༅༅། །དཔྱད་རྩོམ་བློ་གྲོས་སྒོ་འབྱེད། །

WechatIMG2319.jpeg

མཁྱེན་པའི་ཡེ་ཤེས་གཏིང་མཐའ་མི་མངོན་ཞིང་།  །ཚད་མེད་བརྩེ་བའི་རླབས་ཕྲེང་འབུམ་ཕྲག་འཕྱོ།  །དཔག་ཡས་ཡོན་ཏན་ནོར་བུའི་མཛོད་གྱུར་པའི།  །ཐུབ་དབང་གངས་ཅན་མཚོ་དེར་གུས་ཕྱག་འཚལ།  །ཟབ་ཡངས་བྱམས་བརྩེ་སྤྲིན་གྱི་བླ་བྲེའི་འོག  །འཛད་མེད་ཕན་དང་བདེ་བའི་གྲུ་ཆར་གྱིས།  །བགྲང་ཡས་འགྲོ་བར་ངལ་བསོའི་དབུགས་འབྱིན་པའི།  །རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་པོར་འདུད།  །དགེ་ལེགས་མཁྱེན་པའི་དཀྱིལ་འཁོར་ཉ་གང་ཞིང་།  །ཆོས་ཚུལ་བདུད་རྩིའི་བསིལ་ཟེར་འབུམ་ཕྲག་འཇོ།  །བསླབ་གསུམ་ཀུན་དའི་དགའ་ཚལ་འཕེལ་པའི་གཉེན།  །སྐྱབས་མཆོག་སྟོན་ཀའི་ཟླ་གཞོན་གཙུག་གིས་མཆོད།  །མ་ཕམ་མགོན་གྱིས་འཕགས་པ་ཐོགས་མེད་རྗེར།  །རྗེས་སུ་གནང་བ་བྱམས་པའི་ཆོས་སྡེ་ལས།  །འཕགས་བཞིའི་མངོན་རྟོགས་གསལ་བར་བསྟན་པའི་དོན།  །རང་བློར་གོམས་ཕྱིར་བརྗེད་བྱང་ཉུང་ངུ་འབྲི།  །

དེ་ལ་འདིར་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་གསུང་རབ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས།  རབ་དང་།  ཕུལ་དང་།  གཙོ་བོར་གྱུར་པ།  རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དཀའ་གནད་འགའ་ཞིག་ལ་བསམ་པའི་ཤེས་རབ་ཀྱིས་དཔྱད་པ་ཉུང་ངུར་སྤྲོ་བ་ལ།  ༈དང་པོ་སེམས་བསྐྱེད་ལ་དཔྱད་པ་ནི།  སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ་དང་།  མཚན་གཞི་ལ་དཔྱད་པ་སྟེ་གཉིས་ལས།  དང་པོ་ནི།  རྒྱལ་ཚབ་བྱམས་པ་མགོན་པོས།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།  ཡང་དག་རྫོགས་པའི་བྱང་ཆུབ་འདོད།  ཅེས་གཞན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཤེས་རབ་གཉིས་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་གསུངས།  མཚན་ཉིད་དེ་མཚན་གཞི་ལ་སྦྱར་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས།  འདིར་མཚན་ཉིད་དེ་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་ཡིན་ལ་དོན་དམ་སེམས་བསྐྱེད་ལ་མ་ཁྱབ་པར་འདོད་པའི་ལུགས་དགག་པ་དང་།  གཉིས་ཀ་ལ་ཡོད་པར་བཞེད་པའི་ལུགས་སྒྲུབ་པ་སྟེ་གཉིས་ལས།  །དང་པོ་ནི།  ཁ་ཅིག་གིས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འཛིན་སྟངས་དེ་མཉམ་བཞག་འཛིན་སྟངས་ཀུན་བྲལ་དོན་དམ་སེམས་བསྐྱེད་ལ་ཡོད་མི་རུང་པས་ན་དོན་དམ་སེམས་བསྐྱེད་ལ་འདིར་བསྟན་གྱི་མཚན་ཉིད་དེ་མེད་ཅེས་འདོད་པ་དེ་དག་ལ་འདི་འདྲི་སྟེ།  མཚན་གཞི་ཉེར་གཉིས་པོའི་ནང་དུ་དོན་དམ་སེམས་བསྐྱེད་ཡོད་དང་མེད།  དང་པོ་ལྟར་ཡོད་པར་འདོད་ན།  མཚན་ཉིད་དེ་ལ་མ་ཁྱབ་པའི་སྐྱོན་ཡོད་པར་ཐལ།  མཚན་ཉིད་དེ་མཚན་གཞི་མཐའ་དག་ལ་མེད་པའི་ཕྱིར་ཏེ་མཚན་གཞི་ཉེར་གཉིས་ལས་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོར་གྱུར་བའི་དོན་དམ་སེམས་བསྐྱེད་ལ་དེ་མེད་པའི་ཕྱིར།  གཉིས་པ་ལྟར་མེད་པར་འདོད་ན་གཞུང་རྩ་འགྲེལ་དང་འགལ་ཏེ།  ཟུར་གཉིས་དང་ལྡན་པའི་མཚན་ཉིད་དེ་བསྟན་པའི་རྗེས་ཐོག་དེ་མ་ཐག་ཏུ།  དོན་གསལ་ལས།  དེ་ལྟར་སེམས་བསྐྱེད་པ་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས་ད་ནི་དེའི་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་བར་སྐབས་ཀྱི་ཚིགས་སུ་བཅད་པ།  ཞེས་གསུངས་པ་དེས་འདུན་སོགས་ཉེར་གཉིས་པོ་མཚན་ཉིད་དེའི་མཚན་གཞིའི་དབྱེ་བ་ཡིན་པར་བསྟན་ལ།  དེ་ལྟའི་ཉེར་གཉིས་པོའི་ནང་དུ་དོན་དམ་སེམས་བསྐྱེད་ཡང་ཡོད་པའི་ཕྱིར་ཏེ།  ཤེས་རབ་ཡེ་ཤེས་གཉིས་དང་མཚུངས་ལྡན་གྱི་ཕྱོགས་རེ་རེ་དེ་ཡིན་པའི་ཕྱིར།  གྲུབ་ཏེ།  དོན་གསལ་ལས།  ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བ་དང་ཞེས་དང་།  ཉི་སྣང་ལས་ཀྱང་དེ་དང་མཐུན་པར་ཤེས་རབ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཀྱིས་སྒྲིབ་གཉིས་གཞོམ་པར་གསུངས་ན། དེ་ལྟ་བུའི་ནུས་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ལས་གཞན་ལ་མེད་པའི་ཕྱིར་དང་།  རྗེ་བདག་ཉིད་ཆེན་མོའི་ལེགས་བཤད་གསེར་ཕྲེང་ལས་ཀྱང་།  བཅུ་བ་བདག་མེད་གཉིས་རྟོགས་པའི་ཤེས་ཕྱིན་དང་ལྡན་པ་ནི་སྨན་ཆེན་པོ་ལྟ་བུ་སྟེ་ཆགས་སོགས་ཉོན་མོངས་པ་དང་གཟུང་བར་རྟོག་པ་སོགས་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པ་ཉིད་ཀྱིས་ཏེ།  ཞེས་ཤེས་རབ་དེ་ཉིད་བདག་མེད་གཉིས་རྟོགས་ལ་གསུངས་པ་དང་།  ཡང་དེ་ཉིད་ལས།  བཅུ་བཞི་པ་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་ཆོས་ཀྱི་སྒྲ་དབྱངས་སྙན་པ་དྲི་ཟའི་གླུ་ལྟ་བུ་སྟེ།  གདུལ་བྱ་ཡིད་འདུན་པར་བྱེད་པའི་ཆོས་སྟོན་པ་ཉིད་ཀྱིས་ཏེ་བྱང་ཆེན་སྟོང་ཉིད་ཉི་ཤུ་ལ་སློབ་པ་དང་།  སྟོང་གསུམ་གྱི་འབྱུང་བཞིའི་རྡུལ་ཕྲ་རབ་ཐམས་ཅད་ཤེས་པར་འདོད་པས་ཞེས་སོགས་སོ།  འདིས་སྟོང་ཉིད་མཁྱེན་པས་ཇི་ལྟ་བ་དང་།  རྡུལ་ཕྲ་རབ་མཁྱེན་པས་ཇི་སྙེད་པའི་ཡེ་ཤེས་དང་སྦྱིན་པའི་བསྔགས་པ་ཆེན་པོ་བསྟན་པའི་ཕྱིར་དེ་བསྟན་ཏོ་ཞེས་ཡེ་ཤེས་ཀྱི་ཕྱོགས་གཅིག་ནི་ཇི་ལྟ་གཟིགས་པ་ལ་ངོས་བཟུང་པའི་ཕྱིར་རོ།  