༄༅། །རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེའི་གསུང་ཐོར་བུ།

WechatIMG288.jpeg


༄༅། །བླ་མ་བརྒྱུད་པའི་རིམ་པ་ལ་གསོལ་བ་འདེབས་པ་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།

ཨེ་མ་ཧོ། །སངས་རྒྱས་སྐུ་གསུམ་རྒྱལ་བ་དགོངས་བརྡའི་བརྒྱུད། །སྨོན་ལམ་གཏད་རྒྱས་བདུད་རྩིའི་འཇིང་ཐབ་རྒྱུན། །ཁྱད་མེད་བཀའ་གཏེར་དག་སྣང་རྩ་བ་གསུམ། །བསྐྱེད་རྫོགས་བསྒྲུབ་པའི་མདོ་སྔགས་མཁན་པོ་དང་། །རྣལ་འབྱོར་བླ་མ་དམ་པ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡེ་ཤེས་པ། །དམ་ཚིག་སེལ་མེད་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བ་ཞི་ཁྲོ་ཕྱི་ནང་གསང་གསུམ་གྱི། །བསྐྱེད་རྫོགས་བསྒོམས་བཟླས་བསྒྲུབ་པའི་རྣལ་འབྱོར་པ། །ཚེ་དབང་ཕྱག་རྒྱ་རྣམ་སྨིན་ལྷུན་གྱིས་གྲུབ། །དྲི་མེད་བཤེས་གཉེན་སྙིགས་དུས་མི་གཟུགས་སྤྲུལ། །ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་དང་། །པདྨ་རིག་འཛིན་ཀུན་མཁྱེན་འཇིགས་མེད་གླིང་། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་སོགས་ལ། །གདུལ་བྱའི་ཆུ་སྣོད་ནམ་མཁའི་གཟུགས་བརྙན་བཞིན། །གང་འདུལ་མོས་ངོར་སྟོན་ལ་གསོལ་བ་འདེབས། །ཕྱི་སྣོད་འབྱུང་ལྔ་ལྷུན་གྲུབ་དཔལ་དང་ལྡན། །ཡུམ་ཆེན་ལྔ་ཡི་བྱིན་རླབས་ལེགས་ཞུགས་པས། །བོད་ཡུལ་དབུས་གཙང་རུ་བཞིའི་གནས་བྱིན་ཆེན། །བཤད་སྒྲུབ་དགེ་འདུན་འདུས་པའི་སྡེ་རྣམས་དང་། །གནས་ཡུལ་བྱིན་ཆེན་དཔའ་བོ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་འདིའི། །སྟེང་ན་སྐུ་གསུམ་རྩ་གསུམ་དཀྱིལ་འཁོར་གསལ། །བར་ན་ཡི་དམ་ཞི་ཁྲོའི་མཎྜལ་ལམ། །དྲང་སྲོང་རྒྱལ་མཚན་ཕྱི་ཚུལ་སྐུ་ལ་འཆང་། །ཐོས་བསམ་བསྒོམ་གསུམ་འཆད་རྩོད་རྩོམ་གསུམ་དང་། །མཁས་བཙུན་བཟང་གསུམ་འཛོམ་པའི་བྱང་ཆུབ་སེམས། །དགེ་བའི་བཤེས་གཉེན་འགྲོ་དོན་མཛད་པ་དང་། །བསོད་ནམས་ཚོགས་གཉིས་བསགས་པའི་སྐུ་གསུང་ཐུགས། །རྟེན་གསུམ་རབ་གནས་བྱིན་རླབས་ཁྱད་འཕགས་ཅན། །སྒྱུ་ལུས་གདོས་བཅས་ལུས་མེད་རྒྱལ་བསྟན་བསྲུང་། །རིམ་གཉིས་བསྒོམ་པའི་བརྡ་མཚོན་དངོས་མེད་དང་། །དངོས་སྣང་ཚོགས་ཞིང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །ཚེ་འདིར་འགལ་རྐྱེན་ཟུག་རྔུས་འཚེ་བ་དང་། །འཇིགས་བརྒྱད་ཤི་འདྲེའི་ཆོ་འཕྲུལ་དངོས་མེད་རྩུབ། །ཀུན་ཞི་དགེ་བ་བཅུ་དང་ཆོས་སྤྱོད་བཅུ། །དཔལ་དང་ཡོན་ཏན་གོང་ནས་གོང་འཕེལ་ཤོག །ནམ་མཁའ་ཆོས་དབྱིངས་དད་འདུན་མི་ལྡོག་ཙམ། །ཨོ་རྒྱན་ཆེ་མཆོག་དེ་ཡི་སྨྲས་པ་དགེ། །མངྒ་ལཾ། །

༄༅། །འབྱུང་བཞིའི་ཉེར་འཚེ་ཞི་བའི་གསོལ་འདེབས་བཞུགས་སོ།།

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གྱི། །དཔལ་ཡོན་གཅིག་བསྡུས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་ཀུན་སོལ་ཅིག །འབྱུང་བ་བཞི་ཡི་ཉེར་འཚེ་ཞི་བར་མཛོད། །ས་བདག་འཁྲུགས་པའི་ཕྱི་སྣོད་གཡོ་འགུལ་བཟློག །རྒྱལ་བསྟན་ཉམས་རྒུད་མེད་པར་བདེ་ལེགས་ཤོག །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག །མདོ་སྔགས་ཉི་ཟླ་ཟུང་འབྲེལ་འཆར་བར་ཤོག །བདེ་ཆེན་ཞིང་ཁམས་གཡུ་ལོ་བཀོད་ལེགས་ན། །རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །ཁྱེད་ལ་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱི་སྣོད་འབྱུང་བཞིའི་ཉེར་འཚེ་ཞི་བར་མཛོད། །ས་བདག་འཁྲུགས་པའི་གཡོ་འགུལ་མེད་པར་ཤོག །རང་སྣང་བདག་པའི་གནས་ཡུལ་བྱིན་ཅན་ན། །རྩ་གསུམ་དཔའ་བོ་མཁའ་འགྲོ་གྲངས་མེད་བཞུགས། །སྤྲུལ་པའི་གཏེར་སྟོན་བརྒྱ་རྩའི་རྣལ་འབྱོར་མཆོག །གསོལ་བ་འདེབས་སོ་འབྱུང་བཞིའི་ཉེར་འཚེ་བཟློག །ས་བདག་འཁྲུགས་པའི་གཡོ་འགུལ་མེད་པར་ཤོག །ཁམས་སྟོད་སྲིན་མོ་རྫོང་གི་གཞལ་ཡས་ནས། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ལ། །གསོལ་བ་འདེབས་སོ་འབྱུང་བཞིའི་ཉེར་འཚེ་བཟློག །ས་བདག་འཁྲུགས་པའི་གཡོ་འགུལ་ཞི་བར་མཛོད། །ཡེ་ཤེས་ལྔ་ལྡན་ལས་བཞི་ལྷུན་གྱིས་གྲུབ། །ཡི་དམ་ཞི་ཁྲོ་བསྟན་སྲུང་དམ་ཅན་ཚོགས། །ནུས་སྟོབས་གློག་ལྟར་འཁྱུགས་པའི་རྫུ་འཕྲུལ་ཅན། །ཕྱི་སྣོད་འབྱུང་བཞིའི་ཉེར་འཚེ་བཟློག་ཏུ་གསོལ། །ས་བདག་འཁྲུགས་པའི་གཡོ་འགུལ་མེད་པར་ཤོག །སློབ་དཔོན་པདྨ་སྐུ་གཅིག་མཚན་བརྒྱད་སྤྲུལ། །ལས་ལྡན་རྗེ་འབངས་ཉེར་ལྔའི་འཁོར་གྱིས་བསྐོར། །དཔལ་རི་བདེ་བ་ཆེན་པོའི་ཞིང་ན་བཞུགས། །བདག་སོགས་རྣམས་ཀྱི་སྙིང་ནས་གསོལ་བ་འདེབས། །འབྱུང་བཞིའི་ཉེར་འཚེ་ཞི་བར་མཛོད། །ས་བདག་འཁྲུགས་པའི་གཡོ་འགུལ་མེད་པར་ཤོག །རྒྱལ་བ་མཆོག་རྣམས་ཐུགས་བསྐྱེད་སྤྲུལ་པའི་མཐུས། །ལས་ངན་སྐྱེ་འགྲོའི་འཇིགས་བརྒྱད་ཞི་བར་ཤོག །སྲིད་པའི་བདེ་དཔལ་ཕྱྭ་གཡང་དགེ་བ་བཅུ། །གོང་ནས་གོང་འཕེལ་ཁྱད་པར་ཐེག་ཆེན་གྱི། །ཨ་ཏིའི་སྒྲུབ་བརྒྱུད་དབྱར་མཚོ་ལྟར་རྒྱས་ཤོག །ཅེས་འབྲུག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་སྨད་ལ་ས་གཡོས་ཅུང་ཟད་འོང་འདུག་ཅེས་དགོན་སྡེ་ཕལ་ཆེར་སྐྲགས་པ་ལས། །དེ་ཉིད་ཞི་བའི་ཆེད་དུ་གསོལ་འདེབས་སྨོན་ཚིག་འདི་རྫོགས་སྤྲུལ་བཞི་བས་སོ། །དགེའོ། །དགེའོ།


༄༅། །དུས་ཀྱི་འཁྲུགས་རྩོད་ཞི་བའི་གསོལ་འདེབས།།


དུས་ངན་སྙིགས་མའི་འཇིགས་བརྒྱད་སྐྱོབ་པའི་ལྷ། །སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱན་རས་གཟིགས། །མདོ་སྔགས་སྟོན་པ་སྐྱེས་མཆོག་རིན་པོ་ཆེར། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཁྱེན། །ཚེས་བཅུ་ཉེར་ལྔ་ཚོགས་འཁོར་གསོལ་བ་ཐོབ། །དུས་ཀྱི་ཡོ་ལངས་འཁྲུག་རྩོད་ཞི་བར་ཤོག །རང་རིག་ངོས་བཟུང་བྲལ་བ་སྟོང་པའི་ངང་། །བཟང་ངན་འཇམ་རྩུབ་རྣམ་རྟོག་རང་གྲོལ་ཤོག །ཐམས་ཅད་བདེ་ཆེན་ཞིང་དུ་འདྲེན་པར་ཤོག །སྡོམ་གསུམ་དཔལ་ཡོན་གོང་ནས་གོང་དུ་འཕེལ། །ཉམས་ཆགས་ཉེས་ལྟུང་སྟོང་པའི་ངང་དུ་བཤགས། །བདེ་གཤེགས་སྙིང་པོའི་ཁྱབ་པའི་འགྲོ་བ་རྣམས། །རང་ངོ་ཤེས་པའི་རང་གྲོལ་རྣལ་འབྱོར་ཤོག །ཐ་མལ་སྐྱེ་བོའི་སེམས་ངོར་ནང་སྨིན་ཞིང་། །ཕྱི་ཚུལ་དགྲ་འདུལ་གཉེན་སྐྱོང་སྤྱོད་ལམ་རྣམས། །བསྟན་འགྲོའི་དོན་ལ་ཕན་པའི་སྟོབས་རྒྱས་ཤིང་། །དུག་ལྔ་དཔེར་ན་སྲ་མཁྲེགས་ལྕགས་ཀྱི་ཁམས། །གསེར་འགྱུར་ཐེབས་བཞིན་ཡེ་ཤེས་ལྔ་ལྡན་དང་། །མ་དག་དག་པ་སེམས་ཅན་ཐམས་ཅད་ཀུན། །བདེ་ཆེན་ཞིང་དུ་འདྲེན་པའི་སྨོན་ལམ་འདེབས། །བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་རྣམས། །ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །དཔེར་ན་དབྱར་དུས་དངོས་གྲུབ་ཆར་པ་ཡིས། །མེ་ཏོག་སྨིན་བཞིན་སྣོད་བཅུད་བཀྲག་མདངས་རྒྱས། །རྒུད་པ་ཐམས་ཅད་གསོས་ཏེ་བདེ་སྐྱིད་ཤོག །ཅེས་ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

༄༅། །རྒྱལ་གདོན་བཟློག་ཐབས་དག་སྣང་མ་བཞུགས་སོ།།


སྐད་ཅིག་རིག་པ་མ་བཅོས་གཞི་ཀ་དག །རྩལ་སྣང་མ་འགགས་དྭངས་ཤེལ་འཇའ་ཚོན་བཞིན། །ཡེ་ཤེས་རང་སྣང་རོལ་པ་དངོས་མེད་ལྷ། །གུ་རུ་ཞི་བ་དཀར་པོ་ཟླ་ཤེལ་འདྲ། །སྐུ་མདོག་ཕྱག་མཚན་ཆ་ལུགས་ཡོངས་སུ་རྫོགས། །རྒྱས་བའི་ལྷ་ནི་འཛམ་བུའི་ཆུ་གསེར་མདོག །ཉི་མའི་འོད་ཟེར་འབར་བས་འཁྲུལ་མུན་སེལ། །འགྲོ་རྣམས་ཐར་ལམ་བདེར་བཀོད་འདྲེན་པར་མཛད། །ཁྲོ་འཛུམ་ཡེ་ཤེས་སྤྱན་གྱིས་འཁོར་འདས་གཟིགས། །སྟོབས་ལྡན་ཁ་ཊྭཱཾ་ཉི་ཟེར་ཕྱག་མཚན་བསྣམས། །བདུད་འདུལ་དཔའ་བོ་ཧེ་རུ་ཀ་ཡི་ཆས། །དབང་ལྷ་དམར་པོ་སོར་རྟོག་ཡེ་ཤེས་ཀྱི། །མདངས་ལྡན་པདྨ་རཱ་གའི་ལྷུན་པོ་ལ། །ཉི་ཟེར་འཁྱུད་བཞིན་བཀྲག་སྣུམ་ལམ་མེ་བ། །ཁྲོ་འཛུམ་གཟི་བརྗིད་ངོམ་པས་སྣང་སྲིད་རྣམས། །ཟིལ་གནོན་འཁོར་ལོའི་བསྒྱུར་བའི་ཆ་ལུགས་ཅན། །དྷ་རུ་ལྕགས་སྒྲོག་བསྣམས་པས་དབང་སྡུད་ཅིང་། །སྐྱེ་འགྲོ་འཆིང་ཚུལ་མདུན་དུ་ཀྲོང་ངེ་གཟིགས། །ཐར་ལམ་བདེ་ལ་བཀོད་པའི་དོན་མཛད་ཕྱིར། །གཟུང་འཛིན་མདུད་དཀྲོལ་རིག་པའི་རང་ངོ་སྤྲད། །སྐུ་གསུམ་བརྡ་མཚོན་དངུལ་དཀར་མེ་ལོང་བསྟན། །སེང་གེ་སྒྲ་སྒྲོག་ཨིནྡྲ་ནཱི་ལའི་མདོག །དཔའ་བོ་བགེགས་འདུལ་ཆས་རྣམས་ཡོངས་རྫོགས་ཤིང་། །རྣ་ལྟག་གཡས་ན་སེང་གེའི་དབུ་ངོམས་ཤིང་། །ང་རོ་ལྡིར་བས་མུ་སྟེགས་ཝ་ཞུམ་འདྲ། །ཕྱག་གཡས་སྡིགས་འཛུབ་ནམ་མཁར་གདེངས་པའི་ཚུལ། །བྱ་ཁྱུང་ཁྲ་ཐབས་སྤྲུལ་པ་བཀྱེ་བ་ཡིས། །ཀླུ་གདོན་འདུལ་ཞིང་ཤ་ཁྲག་ཞལ་དུ་གསོལ། །ཤཱཀྱ་སེང་གེ་གསེར་མདོག་མཚན་བཟང་པོ། །སུམ་ཅུ་རྩ་གཉིས་དཔེ་བྱད་བརྒྱད་ཅུ་ངོམ། །སྐུ་དབུས་རྩ་བཟང་གཙུག་ཏོར་རྩེ་མོ་མཐོ། །ཡེ་ཤེས་རླུང་ཞོན་མཁའ་ལ་བྱ་ལྟར་འཕུར། །སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། །རྒྱལ་ཀུན་མཁྱེན་བརྩེའི་བྱིན་རླབས་ནུས་སྟོབས་ཐིམ། །འགྲོ་བའི་དུག་ལྔའི་ནད་རྣམས་འཇོམས་མཛད་པའི། །ཡེ་ཤེས་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས། །རིན་ཆེན་བཻཌཱུརྱ་ལས་གྲུབ་པའི་ཚུལ། །ཕྱག་གཡས་ས་གནོན་ས་འགུལ་འཇིགས་སྐྱོབས་མཛད། །བློ་ལྡན་མཆོག་སྲེད་འཇམ་དཔལ་དབྱངས་ཀྱིས་འཕྲུལ། །གུར་གུམ་མེ་ཏོག་མདངས་ལྡན་ཞི་འཛུམ་མཛེས། །དེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆས། །ཐབས་ཤེས་བརྡ་མཚོན་ཌ་མ་རུ་འཁྲོལ་བས། །ཆོས་ཀྱི་སྒྲ་བརྒྱ་འུར་བས་འགྲོ་སེམས་རྨོངས། །གཏི་མུག་གཉིད་ལས་སད་པའི་འདྲེན་མཆོག་ལྷ། །རྡོ་རྗེ་གྲོ་ལོད་དམར་སྨུག་རྔམས་གཏུམ་ཁྲོའི། །དབང་དྲག་གཉིས་འཛོམས་ལྟོབས་ལྡན་དཔའ་བོའི་ཆས། །མདོ་སྔགས་ཟུང་འཇུག་བརྡ་སྟོན་ན་བཟའ་གསོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གསོལ། །བདུད་བགེགས་ཡུལ་རྣམས་ཡམ་ཡམ་ཤིག་ཤིག་འདར། །གཡུལ་ངོའི་མཚོན་ཆ་ཆག་འཐོར་དཔའ་སྟོབས་ཞུམ། །ཞབས་གཉིས་རྒྱ་ལྷམ་སྟག་ཆེན་ངར་མའི་སྟེང་། །གོམ་སྐབས་གསུམ་གྱིས་ས་གསུམ་ནོན་པར་མཛད། །ཕྱག་གཡོན་གནམ་ལྕགས་སྡིག་པ་ཁྲུ་གང་པ། །མགོ་དགུ་མིག་རྣམས་ཁྲ་ཅེམ་ར་རྣམས་གཟེང་། །རྒྱལ་འགོང་