཚོགས་གཅིག་ཏུ་འདུས་ཏེ།།

སྐབས་གཅིག་གནས་ཀྱང་སོ་སོར་གྱེས་པ་དེ་མཐོང་ཚེ།།

འདུས་པ་ཐམས་ཅད་མི་རྟག་མགྲོན་པོ་བཞིན་གོ་བྱུང་།།


ཕྱི་སྣོད་འཇིག་རྟེན་མི་རྟག་རི་རབ་དང་གླིང་བཞི།།

ནང་བཅུད་སེམས་ཅན་མི་རྟག་སྐྱེ་འཆི་ལ་ལྟོས་དང་།།

རང་བཞིན་མི་རྟག་བར་སྣང་གློག་ཞགས་བཞིན་འགྱུར་འགྲོ།།

བར་གྱི་ཉི་ཟླ་མི་རྟག་དུས་བཞི་ཡི་འགྱུར་ལྡོག །


སྐྱེ་འགྲོ་མི་རྟག་འཆི་བའི་རང་མཚང་དེ་རིག་ནས།།

འཇིག་རྟེན་བྱ་བཞག་བྱིས་པའི་རྩེད་མོ་བཞིན་གོ་བྱུང་།།

གཅིག་ཀྱང་དགོས་མེད་དམ་པའི་ལྷ་ཆོས་ལ་འབད་འཚལ།།

སྒྲུབ་པ་ཚེ་མཐར་ཕྱིན་པའི་བརྩོན་འགྲུས་ཤིག་བརྩོན་ནས།།


རང་སེམས་ཆོས་ལ་འདྲེས་ན་བསམ་རྒྱུ་རང་མི་འདུག །

ཕ་རྒན་ཁྱུང་ཆེན་རྒྱལ་པོའི་བཤད་ཚོད་དེ་ཡིན་ན།།

སྟོང་གསལ་འཛིན་པ་བྲལ་བའི་ཆོས་དབྱིངས་ཀྱི་མཁའ་ལ།།

སྲིད་ཞིའི་གཡང་ས་གྲོལ་བའི་བྱ་ལམ་ཞིག་ཡོད་སྐད།།


ཁྱུང་ཕྲུག་སྒོང་རྒྱ་རལ་ཚེ་མཁའ་དབྱིངས་ཀྱི་མཁའ་ལ།།

ལམ་དེ་ཞུགས་ནས་སྒང་ལ་འཕུར་འདོད་ཅིག་སྐྱེས་ཀྱང་།།

མ་རྒན་འགྲོ་དྲུག་འཁོར་བའི་སྡུག་བསྔལ་དེ་མཐོང་ནས།།

སྙིང་རྗེས་གཞན་དབང་གྱུར་ནས་འདི་ཀ་རུ་ལྷག་སོང་།།


མཆོག་གསུམ་བསླུ་མེད་སྐྱབས་གནས་དཀོན་མཆོག་དེ་མཁྱེན་ནོ།།

སྲིད་གསུམ་འཁོར་བའི་སྡུག་བསྔལ་ཅིག་ཆར་དུ་ཁེག་ནས།།

ཡེ་གྲོལ་གདོད་མའི་མགོན་པོའི་ས་ཆེན་ལ་བཀོད་ནས།།

མ་ལུས་འགྲོ་བའི་དེད་དཔོན་ཆེན་པོ་རུ་སྨོན་ནོ།།


ཞེས་ཁྲིམས་ཁང་ནས་གློད་བཀྲོལ་བཏང་སྐབས་ཟི་ལིང་མགྲོན་ཁང་དུ་ཨ་ཁུ་སྨྱོན་པས་ཤར་མར་བྲིས་པའོ།།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།