གཉིས་པ་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་གཉིས་ཀ་ལ་ཡོད་པར་བཞེད་པའི་ལུགས་སྒྲུབ་པ་ནི།  འདིར་རྒྱལ་ཚབ་བྱམས་མགོན་གྱིས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བཞག་པའི་སྐབས་ཡིན་པའིཕྱིར་དང་།  མཚན་གཞིའི་དབྱེ་བའི་ནང་དུ་དོན་དམ་སེམས་བསྐྱེད་ཡང་ཡོད་པའི་ཕྱིར་ན་གཉིས་པོ་ལ་མཚན་ཉིད་དེ་ཡོད་ཅེས་བོད་ཀྱི་མཁས་པ་མང་ཆེ་བས་བཞེད།  དེ་ལས་དོན་དམ་སེམས་བསྐྱེད་མཉམ་བཞག་འཛིན་སྟངས་ཀུན་བྲལ་ལ་མཚན་ཉིད་ཀྱི་ཟུར་གཉིས་པོ་ཇི་ལྟར་ཡོད་ཅེ་ན།  འདི་ལ་གཞན་གྱི་འདོད་ཚུལ་ལ་དཔྱད་པ་དང་།  རང་གི་དཔྱད་དོན་བཞག་པ།  དེ་ལ་རྩོད་སྤང་དང་གསུམ།   དང་པོ་ལ་བཞེད་པ་མི་འདྲ་བ་གསུམ་བྱུང་སྟེ།  ཁ་གཅིག་གིས་མཉམ་བཞག་སྐབས་ཀྱི་དམིགས་པ་མེད་པའི་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་མཚན་ཉིད་ཡིན་པར་འདོད་པ་དང་།  ཡང་ཁ་གཅིག་གིས་མཉམ་བཞག་ལ་ཟུར་གཉིས་པོ་འཛིན་སྟངས་མེད་པའི་ཚུལ་གྱིས་ཡོད་པར་བཞེད་པ་དང་།  གཞན་དཔལ་ས་སྐྱའི་ཀུན་མཁྱེན་གོ་རམས་པ་ནི།  ས་དང་པོའི་མཉམ་བཞག་གིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་པར་ལྡན་པའི་ཆ་ནས་སྨོན་པ་སེམས་བསྐྱེད་དང་།  བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའི་ཆ་ནས་འཇུག་པ་སེམས་བསྐྱེད།  རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གྱུར་པའི་ཆ་ནས་དོན་དམ་སེམས་བསྐྱེད་དུ་འཇོག་ཅེས་གསུངས་སོ།  དེ་ལ་དང་པོའི་འདོད་པ་མི་འཐད་དེ།  མཉམ་བཞག་གི་དམིགས་མེད་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་པོ་ཆོས་ཅན།  སེམས་བསྐྱེད་ཀྱི་མཚན་ཉིད་མ་ཡིན་པར་ཐལ།  མཚན་ཉིད་ཀྱི་དམིགས་རྣམ་གཉིས་པོ་དེ་ལ་མེད་པའི་ཕྱིར།  རྟགས་གྲུབ་སྟེ།  འགྲེལ་པ་དོན་གསལ་ལས།  སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད།  ཅེས་མཚན་ཉིད་ཀྱི་ཟུར་དང་པོའི་དམིགས་པ་གཞན་སེམས་ཅན་དང་རྣམ་པ་དེའི་དོན་བྱེད་འདོད་ཅན་ཡིན་པ་དང་།  མཚན་ཉིད་ཀྱི་ཟུར་གཉིས་པའི་དམིགས་པ་བྱང་ཆུབ་དང་།  རྣམ་པ་དེ་ཐོབ་འདོད་ཅན་ཡིན་པར་གསུངས་པ་གང་ཞིག །མཉམ་བཞག་གི་དམིགས་པ་མེད་པའི་སྙིང་རྗེ་དང་བདག་མེད་པའི་ཤེས་རབ་གཉིས་ནི་དམིགས་རྣམ་དེ་ལྟ་བུ་ཅན་མ་ཡིན་པའི་ཕྱིར།  དེས་ན་དེ་མཚན་ཉིད་དུ་འདོད་པ་ནི་འགྲེལ་བ་དོན་གསལ་གྱི་དགོངས་པ་དང་འགལ་ལོ།  གཉིས་པ་མཉམ་བཞག་ལ་ཟུར་གཉིས་པོ་འཛིན་སྟངས་མེད་པའི་ཚུལ་གྱིས་ཡོད་པར་བཞེད་པའི་ལུགས་དེ་ཡང་མི་འཐད་དེ།  གཞུང་རྩ་བར་ཟུར་གཉིས་པོ་དེ་འཛིན་སྟངས་ཅན་དུ་གསུངས་པ་དང་།

གཞན་དོན་མདོར་བསྟན་གྱི་མདོར།  བྱང་སེམས་ཆེན་པོ་ཕྱོགས་བཅུ་རེ་རེའི་ཞིང་གི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།  ཞེས་གཞན་སེམས་ཅན་རྣམས་མྱང་འདས་འཐོབ་འདོད་ཀྱི་འཛིན་སྟངས་ཅན་དུ་དངོས་སུ་གསུངས་པ་དང་འགལ་ལ།

ཟུར་གཉིས་པོའི་དམིགས་ཡུལ་འཁོར་འདས་ཀྱི་སྣང་ཆ་ཡིན་ན།  མདོ་ལས།  སྣང་བ་མེད་ཅིང་རྣམ་རིག་མེད།  ཅེས་སོགས་དང་།  རྒྱལ་སྲས་ཞི་བ་ལྷས།  གང་ཚེ་དངོས་དང་དངོས་མེད་དག  བློ་ཡི་མདུན་ན་མི་གནས་པ།  ཞེས་སོགས་མདོ་དང་རང་ལུགས་ཀྱི་མཁས་པ་རྣམས་ཀྱིས་མཉམ་བཞག་སྣང་མེད་ཀྱི་ངོར་དག་མ་དག་གི་སྣང་བ་གང་ཡང་མི་འཆར་པར་གསུངས་པ་དང་འགལ་བའི་ཕྱིར་རོ།  བཞེད་ཚུལ་གསུམ་པ་ཀུན་མཁྱེན་གོ་རམས་པའི་གསུངས་པ་ལ་དཔྱད་པ།  སྤྱིར་ས་རྙིང་གི་མཁས་པ་དག་གིས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དོན་དམ་རྣམ་གྲངས་མ་ཡིན་པ་སྟོང་ཉིད་སྤྲོས་མཐའ་ཀུན་བྲལ་དུ་འདོད་པས་འཕགས་པའི་མཉམ་བཞག་སྐབས་སེམས་སེམས་བྱུང་གི་རྒྱུ་བ་མེད་པར་བཞེད་པ་ཡིན་ཏེ།  སྔ་འགྱུར་རྙིང་མའི་སློབ་དཔོན་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པས་ཡིད་བཞིན་མཛོད་དུ།  དངོས་གཞི་མཉམ་བཞག་གི་སྐབས་སུ་སེམས་ཡེ་ཤེས་སུ་བསྐྱེད་པ་ཡིན་ཏེ།  ཞེས་གསུང་བ་དང་།  ས་སྐྱའི་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་འཇུག་འགྲེལ་དེ་ཉིད་གསལ་སྒྲོན་ལས།  གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཤེས་པའམ།  འོན་ཏེ་ཤེས་པ་མ་ཡིན།  དང་པོ་ལྟར་ན།  ཤེས་པ་ནི་ཡུལ་རིག་པའི་རབ་ཏུ་ཕྱེ་བའི་ཕྱིར་ཡུལ་ཅན་གྱི་སྤྲོས་པ་ཉེ་བར་ཞི་བ་མི་འཐད་དོ།  གཉིས་པ་ལྟར་ན། དེས་དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པ་འཐད་ཅེ་ན།  ཇི་སྐད་བཤད་པའི་ཉེས་པར་འགྱུར་བའི་ཕྱོགས་དང་པོ་མི་འདོད་དོ།  ཞེས་འཕགས་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སེམས་སེམས་བྱུང་མིན་པར་གསུངས་སོ། འཕགས་པའི་མཉམ་བཞག་སྐབས་སེམས་སེམས་བྱུང་དག་མེད་པ་ལུང་དང་རིགས་པ་འདི་དག་གིས་ཀྱང་གྲུབ་པ་ཡིན་ཏེ།  མདོ་རྒྱ་ཆེར་རོལ་པ་ལས།  ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པ།  དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ།  སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་པ།  མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས།  ཞེས་དང་།  ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས།  གལ་ཏེ་ཅུང་ཟད་རྗེས་སུ་རྟོག་པར་བྱེད་ན་དེ་ནི་སྟོང་པ་ཉིད་དུ་མི་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན།  ལྷའི་བུ་སྟོང་པ་ཉིད་ནི་རྣམ་པར་རྟོག་པ་མེད་དང་།  རྩོལ་བ་མེད་པ་ཡིན་པའི་ཕྱིར་རོ།  ཞེས་པ་སོགས་ངེས་དོན་གྱི་ལུང་ཚད་མེད་པ་དང་།  རིགས་པའི་དབང་དུ་བྱས་ན་ཡང་།  སྟོང་ཉིད་སྤྲོས་མཐའ་ཀུན་བྲལ་དེ་གཟུགས་སྒྲ་སོགས་མིན་པའི་ཕྱིར་ན་དེའི་ཡུལ་ཅན་སྒོ་ལྔའི་རྣམ་ཤེས་ཀྱི་རྒྱུ་བ་ཡང་མེད་ལ།  མིང་དང་མཚན་མའི་ཆོས་ལས་འདས་པའི་ཕྱིར་ན་ཡིད་རྟོག་བཅས་ཡང་མི་རྒྱུ།  ཡིད་དབང་མེད་པའི་ཕྱིར་ན་ཡིད་རྟོག་མེད་ཡང་ཡོད་མི་རུང་པའི་ཕྱིར་རོ།  དེས་ན་འཕགས་པའི་མཉམ་བཞག་སྐབས་སེམས་སེམས་བྱུང་ཡོད་མི་རུང་ལ།  གལ་ཏེ་མཉམ་བཞག་སྐབས་སེམས་སེམས་བྱུང་ཡོད་ན་སེམས་དང་སེམས་བྱུང་རྣམ་པ་མཚུངས་པ་ཡིན་པས་ན་འདིར་མཉམ་བཞག་གི་སྐབས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཛིན་སྟངས་མེད་པ་བཞིན་དུ།  དེ་དང་ལྷན་གཅིག་པའི་སྨོན་འཇུག་གཉིས་པོ་ལ་རྫོགས་བྱང་དོན་གཉེར་དང་ལམ་སྒྲུབ་འདོད་ཀྱི་འཛིན་སྟངས་ཡོད་མི་རུང་པ་དང་།  ཡང་ན་སྨོན་འཇུག་གཉིས་ལ་འཛིན་སྟངས་ཡོད་པ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་འཛིན་སྟངས་ཅན་དུ་འགྱུར་དགོས་ན།  གོ་རམས་ཁོང་གི་ལུགས་ལ་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་སྟོང་ཉིད་སྤྲོས་མཐའ་ཀུན་བྲལ་ཡིན་པས་ཡུལ་ཅན་ལ་འཛིན་སྟངས་ཡོད་པར་མི་བཞེད་འདྲ་ཡང་རེ་ཞིག་དཔྱད་གཞི་ལས་དགོངས་པའི་ཞེ་ཕུགས་ད་དུང་མ་རྟོགས་སོ།  གཉིས་པ་རང་གི་དཔྱད་དོན་བཞག་པ་ནི།  སྤྱིར་སེམས་བསྐྱེད་ལ་དབྱེ་ན།  སྨོན་པ་སེམས་བསྐྱེད་དང་།  འཇུག་པ་སེམས་བསྐྱེད་གཉིས།  དེ་གཉིས་ཀྱི་ཁྱད་པར་འཇོག་ཚུལ་མང་ན་ཡང་འཕགས་བོད་ཀྱི་མཁས་པ་ཕལ་མོ་ཆེ་རྒྱལ་སྲས་ཞི་བ་ལྷའི་རྗེས་སུ་འབྲང་སྟེ་དེ་གཉིས་ཀྱི་ཁྱད་པར་འཇོག་པ་སྟེ། དེ་ཡང་སྤྱོད་འཇུག་ལས།  འགྲོ་བར་འདོད་དང་འགྲོ་བ་ཡི།  བྱེ་བྲག་ཇི་ལྟར་ཤེས་པ་ལྟར།  དེ་བཞིན་མཁས་པས་འདི་གཉིས་ཀྱི།  བྱེ་བྲག་རིམ་བཞིན་ཤེས་པར་བྱ།  ཞེས་པའི་དོན་བཞིན་གཞན་སེམས་ཅན་གྱི་དོན་དུ་འབྲས་བུ་རྫོགས་བྱང་ཐོབ་པར་འདོད་པ་དང་དེའི་ཆེད་དུ་ལམ་ལ་སློབ་པར་འདོད་པ་སྟེ།  དེ་གཉིས་ཀ་འགྲོ་བར་འདོད་པ་དང་ཆོས་མཚུངས་པས་ན་སྨོན་པ་སེམས་བསྐྱེད།  དོན་དེའི་ཆེད་དུ་ལམ་ལ་དངོས་སུ་བསླབ་པ་ནི་འགྲོ་བཞིན་པ་དང་འདྲ་བས་ན་འཇུག་པ་སེམས་བསྐྱེད་དུ་འཇོག་དགོས་ཏེ།  སྡོང་པོ་བཀོད་པའི་མདོ་ལས།  རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ།  དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ།  ཞེས་ཆས་པ་ཞེས་པ་ནི་ལམ་ལ་དངོས་སུ་བསླབ་པའི་དོན་སྟེ་དེ་ཉིད་ནི་་འཇུག་སེམས་ཡིན་པས་ལམ་ལ་བསླབ་འདོད་པ་ཉིད་སྨོན་སེམས་ཡིན་ནོ།  དེ་ལྟ་བུའི་སྨོན་སེམས་དང་འཇུག་སེམས་གཉིས་ལས་དང་པོ་སྨོན་སེམས་ཡིན་ན་ཀུན་རྫོབ་སེམས་བསྐྱེད་ཁོ་ན་ཡིན་པས་ཁྱབ་སྟེ།  དེ་ཡིན་ན་འགྲོ་འདོད་པ་ལྟ་བུའི་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་འཛིན་སྟངས་མངོན་གྱུར་ཅན་ཡིན་པའི་ཕྱིར་དང་མཉམ་བཞག་དངོས་ཀྱི་སྐབས་མ་ཡིན་པའི་ཕྱིར་ཏེ།  ཀུན་མཁྱེན་ཆོས་རྗེའི་ཡིད་བཞིན་མཛོད་དུ།  གཅིག་ཏུ་ན་སྨོན་པ་སྦྱོར་རྗེས་ཀྱི་ཡུལ་ཅན་ནི་སེམས་བསྐྱེད་པ་ཡིན་ལ།  འཇུག་པ་མཉམ་བཞག་གི་དུས་ན་སེམས་ཡེ་ཤེས་སུ་བསྐྱེད་པ་ཡིན་ཏེ།  ཞེས་སྨོན་པ་སྦྱོར་རྗེས་ཀྱི་ཡུལ་ཅན་ཞེས་མཉམ་བཞག་ཡེ་ཤེས་སྨོན་སེམས་མིན་པ་གསལ་བར་གསུངས་པའི་ཕྱིར་རོ།  གཉིས་པ་འཇུག་སེམས་ལ་དབྱེ་ན་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ཡོད་དེ།  ལམ་ལ་དངོས་སུ་བསླབ་པའི་ཆ་ལ་རྗེས་ཐོབ་རྒྱལ་སྲས་ཀྱི་སྤྱོད་པ་སྦྱིན་སོགས་ཐབས་ཀྱི་དགེ་བ་དང་མཉམ་བཞག་ཡེ་ཤེས་ཀྱི་དགེ་རྩ་དང་གཉིས་ཡོད་པ་རིམ་བཞིན་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། གོང་གི་ཀུན་མཁྱེན་བླ་མའི་གསུངས་དེས་སྨོན་སེམས་སྦྱོར་བ་དང་རྗེས་ཀྱི་ཡུལ་ཅན་ཡིན་པ་དང་།  འཇུག་སེམས་དངོས་གཞི་ཡིན་པ་དང་དོན་དམ་སེམས་བསྐྱེད་ནི་སྨོན་འཇུག་གཉིས་ལས་འཇུག་པ་ཡིན་པ་གསལ་པོར་བསྟན་པའི་ཕྱིར་རོ།  དེ་དག་ལས་སྨོན་སེམས་ལ་ཟུར་གཉིས་ཀྱི་འཛིན་སྟངས་མངོན་གྱུར་དུ་ཡོད་པ་ནི་རྟོགས་སླ་ལ།  འཇུག་སེམས་ལ་མཚན་ཉིད་ཀྱི་ཟུར་གཉིས་པོ་རྒྱུད་ནས་སམ་དོན་གྱིས་ཡོད་པ་ལས་མངོན་གྱུར་དུ་མེད་དེ།  དེའི་ཚུལ་ནི་འཇུག་སེམས་ཀྱི་ཡ་གྱལ་འཕགས་རྒྱུད་ཀྱི་མཉམ་བཞག་དོན་དམ་སེམས་བསྐྱེད་དེ་འཛིན་སྟངས་ཀུན་བྲལ་ཡིན་པ་དང་ཟུར་གཉིས་པོ་ནི་འཛིན་སྟངས་ཅན་ཡིན་པའི་ཕྱིར་ན་མངོན་གྱུར་དུ་མེད་ལ། འཇུག་སེམས་ཀྱི་ངོ་བོར་གྱུར་བའི་ཀུན་རྫོབ་སེམས་བསྐྱེད་ལ་ཡང་མངོན་འགྱུར་དུ་མེད་དེ་དཔེར་ན་སྦྱིན་པ་དང་མཚུངས་པར་ལྡན་སྐབས་སེམས་སེམས་བྱུང་ཐམས་ཅད་གཏོང་སེམས་ཀྱི་འཛིན་སྟངས་ལས་གཞན་དོན་དུ་མྱང་འདས་འཐོབ་འདོད་ཀྱི་འཛིན་སྟངས་ཅན་ཡིན་མི་རུང་སྟེ།  སེམས་སེམས་བྱུང་རྣམས་རྣམ་པ་མཚུངས་པ་ཅན་ཡིན་དགོས་པའི་ཕྱིར་རོ།  གསུམ་པ་དེ་ལ་རྩོད་པ་སྤངས་པ་ནི།  དེ་ལྟར་ན་འཇུག་སེམས་ཀྱི་སྐབས་སྨོན་སེམས་མེད་པར་ཐལ།      སྨོན་སེམས་ལ་འཛིན་སྟངས་གཉིས་པོ་དངོས་སུ་ཡོད་པར་ཁས་བླངས་པ་གང་ཞིག  འཇུག་སེམས་སྐབས་འཛིན་སྟངས་གཉིས་པོ་མངོན་གྱུར་དུ་ཡོད་མི་རུང་བ་ཁས་བླངས་པའི་ཕྱིར།  འདོད་མི་ནུས་ཏེ།  འགྲོ་བཞིན་པའི་སྐབས་འགྲོ་འདོད་མི་འདོར་པ་བཞིན་དུ་འཇུག་སེམས་ཀྱི་སྐབས་སྨོན་སེམས་ཡོད་པར་གསུངས་པའི་ཕྱིར་ཞེ་ན།  འགྲོ་བཞིན་པའི་སྐབས་འགྲོ་འདོད་ཡོད་པར་གསུངས་པ་ནི་འགྲོ་འདོད་དོན་གྱིས་ཡོད་པ་ལ་དགོངས་པ་ལས་འགྲོ་བཞིན་པའི་སྐབས་ཐམས་ཅད་དུ་འགྲོ་འདོད་དངོས་སུ་མངོན་གྱུར་དུ་ཡོད་མི་རུང་སྟེ།  འགྲོ་བཞིན་པའི་སྐབས་ལ་ལར་སེམས་གཞན་དུ་གཡེང་པ་དང་དགེ་མི་དགེའི་རྣམ་རྟོག་གཞན་འཆར་སྐབས་འགྲོ་འདོད་མངོན་གྱུར་པ་མེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར།  དེས་ན་འགྲོ་བཞིན་པའི་སྐབས་འགྲོ་འདོད་དོན་གྱིས་ཡོད་པ་ལྟར་ཐེག་ཆེན་ལམ་ཞུགས་པས་ལམ་ལ་བསླབ་པ་ནི་གཞན་དོན་དུ་རྫོགས་བྱང་འཐོབ་པའི་ཆེད་ཡིན་པས་ན་འཇུག་སེམས་ཀྱི་སྐབས་སྨོན་སེམས་དང་ཟུར་གཉིས་པོ་དོན་གྱིས་ཡོད་པ་ཡིན་ནོ།  ཡང་ཁ་ཅིག་གིས།  མཉམ་བཞག་སྐབས་གཞན་དོན་ལ་དམིགས་པའི་སྙིང་རྗེ་མེད་ན་མཉམ་བཞག་དེ་ཐབས་ཤེས་ཟུང་འབྲེལ་མ་ཡིན་པར་ཐལ་ལ་འདོད་ན་དེ་ཐེག་ཆེན་གྱི་དགེ་རྩ་མ་ཡིན་པར་ཐལ་བ་དང་རང་ལུགས་ཀུན་མཁྱེན་ཀློང་ཆེན་པས།    མཉམ་བཞག་ཏུ་ཡང་ཐབས་ཤེས་ཟུང་དུ་འབྲེལ།  ཞེས་གསུངས་པ་དང་འགལ་བར་འགྱུར་ཞེས་ཟེར་ན་ཡང་།  སྐྱོན་མེད་དེ།  མཉམ་བཞག་ཐབས་ཤེས་ཟུང་འབྲེལ་གྱི་དོན་ནི།  ཀུན་རྫོབ་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་དེ་དང་མཉམ་བཞག་ཤེས་རབ་ཟུང་འབྲེལ་གྱི་དོན་ཡིན་པར་ཀུན་མཁྱེན་རང་ཉིད་ཀྱིས་གསུངས་པའི་ཕྱིར་རོ།  

འདི་ལྟར་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་སེམས་བསྐྱེད་ལ་མཚན་ཉིད་ཀྱི་འཛིན་སྟངས་འདི་དག་དངོས་སུ་མེད་ལ་དོན་གྱིས་ཡོད་པ་དང་། དེའི་ཆ་ནས་དོན་གྱིས་ཐབས་ཤེས་ཟུང་འབྲེལ་ཡིན་པའི་སྒྲུབ་བྱེད་གཞན་ཡང་སློབ་དཔོན་ཀ་ཤིའི་སྒོམ་རིམ་བར་བ་ལས། དེ་ལྟ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཤེས་རབ་དང་ཐབས་གཉིས་ཀ་བསྟེན་པར་བྱའོ། དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྒོམ་པའི་གནས་སྐབས་སམ། ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་། དེ་ལ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་གང་ཡང་བྱུང་བ་དེའི་ཚེ་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་གཅིག་ཆར་འཇུག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་ཐབས་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་འཇིག་རྟེན་ལས་འདས་པའི་ལམ་བསྟེན་པ་དང་། ལངས་པའི་ཐབས་ཀྱི་དུས་ན་ཡང་སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བརྟེན་པ་སྟེ། ཞེས་གསུངས་པ་དང་། དེའི་ཐད་ཀྱི་རོང་སྟོན་འགྲེལ་བས་ཀྱང་འདིའི་དོན་གསལ་བར་བསྟན་པ་སྟེ། གལ་ཏེ་ཐབས་དང་ཤེས་རབ་གཉིས་གཅིག་ཡོད་པའི་དུས་སུ་གཅིག་མེད་པས་ཇི་ལྟར་ཟུང་དུ་འཇུག་ཏུ་འགྱུར་ཞེ་ན། ཐབས་དང་ཤེས་རབ་གཉིས་ཡོད་པ་དེ་ལ་འཇིག་རྟེན་ལས་འདས་པའི་མཐོང་ལམ་ཡན་ཆད་ཀྱི་མཉམ་པར་བཞག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་པའི་གནས་སྐབས་སམ། སོ་སྐྱེའི་སྦྱོར་ལམ་དུ་ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐབས་ལ་དངོས་སུ་བསྟེན་པ་མི་འབྱུང་དུ་ཟིན་ཀྱང་ཏིང་ངེ་འཛིན་སྒོམ་པ་དེ་ལ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་གང་འབྱུང་བ་དེའི་ཚེའི་ཐབས་དང་ཤེས་རབ་དུས་གཅིག་ཏུ་རྒྱུད་ལ་བསྟེན་པར་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་སྦྱོར་བ་དང་རྗེས་ཀྱི་དུས་སུ་གཅིག་ཆར་དུ་འཇུག་གོ །གཉིས་པ་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་སོགས་ཀྱི་ཐབས་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ནི་འདི་ཡིན་ཏེ། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པའི་སྦྱོར་བའི་དུས་སུ་སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ཀུན་ནས་བསླང་ནས་འཇིག་རྟེན་ལས་འདས་པའི་མཉམ་བཞག་གི་ལམ་ལ་བརྟེན་པས་རྒྱུད་གཅིག་ལ་འབྲེལ་བར་འཇུག་པ་དང་། མཉམ་བཞག་ལས་ལངས་པའི་ཐབས་ལ་འཇུག་པ་ཉིད་ཀྱི་དུས་ན་ཡང་སྒྱུ་མ་མཁན་སྒྱུ་མ་ལ་མངོན་པར་ཞེན་པ་མེད་པ་བཞིན་དུ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་ཤེས་པས་ཟིན་པའི་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བརྟེན་པས་ཟུང་དུ་འཇུག་པས་ན་ཟུང་འཇུག་མི་འགྲུབ་པའི་ཉེས་པ་མེད་དོ། ཞེས་དང་། ཡང་སྒོམ་རིམ་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པ་ན་སེམས་ཅན་ལ་ལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། གང་གི་ཕྱིར་ཞི་བ་དང་རབ་ཏུ་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ་ཞེས་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །ཞེས་དྲངས་པའི་མདོའི་ལུང་དོན་རོང་སྟོན་གིས་འགྲེལ་བ་ན། ལུང་གི་དོན་ནི་ཐབས་དང་ཤེས་རབ་གཉིས་ཡོད་པ་དེ་ལ། བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པའི་སྦྱོར་བའི་དུས་ན་མཐའ་ཡས་པའི་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་མཉམ་པར་བཞག་པའི་དུས་ན་སྤྲོས་པ་ཞི་བ་དང་། རབ་ཏུ་ཞི་བར་སྙོམས་པར་སྙོམས་པར་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་བོ་ཞེས་རྒྱ་ཆེར་གསུངས་པ་སྟེ་མཉམ་བཞག་གི་སྦྱོར་དངོས་རྗེས་གསུམ་གྱི་ཐུན་གཅིག་ལ་ཐབས་ཤེས་ཟུང་དུ་འཇུག་པར་བསྟན་ཏོ། ཞེས་སྦྱོར་བ་དང་རྗེས་ཀྱི་དུས་སུ་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་སྙིང་རྗེ་སོགས་ཐབས་ཀྱི་ཆ་ཡོད་པ་དེ་དག་དང་མཉམ་བཞག་གི་དུས་ཀྱི་ཤེས་རབ་གཉིས་ཟུང་འབྲེལ་ཡིན་ཞེས་རྒྱུད་གཅིག་གི་སྟེང་ནས་ཐབས་ཤེས་ཟུང་འབྲེལ་འཇོག་ཚུལ་གསལ་བོར་བསྟན་པ་དང་། འདིའི་དོན་རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོར་ཡང།  ལྟ་བས་ཟིན་པའི་སྤྱོད་པ་དང་ཐབས་ ཀྱིས་ཟིན་པའི་ཤེས་རབ་ནི། དཔེར་ན་བུ་སྡུག་པ་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་ལ་སོགས་པ་ལ་འཇུག་པའི་ཚེ་བློ་ཅི་སྐྱེས་ཀྱང་ མྱ་ངན་གྱི་ཤུགས་དེས་མ་བཏང་ཡང་བློ་དེ་རྣམས་ཐམས་ཅད་མྱ་ངན་གྱི་ བློ་ཡིན་མི་དགོས་པ་བཞིན་དུ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཤུགས་ དྲག་ན་སྦྱིན་པ་གཏོང་བ་དང་ཕྱག་དང་སྐོར་བ་དང་བཟླས་རྗོད་བྱེད་པའི་ཚེ་དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མ་ཡིན་ཀྱང་དེའི་རྩིའམ་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཐུན་འགོ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ ལ་བཞག་པའི་ཚེ་བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང་དེའི་རྩིས་ཟིན་པ་མི་འགལ་ལོ། །དེས་ན་དེ་འདྲ་བ་ལ་དམིགས་པ་མེད་པའི་སྦྱིན་པ་ཞེས་བྱ་ ཡི༑ གཏོང་བའི་སེམས་པ་གཏན་མེད་པ་ལ་སྦྱིན་པ་མི་བཏུབ་ལ། དེ་བཞིན་དུ་ལྷག་མ་ལའང་ཤེས་པར་བྱའོ། །ཐབས་ཤེས་མ་བྲལ་བའི་ཚུལ་ཡང་དེ་ལྟར་ཤེས་པར་བྱའོ། ཞེས་རིགས་པས་གྲུབ་པའི་གསུངས་དེ་དག་ལྟར་ཁས་ལེན་པ་ལས་འོས་མེད་སྙམ།  ཡང་སེམས་བསྐྱེད་ཀྱི་མཚན་ཉིད་འདི་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ལ་ཡོད་དམ་ཞེ་ན།    མཁས་མཆོག་བུ་སྟོན་པས་ཡོད་པར་བཞེད།    དེ་ཡང་སངས་རྒྱས་ཀྱི་སར་བྱང་ཆུབ་ཐོབ་འདོད་མེད་ཀྱང་དེས་གཞན་དོན་དུ་རྫོགས་བྱང་འདོད་པ་བྱས་ཟིན་པའི་ཕྱིར་ཞེས་གསུངས།  རང་ལུགས་ལ་མེད་ཅེས་འདོད་དགོས་ཏེ་སེམས་བསྐྱེད་ཉེར་གཉིས་ལས་ཐ་མ་གསུམ་འབྲས་བུ་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ཡིན་པ་སློབ་དཔོན་སེངབཟང་གིས་གསུངས་པའི་དོན་ཀུན་མཁྱེན་བླ་མས་ངེས་དོན་ཤིང་རྟ་ཆེན་མོར་སངས་རྒྱས་བཏགས་པ་བ་ས་བཅུ་བའི་སྦྱོར་དངོས་རྗེས་གསུམ་ཡིན་པར་གསུངས་པའི་ཕྱིར་ན།  མཚན་གཞི་ཉེར་གཉིས་པོ་ཐམས་ཅད་སློབ་ལམ་གྱིས་བསྡུས་པར་འདོད་པས་མཚན་ཉིད་དེ་སངས་རྒྱས་ཀྱི་སར་ཡོད་ན།    མཚན་ཉིད་ལ་ཁྱབ་ཆེས་པའི་སྐྱོན་ཡོད་པས་སོ།    དེ་ལ་ཁ་ཅིག་སངས་རྒྱས་ཀྱི་སེམས་བསྐྱེད་ལ་ཡོད་པར་ཐལ་ཏེ་དོན་དམ་སེམས་བསྐྱེད་ལ་འདིར་བསྟན་གྱི་མཚན་ཉིད་དེ་ཡོད་པར་ཁས་བླངས་པ་གང་ཞིག་སངས་རྒྱས་ཀྱི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར་ཞེ་ན།  སྐྱོན་མེད་དེ།  སློབ་དང་མི་སློབ་ཀྱི་དོན་དམ་སེམས་བསྐྱེད་གཉིས་ཡོད་པ་ལས་འདིར་དོན་དམ་སེམས་བསྐྱེད་ལ་མཚན་ཉིད་ཡོད་པར་བཞེད་པ་ནི་སློབ་པའི་དོན་དམ་སེམས་བསྐྱེད་ཀྱི་དབང་དུ་བྱས་པའི་ཕྱིར་རོ།  དེ་ལྟར་ཡིན་ཏེ།  སེམས་བསྐྱེད་ཉེར་གཉིས་ལས་དོན་དམ་སེམས་བསྐྱེད་ནིཤེས་རབ་ཡེ་ཤེས་གཉིས་དང་མཚུངས་ལྡན་ལ་ངོས་བཟུང་དགོས་པ་གང་ཞིག་དེ་སློབ་པའི་ས་དྲུག་པ་དང་བཅུ་བ་ལ་བཞག་ཡོད་པའི་ཕྱིར།  གཉིས་པ་མཚན་གཞི་ལ་དཔྱད་པ་ནི།  ཐོགས་མེད་སྐུ་མཆེད་ཀྱིས་སེམས་བསྐྱེད་ཀྱི་མཚན་གཞི་སེམས་བྱུང་དང་འཕགས་སེང་གཉིས་ཀས་གཙོ་སེམས་སུ་བཞེད་པ་དེ་དག་ནི་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་གཞི་བཞག་པ་ཡིན་གྱི་དེ་དོན་དམ་སེམས་བསྐྱེད་ཀྱི་མཚན་གཞི་མ་ཡིན་ཏེ་སློབ་མི་སློབ་ཀྱི་དོན་དམ་སེམས་བསྐྱེད་གཉིས་ཀ་སེམས་སེམས་བྱུང་མ་ཡིན་པས་ཕྱིར་ཏེ་འཕགས་པ་སློབ་པའི་མཉམ་བཞག་སེམས་སེམས་བྱུང་མིན་ཚུལ་སྔར་བཤད་པ་ལྟར་དང་།   མི་སློབ་པ་སངས་རྒྱས་ཀྱི་སར་དེ་མེད་ཚུལ། འཇུག་པ་ལས།  སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད།    ཅེས་དང་འགྲེལ་བར་སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པ་ཡིན་ནོ།    ཞེས་སོགས་གསུངས་པའི་ཕྱིར་རོ།     ༑གཉིས་པ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་གསུམ་པ་སྦྱོར་ལམ་ལ་དཔྱད་པ་ནི།  སྦྱོར་ལམ་གྱི་ངོ་བོ་བློ་རིག་གང་ཡིན་ལ་དཔྱད་པ།    སྦྱོར་ལམ་ལ་འཛིན་སྟངས་ཡོད་མེད་དཔྱད་པ།   སྤང་བྱ་རྟོག་པ་ལ་དཔྱད་པ་སྟེ་གསུམ།   དང་པོ་ལ།   མི་འཐད་པའི་ཕྱོགས་བསྟན་པ།     འཐད་པའི་ཕྱོགས་བརྗོད་པ་སྟེ་གཉིས།    དང་པོ།   སྔ་མ་ཁ་ཅིག་གིས་རྟོག་མེད་མངོན་སུམ་དུ་འདོད་པ་ལ།   སྔོན་གྱི་མཁས་པ་འགའ་ཞིག་གིས་དེ་ལྟ་ན་དེ་འདྲའི་སྦྱོར་ལམ་དེ་ཆོས་ཉིད་ཀྱི་དོན་སྔར་མ་མཐོང་བ་གསར་དུ་མཐོང་བའི་མཐོང་ལམ་ཡིན་པར་ཐལ་པ་དང་།  མཐོང་ལམ་ཉིད་ནི་མཐོང་ཟིན་གོམས་པའི་སྒོམ་ལམ་ཡིན་པར་ཐལ་བ་སོགས་ཀྱི་སྐྱོན་བརྗོད་པར་མཛད་དོ།  གཉིས་པ་ལ་དངོས་དང་རྩོད་སྤངས་ཏེ་གཉིས།  དང་པོ།  རྗེ་རིན་པོ་ཆེ་དང་།  རོང་སྟོན་ཤེས་བྱ་ཀུན་གཟིགས།  ཀུན་མཁྱེན་གོ་རམས་པ།  རང་ལུགས་ཀྱི་མཁས་པ་ཆེན་པོ་བོད་སྤྲུལ་དང་འཇམ་མགོན་མི་ཕམ་སོགས་ཀྱིས་སྦྱོར་ལམ་ནི་ཆོས་ཉིད་ཀྱི་དོན་སྤྱི་འཇལ་བའི་བློ་ཡིན་པར་གསུངས་པས་ན་རྟོག་བཅས་ཡིན་པས་ཁྱབ་ཅེས་འདོད་དོ།   གཉིས་པ་སྐྱོན་སྤངས་ནི།   དེ་ལྟ་ན་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་དུ།  རང་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་རྗེས་སུ་བྱེད་དེ།  མཚན་བརྗོད་ཀྱི་འགྲེལ་བ་བདུད་རྩིའི་ཐིགས་པ་ལས།  ཀོ་ཊ་པ་ཡི་ས་བོནལས།  ས་ལུའི་མྱུ་གུ་མི་འབྱུང་ལྟར།    དེ་བཞིན་རྣམ་པར་རྟོག་བཅས་ལས། རྣམ་པརརྟོག་པ་མེད་མི་འབྱུང་།  ཞེས་འབྲས་བུ་མཐོང་ལམ་རྟོག་མེད་ཡིན་པའི་ཕྱིར་ན་དེའི་རྒྱུ་སྦྱོར་ལམ་ཡང་རྟོག་མེད་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན།  མི་འགལ་ཏེ། དེའི་དོན་སྦྱོར་ལམ་སྐབས་འཛིན་སྟངས་ཀྱི་རྟོག་པ་རིམ་གྱིས་མ་བཀག་ན་དེ་ལ་བརྟེན་ནས་འཛིན་སྟངས་མེད་པའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་སྐྱེ་བར་གསུངས་པའི་དོན་ཡིན་གྱི་སྦྱོར་ལམ་རྟོག་མེད་ཡིན་པར་གསུངས་པའི་དོན་མིན་པས་སོ།  ཡང་ཁ་ཅིག་ཐེག་ཆེན་སྦྱོར་ལམ་ཆོས་ཅན།  ཁྱོད་ཡིན་ན་རྟོག་བཅས་ཡིན་པས་མ་ཁྱབ་པར་ཐལ།  དམན་ལམ་སྔོན་སོང་གི་སྦྱོར་ལམ་པའི་གང་ཟག་གི་བདག་མེད་རྟོགས་པ་དེ་མངོན་སུམ་ཡིན་པའི་ཕྱིར་ཞེས་ཟེར།  དེ་ལ་ལན་དུ་བརྗོད་པ།  སྐྱོན་མེད་དེ་ཉན་རང་འཕགས་པས་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པ་ནི་མཐའ་དང་པོ་བཀག་པ་ཙམ་ཡིན་པས་ན་དེ་ཐེག་ཆེན་སྦྱོར་ལམ་མིན་ལ།  ཐེག་ཆེན་པས་ནི་གང་ཟག་གི་བདག་མེད་མཐའ་ཐམས་ཅད་དང་བྲལ་བར་རྟོགས་དགོས་པ་ཡིན་པས་དེ་ནི་ཉན་རང་འཕགས་པ་ཐེག་ཆེན་སྦྱོར་ལམ་ལ་ཞུགས་པ་དེས་དོན་སྤྱི་ཙམ་རྟོགས་ཡོད་ལ་དེའི་ཆ་དེ་ཐེག་ཆེན་སྦྱོར་ལམ་ཡིན་པས་ན་དེའི་དབང་དུ་བྱས་ན་ཡང་རྟོག་བཅས་ལས་མ་འདས་སོ།  གཉིས་པ།  སྦྱོར་ལམ་གྱི་བློ་ལ་འཛིན་སྟངས་ཡོད་དགོས་པ་ཡིན་ཏེ་སྦྱོར་ལམ་གྱི་ངོ་བོ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཡིན་པ་གང་ཞིག་དེས་འཛིན་སྟངས་མེད་པར་ཡུལ་འཇལ་མི་སྲིད་པའི་ཕྱིར་རོ།  དེ་ལྟ་ན་གོང་དུ་རང་ཉིད་ཀྱིས་སྦྱོར་ལམ་སྐབས་སྒྲོ་འདོག་མཐའ་དག་དང་བྲལ་བའི་དོན་གཏན་ལ་དབབ་ཏེ་སྒོམ་པར་བཤད་པ་དང་འགལ་ལོ་ཞེ་ན།  རྟོག་པ་ཡིན་པའི་ཕྱིར་ན་དང་པོར་འཛིན་སྟངས་མེད་པ་མིན་ཀྱང་སྒྲོ་འདོགས་མཐའ་དག་དང་བྲལ་བའི་དོན་རིམ་གྱིས་གཏན་ལ་དབབ་སྟེ་འཛིན་སྟངས་རྣམས་རིམ་བཞིན་བཀག་དགོས་པ་ཡིན་ཏེ།  འཇམ་མགོན་བླ་མ་མི་ཕམ་པས་ནོར་བུ་ཀེ་ཏ་ཀར།  དེས་ན་གནས་ལུགས་ལ་དཔྱོདཔའི་སོ་སོ་སྐྱེ་བོའི་དཔྱད་སྒོམ་གྱིས་མཐའ་བཞི་གཅིག་ཆར་ཁེགས་པ་མིན་ཀྱང།  རེས་འཇོག་གི་ཚུལ་དུ་བཞི་ཆར་བཀག་ནས་དམིགས་མེད་ཀྱི་དོན་ཟུང་འཇུག་གི་དབྱིངས་ལ་གོ་མྱོང་སྐྱེ་བར་མ་བྱས་ན་ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་བཞིན་དུ་འཕགས་པའི་ཡེ་ཤེས་ཀྱང་རྒྱུ་མེད་དུ་སྐྱེ་བར་མི་འགྱུར་བས་ཚོགས་སྦྱོར་དུ་ཅི་སྟེ་མི་བསྒོམ།  ཞེས་ཚོགས་སྦྱོར་དུ་མཐའ་བཞིའིསྤྲོས་པ་བཀག་ཏེ་མ་སྒོམ་ན་འཕགས་པའི་མཐོང་ལམ་སྤྲོས་བྲལ་ཡེ་ཤེས་རྒྱུ་མེད་དུ་འགྱུར་པས་ཚོགས་སྦྱོར་དུ་མཐའ་བཞིའི་སྤྲོས་པ་རིམ་གྱིས་བཀག་ཏེ་སྒོམ་དགོས་པར་གསུངས་པའི་ཕྱིར་དང་།  དཔལ་ལྡན་ས་སྐྱའི་ཀུན་མཁྱེན་གོ་རམས་པས།  ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས།  གནས་ལུགས་དཔྱོད་པའི་སོ་སྐྱེ་བློ་གྲོས་ཀྱིས།  མཐའ་བཞིའི་སྤྲོས་པ་གཅིག་ཆར་མི་ཁེག་ཀྱང་།  རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི།  ཚུལ་བཞིན་སྒོམ་པས་མཐོང་ལམ་སྐྱེས་པའི་ཚེ།  བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ལ།  ལྟ་བ་ཆོས་དབྱིངས་མཐོང་པའི་ཐ་སྙད་མཛད།  ཅེས་གསུངས་པ་ལྟར་ཚོགས་སྦྱོར་དུ་སྤྲོས་པའམ་འཛིན་སྟངས་རིམ་གྱིས་བཀག་སྟེ་མཐོང་ལམ་སྐྱེ་མ་རག་པའི་སྐབས་འཛིན་སྟངས་མཐའ་དག་མེད་པའི་དོན་ཡིན་ནོ།  གསུམ་པ་སྤང་བྱ་རྟོག་པ་ལ་དཔྱད་པ།  གཞུང་ལས་བསྟན་ཚུལ་དང་།  དེ་སྦྱོར་ལམ་ལ་ལྡན་ཚུལ་ཏེ་གཉིས།  དང་པོ།  མངོན་རྟོགས་རྒྱན་ལས་དངོས་ཤུགས་གཉིས་ཀར་སྒྲུབ་རྟོག་ཁོ་ན་ལས་དགག་རྟོག་མ་བསྟན་པར་འདོད་པ་ནི་ཅུང་ཞིག་མི་འཐད་དེ།  སྒྲུབ་རྟོག་ཁོ་ནའི་ནང་དུ་ཐེག་གསུམ་གྱི་སྤང་བྱ་མཐའ་དག་མི་འདུ་བ་གང་ཞིག་འདིར་བསྟན་གྱི་རྟོག་པ་བཞིའི་ནང་དུ་ཐེག་པ་གསུམ་གྱི་སྤང་བྱ་མཐའ་དག་འདུ་བ་དང་དེ་སྤང་བྱར་ལྡན་པ་སྦྱོར་ལམ་གྱི་ཁྱད་ཆོས་སུ་བཞག་པ་ནི་གཞུང་རྩ་འགྲེལ་གཉིས་ཆར་གྱི་དགོངས་པ་ཡིན་པའི་ཕྱིར།   དེས་ན་དངོས་སུ་སྒྲུབ་རྟོག་དང་ཤུགས་ལ་དགག་རྟོག་བསྟན་པར་འདོད་པ་ལས་འོས་མེད་དོ།  དེ་ཡང་དགག་རྟོག་ནི་ཐེག་ཆེན་ལམ་གྱི་སྤང་བྱ་ཐུན་མིན་ཡིན་དགོས་ཏེ།   ཡོད་མེད་ཡིན་མིན་སོགས་སྒྲོ་འདོགས་སོ་གཉིས་ཀྱི་འཛིན་སྟངས་མཐའ་དག་སྤྱིར་ཉོན་ཤེས་ཀྱི་སྒྲིབ་པ་དང་དེ་ལས་ཀྱང་འཛིན་སྟངས་དགག་པའི་རྣམ་པ་ཅན་ཐམས་ཅད་ཤེས་སྒྲིབ་ཡིན་པར་དབུ་མའི་གཞུང་རྣམས་སུ་གསུངས་པའི་ཕྱིར་རོ།   གཉིས་པ་རྟོག་པ་བཞི་པོ་ལྡན་ཚུལ་ནི་ངོ་བོ་དང་སྤང་བྱ་གཉིས་ཀར་ལྡན་པ་ཡིན་ཏེ།   སྦྱོར་ལམ་གྱི་ངོ་བོ་རྟོག་བཅས་ཀྱི་བློ་ཡིན་པས་ན་འཛིན་སྟངས་ཅན་དུ་གྲུབ་ལ།   དེ་ཡང་མཐའ་བཞིའི་འཛིན་སྟངས་རྣམས་ལས་མཉམ་བཞག་གིས་མིན་མེད་དུ་འཛིན་པ་ནི་དགག་རྟོག་དང་།  རྗེས་ཐོབ་ཀྱིས་ཡིན་ཡོད་དུ་འཛིན་པ་སྒྲུབ་རྟོག་ཡིན་པས་ན་ངོ་བོར་ལྡན་པ་ཡང་ཡིན།  ཡང་སྦྱོར་ལམ་དང་རྟོག་པ་གཉིས་ལྡོག་པ་ཐ་དད་ཡིན་པར་མ་ཟད་སྦྱོར་ལམ་གྱི་འབྲས་བུ་མཐོང་སྒོམ་གྱི་སྤང་བྱ་ཡིན་པས་ཕྱིར་ན་སྤང་བྱར་ལྡན་པ་ཡང་ཡིན་ནོ།    དེས་ན་སྦྱོར་ལམ་གྱི་ངོ་བོ་རྟོག་བཅས་ཡིན་པར་འདོད་བཞིན་དུ་དེ་དང་སྤང་བྱ་རྟོག་པ་གཉིས་ངོ་བོ་གཅིག་མིན་པར་འདོད་པ་ནི་མི་འཐད་དོ།  སྤང་བྱ་རྟོག་པ་དང་གཉེན་པོ་སྦྱོར་ལམ་གཉིས་ངོ་བོ་གཅིག་པར་འདོད་པ་འདི་ལ།  རོང་སྟོན་ཤེས་བྱ་ཀུན་གཟིགས་ནས།  རྟོག་པ་འདི་དག་ཆོས་ཅན།  ཉན་རང་དང་ལམ་མ་ཞུགས་པའི་སོ་སྐྱེ་ལ་མི་ལྡན་པར་ཐལ།  ཐེག་ཆེན་སྦྱོར་ལམ་གྱི་ངོ་བོ་ཡིན་པའི་ཕྱིར།  ཞེས་གསུངས་ན་ཡང་།  ཁྱབ་པ་མེད་དེ།  རྟོག་པ་ཡིན་ན་ཐེག་ཆེན་སྦྱོར་ལམ་ཡིན་པའི་ཁྱབ་པ་ཁས་མ་བླངས་པའི་ཕྱིར་ན་དེ་དག་ལ་ཐེག་ཆེན་སྦྱོར་ལམ་དང་ངོ་བོ་གཅིག་པའི་རྟོག་པ་མི་ལྡན་ཡང་དེ་ལས་གཞན་པའི་རྟོག་པ་ལྡན་རུང་བའི་ཕྱིར་རོ།  གཞན་ཡང་སེམས་སྐད་གཅིག་སྔ་མའི་གནས་སྐབས་ཀྱི་གང་ཟག་སོ་སྐྱེ་ཆོས་ཅན།  ཁྱེད་ལ་ཡང་རྟོག་པ་བཞི་པོ་མི་ལྡན་པར་ཐལ།  རྟོག་པ་ནི་མ་སྐྱེས་པ་སྐད་གཅིག་ཕྱི་མའི་སེམས་དང་ངོ་བོ་གཅིག་ཡིན་པའི་ཕྱིར།  ཞེས་པའི་ཁྱབ་འགྲིགས་ཡང་འཕེན་ཆོག  ཡང་ཤེས་བྱ་ཀུན་གཟིགས་ནས་སྔ་མའི་འཕྲོར་རྟོག་པ་བཞི་པོ་སྦྱོར་ལམ་དང་ངོ་བོ་གཅིག་ན།  ཐེག་ཆེན་སྦྱོར་ལམ་རྣམ་མཁྱེན་གྱི་གེགས་ཤེས་སྒྲིབ་དུ་ཐལ་བ་དང་།   ཐེག་ཆེན་གྱི་ལམ་མ་ཡིན་པར་ཐལ་པའི་སྐྱོན་བརྗོད་པ་ཡང་མི་འཇུག་སྟེ།  ཐེག་ཆེན་སྦྱོར་ལམ་དང་རྟོག་པ་གཉིས་ངོ་བོ་གཅིག་ཀྱང་ལྡོག་ཆ་ཐ་དད་པའི་ཕྱིར་ཏེ་སྦྱོར་ལམ་མཉམ་བཞག་དེ་ཉིད་ལ་བདག་ཡོད་པར་མ་ཞེན་པ་དང་བདག་མེད་པར་ཞེན་པའི་ལྡོག་ཆ་གཉིས་ཡོད་།  དེ་ལས་སྔ་མ་སྦྱོར་ལམ་ཡིན་པའི་ཕྱིར་ན་དེ་རྣམ་མཁྱེན་གྱི་རྒྱུ་དང་ཐེག་ཆེན་གྱི་ལམ་ཡིན་པ་དང་།  ཕྱི་མ་ནི་རྟོག་པ་ཡིན་ལ་དེ་ནི་ཐེག་ཆེན་གྱི་ལམ་མིན་པར་མ་ཟད་ཤེས་སྒྲིབ་ཀྱང་ཡིན་ནོ།  ལྡོག་ཆ་ཐ་དད་ན་ཡང་སྐྱོན་དེར་འགྱུར་ན་རྗེས་ཐོབ་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་འཛིན་སྟངས་ཀུན་བྲལ་དུ་ཁས་ལེན་དཀའ་ལ་འཛིན་སྟངས་ཡིན་ན་དགག་སྒྲུབ་ཀྱི་རྟོག་པ་བཞི་པོ་གང་རུང་ཡིན་པས།   རྗེས་ཐོབ་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་རྣམ་མཁྱེན་གྱི་གེགས་ཤེས་སྒྲིབ་དང་ཐེག་ཆེན་གྱི་ལམ་མ་ཡིན་པར་ཐལ་ལོ།   དེས་ན་ཉིར་སྣང་ལས།  དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་པ་ཡིན་ལ།  གསུམ་པ་དང་བཞི་བ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ།  ཞེས་པའི་ལུང་དོན་རྟོག་པ་བཞི་བོ་སྦྱོར་ལམ་གྱི་ངོ་བོར་ལྡན་པའི་དོན་དུ་བཀྲལ་ན་ཆོག་པས་ཀྱོག་བཤད་ལ་དགོས་པ་མེད་སྙམ།    དེ་ལྟ་ན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གྲུབ་མཐའ་མཛོད་དུ།  འོ་ན་རྣམ་རྟོག་བཞི་བོ་ལྡན་བརྟེན་པ་ཞེས་པས་རྟོག་པ་མ་ཡིན་ནམ་ཞེ་ན།   རྣམ་རྟོག་ལྡན་པས་རྟོག་པར་འགྲོ་ན་ཞྭ་ཅན་ཞྭར་འགྱུར་ཏེ་ཞྭ་ལྡན་པའི་ཕྱིར།    ཞེས་སྦྱོར་ལམ་དང་རྟོག་པ་ངོ་བོ་གཅིག་མ་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན།  མི་འགལ་ཏེ།   དེ་ནི་ཆོས་དང་གང་ཟག་ཡོད་པར་རྟོག་པའི་སྒྲུབ་རྟོག་གི་དབང་དུ་བྱས་ཏེ་སྒྲུབ་རྟོག་དེ་ཉིད་མཉམ་བཞག་ལ་སྤང་བྱར་ལྡན་པ་ཙམ་གྱིས་མཉམ་བཞག་དེ་ཉིད་སྒྲུབ་རྟོག་ཏུ་འགྱུར་ན་ཞྭ་ཅན་ཞྭ་འགྱུར་བར་ཐལ། ཞྭ་ལྡན་པའི་ཕྱིར་ཞེས་གསུངས་བ་ཡིན་པ་ཤེས་པར་བྱོས་ཤིག །   ༑ རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་དགུ་པ་ཚོགས་སྒྲུབ་ཀྱི་ས་དགུ་འདས་ནས་ཡེ་ཤེས་ནི་ཞེས་པའི་སྐབས་དོན་ལ་དཔྱད་པ།   མདོ་ལས་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤངས་པ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ནོ་ཞེས་གསུངས་པའི་བཟོད་པ་ཉིད།   འཕགས་པ་རྣམ་གྲོལ་སྡེས་བཟོད་པ་དེ་ཡང་གང་ཞེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།   ཞེས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་ངོས་འཛིན་གནང་བ་འདི་ས་སྐྱའི་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་ཉན་རང་གི་སྤངས་རྟོགས་གཉིས་ཀ་ས་དང་པོར་རྫོགས་པའི་ཤེས་བྱེད་དུ་བཀོད།  དེའི་དོན་མཁས་དབང་བོད་སྤྲུལ་རིན་པོ་ཆེ་ནས་ཐེག་ཆེན་གྱི་བཟོད་པའི་བྱེད་པར་གཞན་ཉན་རང་གི་མཐོང་ལམ་གྱི་བྱེད་པའམ་སྤངས་རྟོགས་མ་ལུས་པ་འདུས་པའི་དོན་ཡིན་ཞེས་གསུངས་བ་ལ་དོགས་པ་འདི་ལྟར་ཤར་ཏེ།  ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་སྐབས་ཉན་རང་གི་མཐོང་ལམ་གྱི་སྤངས་རྟོགས་མ་ལུས་པ་ཡོངས་སུ་འདུས་པའམ་རྫོགས་པའི་དོན་ཡིན་ན།   ཉན་ཐོས་ཀྱི་མཐོང་ལམ་པ་ནི་རྒྱུན་ཞུགས་ཞུགས་པ་དང་ཆགས་བྲལ་སྔོན་འགྲོའི་ཕྱིར་འོང་ཕྱིར་མི་འོང་ཞུགས་པ་དག་ཡིན་པས།   མདོ་ལས་དེ་དག་གི་མཚན་ནས་སྨྲོས་པ་ལས་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཞེས་འབྲས་གནས་སྔ་མ་གསུམ་དང་དགྲ་བཅོས་ཞུགས་འབྲས་དང་རང་སངས་རྒྱས་རྣམས་མཐོང་ལམ་པ་མིན་པའི་ཕྱིར་ན་དེ་དག་གི་མཚན་ནས་སྨྲོས་མི་རིགས་སྙམ་པ་ལས་དགོངས་དོན་ཇི་བཞིན་མ་རྟོགས།  དེས་ན་ལུང་དེའི་དོན་ཉན་རང་གིས་ཇི་ཙམ་སྤངས་པའི་རིགས་དང་ཇི་ཙམ་རྟོགས་པའི་རིགས་མཐའ་དག་ཐེག་ཆེན་མཐོང་ལམ་དུ་འདུས་པའི་དོན་དུ་བཀྲལ་བ་ལྟར་བྱས་ན་བདེ་སྙམ་མོ།    །      ༑ སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་སྐབས།    ཉིར་སྣང་ལས།   ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་པ་ཞིག་མེད་ཅེ་ན། ཉན་ཐོས་དང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བས་བལྟས་ནས་འདའ་འོ་ཞེས་གསུངས་པས་ན།   འདི་ནི་གཞན་གཙོོ་བོར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ།   ཞེས་གསུངས་ཤིང་།    དེ་བཞིན་དུ་རྒྱན་སྣང་དང་དོན་གསལ་གཉིས་ལས་དེ་དང་མཐུན་པར་གསུངས་པའི་དོན།   ཀུན་མཁྱེན་གོ་རམས་པས་ཐེག་ཆེན་ས་དང་པོར་ཉན་རང་གི་སྤངས་རྟོགས་རྫོགས་ཟིན་པར་འདོད་པའི་རང་ལུགས་དང་བསྟུན་ཏེ་ཐེག་ཆེན་སྒོམ་ལམ་སྐབས།   ཉན་རང་གི་རྟོགས་རིགས་གང་ཟག་གི་བདག་མེད་དང་བདག་མེད་ཕྱེད་གཉིས་མི་སྒོམ་པར་གསུངས་པ་ལ་ཅུང་ཞིག་དཔྱད་ན།   ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པས་ན་བདག་མེད་ཕྱེད་གཉིས་དོར་ཏེ་ལྷག་མ་འཛིན་པ་རང་བཞིན་མེད་པ་རྐྱང་པ་སྒོམ་མི་རུང་སྟེ།   ཚིག་གསལ་ལས།   འདིར་ཡུམ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ནི་རང་བཞིན་ལ་གསུམ་དུ་ཕྱེ་བ་མ་ཡིན་ཏེ།  དབྱེ་བར་མི་ནུས་པའི་ཕྱིར་རོ།   ཞེས་སོགས་གསུངས་པ་བཞིིན་ནོ།   འགའ་ཞིག་གིས་ཆོས་རྗེ་དཔལ་སྤྲུལ་དང་འཇམ་མགོན་མི་ཕམ་སོགས་རང་ལུགས་ཀྱི་མཁས་པའི་དགོངས་པ་ཡང་ཀུན་མཁྱེན་གོ་རམས་པའི་ལུགས་དང་མཐུན་པར་འདོད་པ་ནི་ཅུང་ཞིག་མི་འཐད་པར་སེམས་ཏེ།   རང་ལུགས་ལ་མ་དག་ས་བདུན་སྐབས་གང་ཟག་གི་བདག་མེད་སྒོམ་དགོས་ཏེ།   ཉོན་སྒྲིབ་སྤང་དུ་ཡོད་པ་གང་ཞིག་དེའི་གཉེན་པོ་གང་ཟག་གི་བདག་མེད་སྒོམ་པ་ལས་གཞན་མེད་པ་ལུང་རིགས་ཀྱིས་གྲུབ་པའི་ཕྱིར།   གཞན་ཡང་ཉན་རང་གིས་བདག་མེད་མངོན་སུམ་དུ་རྟོགས་པ་དེ་ཉིད་ཡུན་རིང་དུ་སྒོམ་ཟིན་ལ།   ཐེག་ཆེན་མཐོང་ལམ་པས་མངོན་སུམ་དུ་རྟོགས་པ་ཙམ་ལས་གོམས་མེད་པའི་ཕྱིར་ན་ཐེག་ཆེན་སྒོམ་ལམ་སྐབས་ཉན་རང་གི་རྟོགས་རིགས་ངེས་པར་དུ་སྒོམ་དགོས་པ་ཡིན་ནོ།   རང་ལུགས་ལ་མདོ་ལས་ཉན་རང་གི་ལམ་ཤེས་ཞེས་གསུངས་པ་ནི།   མཐོང་ལམ་དུ་ཉན་རང་རང་རྒྱུད་པའི་ལམ་སྐྱེ་མེད་དུ་ཤེས་པ་དང་།   ལམ་སྒོམ་ཞེས་གསུངས་པ་ནི་ཐེག་ཆེན་སྦྱོར་ལམ་གྱི་སྐབས་ཉན་རང་གི་རྟོགས་རིགས་སྒོམ་པ་དང་།   ལམ་ལས་འདའ་ཞེས་གསུངས་པ་ནི་སྐབས་གསུམ་པའི་ཤུགས་བསྟན་ཉན་རང་རང་རྒྱུད་པའི་ལམ་མི་སྒོམ་ཞེས་པའི་དོན་དང་དེའི་གནད་ཀྱིས་ཐམས་ཅད་ཤེས་པར་སྒོམ་ལམ་མ་བསྟན་པ་སྟེ།   དེ་ཡང་ཤེས་པར་བྱ་བའི་ལམ་དེ་ལས་འདའ་པར་གསུངས་པ་གང་ཞིག་སྐྱེ་མེད་དུ་ཤེས་པར་བྱ་བའི་ལམ་ནི་ཉན་རང་རང་རྒྱུད་པའི་ལམ་ཡིན་པའི་ཕྱིར་ན་གང་ལས་འདའ་བར་བྱ་བའི་ལམ་ཡང་ཉན་རང་རང་རྒྱུད་པའི་ལམ་ཡིན་པར་གྲུབ་བོ།   དེ་ལྟར་ཡང་དོན་གསལ་ལས།  ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་པས་སྒོམ་པའི་ལམ་ནི་མ་བསྟན་ཏོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ།   །

 

སྨྲས་པ།

འདིས་མཚོན་རྣམ་པར་དཀའ་པའི་ལེགས་བྱས་རྒྱུན།  །འཁོར་གསུམ་མཚན་མ་དབེན་པའི་ཡོངས་སྔོ་དང་།    །འགྲོགས་ཏེ་ཞི་བ་ཆོས་སྐུའི་ཀླུང་ཆེན་པོར།   །མི་ཟད་གཏན་དུ་འཁྱིལ་པའི་བཀྲ་ཤིས་ཤོག   །བདག་ནི་འདི་ནས་སྐྱེ་དང་སྐྱེ་བ་ཀུན།   །རྣམ་གསུམ་ངུར་སྨིག་གོས་ཀྱིས་ལུས་བརྒྱན་ཞིང་།   །བསླབ་གསུམ་མངོན་པར་རྟོགས་པས་རྒྱུད་ཕྱུག་སྟེ།   །སྡེ་གསུམ་ལུང་དོན་སྨྲ་བའི་ངག་འགྲུབ་ཤོག   །དགེ་མཚན་ཆ་རྫོགས་རྒྱལ་བསྟན་རི་བོང་འཛིན།   །ཕྱོགས་མེད་སྐྱེ་རྒུའི་བླ་ན་རྟག་འཆར་ཏེ།  །འཛད་དུ་མེད་པ་ཕན་བདེའི་བསིལ་ཟེར་གྱིས།   །བདེ་སྐྱིད་ཀུ་མུད་དཀར་པོ་འཛུམ་གྱུར་ཅིག   །ཅེས་པ་འདི་ནི་ལྔ་རིག་སྨྲ་བའི་དབང་པོ་སྐྱབས་རྗེ་བླ་མ་༧མཁན་ཆེན་པདྨ་ཚེ་དབང་གིས་གསུང་ལས་སྐྱེས་པའི་སློབ་བུ་ཨོ་རྒྱན་རིག་འཛིན་དུ་འབོད་པས་ཕྱི་ལོ་ཉིས་སྟོང་བཞི་སྟེ་བོད་ཤིང་སྤྲེལ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ཉིན་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་མཇུག་གྲུབ་པར་བགྱིས་པའོ།      །།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།