བགེགས་ཀྱི་བླ་རྟེན་དེར་འདུས་ཐིམ། །འདྲེ་འཇིགས་གུ་གུལ་དུད་པའི་དྲི་འཐུལ་ཞིང་། །དེ་ལས་སྤྲུལ་པ་སྐར་མདའ་ཆད་པ་ལྟར། །དུང་སྡིག་དཀར་པོ་གསེར་སྡིག་སེར་པོ་དང་། །ཟངས་སྡིག་དམར་པོ་གཡུ་སྡིག་ལྗང་ཁུ་རྣམས། །ཐོར་ཐོར་བྱ་འཕུར་བཞིན་དུ་ཐོགས་པ་མེད། །རྒྱལ་འགོང་བགེགས་ཀྱི་སྙིང་ལ་ཐུལ་གྱིས་ཟུགས། །སྙིང་ཁྲག་འཐུང་ཞིང་རྣམ་ཤེས་བདེ་ཆེན་སྤོར། །གང་དེ་སྲིན་པོའི་རྒྱལ་པོའི་སྐུ་རུ་གྱུར། །སྟོབས་དང་ནུས་པ་གཟི་བརྗིད་མེ་ལྟར་འབར། །འགལ་རྐྱེན་འཇིགས་བརྒྱད་ཤིང་ཚེར་བསྲེགས་པ་འདྲ། །བསྟན་འགྲོའི་བདེ་སྐྱིད་འཇོམས་པའི་ངན་སེམས་ཅན། །འདྲེ་བགེགས་མི་ཡི་ཁོག་ཏུ་ཞུགས་པ་ལ། །ཞི་དུལ་འཕགས་མཆོག་ཐུགས་ཆེན་སྤྱན་རས་གཟིགས། །སྐུ་གསུམ་རྒྱལ་བའི་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཇིགས་བརྒྱད་སྡུག་བསྔལ་ཞི་བའི་སྐྱབས་མགོན་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡིག་དྲུག་ཅི་ནུས་བཟླས་རྗེས་དགེ་བསྔོ་བྱ། ཞེས་དམག་འཁྲུག་ནད་ཡམས་རྒྱལ་འཁྱམས་ཤི་འདྲེས་འཚེ་བས་ཉེན་འཚེ། དེ་ཉིད་བཟློག་ཐབས་ཀྱི་ལས་ཚོགས་འདི། མདོ་ཁམས་རྫོགས་ཆེན་པདྨ་རིག་འཛིན་གྱི་སྐུ་ཕྲེང་བཞི་པའི་མིང་འཛིན་པ་དུས་མཐའི་བཙུན་པ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ་ལ་དག་སྣང་དུ་ཤར་བ་བྱིན་བརླབས་ཀྱི་ཚན་ཁ་ལྷག་པར་མྱུར་བས་ཉམས་སུ་ལོངས་ཤིག །སརྦ་དཱ་ཀྱ་ལྱཱ་ཎཾ་བྷ་ཝ་ཏུ།


༄༅། །གཡང་འགུགས་བཞུགས་སོ།།


ཧྲཱིཿ སྐུ་གསུམ་རྒྱལ་བས་གང་ལ་གང་འདུལ་ཞིང་། །འཕགས་པ་དྲི་མེད་དུང་མདོག་ཞི་བའི་ལྷ། །དབང་ཆེན་པདྨ་རཱ་གའི་གཟི་མདངས་ཅན། །འོད་ཟེར་སྟོང་གི་སྟོབས་དཔལ་ནུས་པ་ཡིས། །འཁོར་འདས་སྲིད་པའི་དཔལ་གཡང་འདིར་ཁུག་ཅིག །རྒྱལ་བ་རིན་ཆེན་མང་གི་འོད་ཟེར་སེར། །དཔལ་བསྐྱེད་བེེ་ལས་སྤྲུལ་པའི་གཡང་གི་ལྷ། །ནམ་མཁའ་དྭངས་མའི་གཟི་བྱིན་རབ་སྐྱེད་ཅིག །བསེ་རག་འགོང་པོའི་གཡུལ་ངོ་ལས་རྒྱལ་བའི། །རྒྱལ་མཚན་འཛིན་པའི་ལྷ་དེས་འདིར་དགོངས་ཤིག །རྒྱས་པའི་ལྷ་ནི་རྒྱལ་མཆོག་ཤཱཀྱ་ཐུབ། །རིན་ཆེན་འབྱུང་ལྡན་རྣམ་པར་རོལ་པའི་གར། །གསེར་མདོག་ཅན་གྱི་ལྷ་ནི་སྟོབས་དཔལ་ཆེ། །སྲིད་པའི་ཕྱཱ་གཡང་འདི་ན་ལེགས་བསྡུས་ཤིག །ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །དོན་ལ་སྤྱན་རས་གཟིགས་དང་དབྱེ་བ་མེད། །རྣམ་པ་ཟོ་དོར་འབྱུང་བཞིའི་ཁམས་ལ་གནས། །རི་དབང་རྒྱལ་པོ་གཉན་ཆེན་ཐང་ལྷ་གངས། །དབུས་གཙང་རུ་བཞིའི་དགྲ་ལྷ་ཆེན་པོ་ཡིས། །སྲིད་པའི་ཕྱྭ་གཡང་དཔལ་རྣམས་འདིར་བསྡུས་ཤིག །རྣམ་ཐོས་སྲས་དེ་བྱང་གི་ཕྱོགས་ལ་གནས། །ས་བརྒྱད་སེམས་དཔའ་སྡེ་བརྒྱད་ཚུལ་བསྟན་པ། །རྨ་ཆེན་སྤོམ་ར་མདོ་ཁམས་དགྲ་བླ་ཡིས། །སྲིད་པའི་ཕྱྭ་གཡང་ཐམས་ཅད་འདིར་བསྡུས་ཤིག །མདོ་སྔགས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །རྒྱལ་བའི་ཕྲིན་ལས་རྨད་བྱུང་མཛད་པ་རྒྱས། །རྒྱལ་བསྟན་རིན་ཆེན་གསེར་གྱི་རི་བོ་ལ། །འོད་ཟེར་འབུམ་ཕྲག་འཕྲོ་བའི་གཡང་ཁུ་ཅིག །རང་སེམས་མ་འཁྲུལ་དོན་གྱི་ཡེ་ཤེས་ལྷ། །སེམས་ཉིད་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང་། །འཁོར་འདས་ཀུན་ལ་དབང་བསྒྱུར་སྟོབས་དཔལ་ཆེ། །རིམ་གཉིས་འཁྲུལ་བ་མེད་པའི་རྩ་གསུམ་བསྒྲུབས། །དཔའ་བོ་བསྟན་སྲུང་ཕྱི་ནང་སྣོད་བཅུད་གནས། །བསམ་གཏན་ཆོས་གླིང་གནས་བདག་དཀོར་སྲུང་ལྷ། །རྣལ་འབྱོར་གང་ལ་འགོ་བའི་སྲུང་མ་རྣམས། །ནུས་པའི་སྟོབས་ཀྱིས་ཚེ་གཡང་དཔལ་སྐྱེད་ཅིག །མི་འགྱུར་ཚེ་དབང་རེ་སྐོང་ཙམ་དུ། །ཨོ་རྒྱན་ཆེ་མཆོག་དེས་སྨྲས་དགེ་གྱུར་ཅིག །སརྦ་མངྒ་ལཾ། །

མ་འོངས་ལུང་བསྟན་དངུལ་དཀར་མེ་ལོང་བཞུགས་སོ༔


རང་རིག་དངུལ་དཀར་མེ་ལོང་ཕྱེས་པ་འདྲ༔ ལུང་ཚིག་གཟུགས་བརྙན་གབ་སྦས་མེད་པར་འཆར༔ སྡེ་བཞིའི་ས་སྔོན་ཁྲ་མོའི་ཁང་བཟང་ནི༔ དེའི་བཅུད་དཔལ་གྱིས་དབང་བཅུའི་ཤེལ་བུམ་མཛེས༔ བསོད་ནམས་ཡེ་ཤེས་ཨ་མྲྀ་ཏ་ཡི་ཟང༔ ར་སྲས་དུས་ན་དགེ་མཛད་མཁའ་ལས་མཐོ༔ མ་འོངས་འབྱུང་འགྱུར་ས་སྔོན་ཁང་བཟང་དེ༔ ཕོ་བྲང་ཕྱོགས་བཞིའི་སྡེ་བཞིའི་རྨས་རྡོ་བཞི༔ མི་སྲིད་རླུང་གིས་བསྐྱོད་པས་ཤེལ་བུམ་ཆག༔ དབང་བཅུའི་དབང་ཕྱུག་སྟོབས་བཅུའི་ཚོགས་གཉིས་ཀྱིས༔ ཨ་མྲིར་ཏ་ཟག་རཀྟར་འགྱུར་ཉེན་ཡོད༔ དགེ་བཅུའི་གང་ཟག་མི་དགེ་ལྕགས་སྒྲོག་བསྡམ༔ ཕྱྭ་གཡང་དགེ་བཅུའི་དཔལ་འབྱོར་དེ་རུ་ཉམས༔ སྟོབས་ལྡན་དམ་སྲིས་དཀྲུགས་པའི་རཀྟ་འཕྱུར༔ ཤར་ཕྱོགས་ཙི་ནའི་རྒྱ་མཚོའི་རྦ་ཀླུང་ཁོལ༔ བསིལ་ལྡན་ལྗོངས་ཀྱི་ཡིད་བཞིན་དབང་གི་རྒྱལ༔ རུ་བཞི་གསེར་གྱི་སེང་གེ་སིག་སིག་འདར༔ ཚག་སྒྲས་གངས་རི་ཉིལ་བས་བོད་ཁམས་བཀང༔ འུར་སྒྲས་ཅང་ཤེས་བདུན་དང་སེང་གེ་དེ༔ ས་བུ་བྱི་ལོང་སྔོན་མོའི་ཡུལ་དེར་འགྲོགས༔ ས་སྐྱོང་ར་ཙ་རྣམས་ཀྱི་དབུ་ཀླད་ལ༔ དམུ་བདུད་བཙན་གསུམ་སྤྲུལ་བའི་ཤེལ་ཏོག་ཅན༔ མཉྫུའི་གདུགས་ཕུབ་བོད་ཁམས་ཀུན་དབང་བསྒྱུར༔ མང་ཐོས་གང་འབྲེལ་སྤྱིའུ་ཚུགས་ཞིང་དེར་འགྲོ༔ གནམ་གྱི་བུ་ཡི་གཟུགས་བརྙན་ངོམས་པའི་དུས༔ ར་ཙ་རྣམས་ཀྱིས་ཙིཏྟ་གཟིར་བཞིན་དུ༔ སྲིད་ནོར་དབང་གི་ཏོག་རྣམས་མཎྜལ་ཕུལ༔ དེ་དུས་ཁོ་ཡི་ཁ་རྗེ་དབང་ཐང་དཔལ༔ ཅུང་ཞིག་ཉམས་ཚེ་ཤ་ཟ་ཁ་མོ་ཆེས༔ ས་ན་བཅིངས་ཏེ་ཨཾ་ཀུ་ཤ་ཡིས་བསྒྲལ༔ ལྔ་ལྡན་གཙང་བོ་ཚྭ་ཆུ་ཇི་བཞིན་པ༔ ཐ་མ་མཐའ་མིས་གནས་མལ་དེ་རུ་བཅའ༔ ཕྱོགས་བཅུའི་འདུས་སྡེ་འོ་མའི་བཅུད་ཀྱིས་གཏམས༔ འབད་རྩོལ་མཛད་པའི་ཀློག་པ་ཐོས་བསམ་སྡེ༔ གོས་ནག་ལྟག་བཀྲ་ཅན་གྱི་དམག་འདུས་སྐབས༔ རྒྱ་འདྲེ་འགོང་པོའི་སྙིང་ལ་གདོན་ཞུགས་ནས༔ ངུར་སྨིག་འཛིན་རྣམས་བསྟན་པའི་བླ་བཙོང་ནས༔ ཉིན་མཚན་མེད་པར་འཁྲུག་རྩོད་ལས་ལ་བརྩོན༔ ནམ་མཁའི་ན་བུན་འཁྲིགས་པས་ནོར་བུ་སྒྲིབ༔ ཤེས་རབ་གསེར་གྱི་ཉ་མོ་བྱེ་ཚན་ལྷུང༔ འབའ་དང་ལི་ཐང་ཁྲག་གི་ཆར་བ་འབབས༔ ནོར་སྲུང་ཀུ་ཀུའི་དགྲ་བྱ་ཤར་བའི་ཚེ༔ ས་མདོ་རེ་ལ་ཁང་བཟང་ཟམ་ཐོ་རེ༔ སྙིང་མེད་མི་ཆུང་རྣམས་ཀྱང་རྗེ་སར་ཐོན༔ ཆབ་མདོ་གན་དྷོ་ལ་དང་སