སློབ་བུ་ཀི་ལོ་ལ་བཀའ་བཀྱོན་ཕབ་པ།

12711664191633_.pic.jpg

མ་ཉལ་ལོངས་ལ་ཕྱོགས་སུ་ལྟོས། །ཉལ་ན་སྐྱིད་ཀྱི་རྒྱ་མཚོར་ལྟུང་། །གཉིད་མཚོར་ལྷུང་ན་འཇིགས་པ་ཆེ། །ཤེས་རབ་འགྲིབ་ཅིང་བརྗེད་ངེས་སྐྱེད། །ཕྱོགས་སུ་ལྟོས་དང་ཉམས་དགའ་ཡོད། །མི་ཡུལ་མི་དགའ་ཅི་ཞིག་དགའ། །དགའ་ན་ཤེས་པ་ཕྱིར་ལ་འགྲོ། །འཕྲོ་ན་གཉིད་ཀྱིས་སྡུད་མི་འགྱུར། །གར་གྱི་ལྟད་མོར་འདུས་པ་དང་། །བཞད་གད་ཤགས་ལ་ཉན་པ་དང་། །སྟོབས་འགྱེད་རྒྱན་པོ་ལྟ་བ་ཡང་། །གཉིད་ཀྱིས་ཁྱེར་བ་གཅིག་མ་མཐོང་། །འདི་ན་ཐང་ཤིང་གར་བྱེད་ཅིང་། །ཁུ་བྱུག་འཇོལ་མོ་ཤགས་ཀྱིས་རྩེ། །ཕུག་རོན་སྟོབས་འགྱེད་འཕུལ་ཐོ་རྡེག །ཁུག་རྟ་མཁར་ལས་བྱ་བས་བྲེལ། །བུང་བ་གླུ་ལེན་མེ་ཏོག་དགོད། །འདི་ལྟར་རྣམ་པ་སྣ་ཚོགས་པའི། །ལྟད་མོའི་འདུན་ས་ཆེར་འདུག་ནས། །ཉིན་གཉིད་ལོག་པར་ཇི་ལྟར་འཐད། །ནམ་མཁའ་སྨུག་གིས་ར་རོ་བའང་། །ཉི་འོད་བདུད་རྩི་རེག་པས་སངས། །མེ་ཏོག་གཉིད་ཀྱིས་མིག་ཟུམ་པ། །ཉིན་མོའི་དུས་སྟོན་གསར་བས་སད། །བྱིའུ་ཚང་མལ་གཉིད་ལོག་རྣམས། །ཕྱིར་བྱུང་ཅ་ཅོ་སྒྲོགས་ཤིང་རྒྱུ། །འདི་འདྲའི་དབུས་ན་ཁྱོད་གཅིག་པུ། །ཉིན་གཉིད་ཤོར་བ་ལས་མཐུ་ཆེ། །སྐྱེ་དགུ་གཉིད་ལས་སློང་དོན་དུ། །གནམ་ལ་ཉི་མ་འདི་ལྟར་ཤར། །ཉི་མ་མགོ་ལ་ཤར་བཞིན་དུ། །གཉིད་ལོག་ཉི་མས་ཅི་ཞིག་བྱ། །སྤྱི་མཐུན་མིག་གི་བསོད་ནམས་ལས། །འཛམ་གླིང་འདི་ལྟར་བཀྲ་བར་སྤྲུལ། །དུས་ཀུན་མིག་བཙུམ་གཉིད་ལོག་ན། །འཛམ་གླིང་བཀྲ་བ་དོན་མེད་ཡིན། །བྱོལ་སོང་ཁྭ་ཏས་གསལ་ཉམས་སྟོན། །རྩེ་གར་འཁྲབ་ཅིང་གཏམ་དག་གཏོང་། །ཁྱོད་འདྲའི་མི་ཡིས་རྨོངས་ཉམས་སྟོན། །ཉིན་མཚན་གཉིད་ཀྱིས་མུན་པར་ཞུགས། །འབུ་སྦྲང་རྣམས་ལའང་དོན་ཅིག་ཡོད། །རང་འཚོ་བསྒྲུབ་ཕྱིར་སྤྱོད་ཡུལ་རྒྱུ། །ཁྱོད་ཀྱིས་བྱ་བ་ཀུན་བཅག་ནས། །ཉིན་གཉིད་ལོག་ཕྱིར་མདོ་ཤོར་ཡིན། །ད་རེས་མངོན་མཐོ་མི་ལུས་ཐོབ། །མཁས་པའི་གྲལ་འདབས་ལན་མང་ཉུལ། །དུད་འགྲོའི་སྤྱོད་ལས་འཕགས་རྒྱུ་ལ། །མཉམ་པའང་མ་བྱུང་མཚང་རེ་ཆེ། །ཨ་ཅང་དེ་ཙམ་ཀུ་རེ་ཡིན། །ཁྱོད་དང་དུད་འགྲོ་འདྲ་དོགས་མེད། །བློ་གསལ་སྨྲ་ཤེས་དོན་གོ་ཁྱོད། །རང་ཉིད་སུ་ཡིན་མནོ་བསམ་ཐོངས། །ང་རྒྱལ་སྐྱེད་ལ་མགོ་འཕང་སྟོད། །རང་ཚུལ་འཚོས་ལ་རང་སྤྱོད་སྐྱོངས། །རང་མགོ་གཉིད་ཀྱི་རྡོ་ལེབ་འོག །མི་འཆོར་ངེས་པའི་སེམས་སྟོབས་སྐྱེད། །འཇིགས་མེད་དུང་ཐོད་ཅན་གྱིས་བུ་ཀི་ལོ་ལ་བཀའ་བཀྱོན་ཕབ་པའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།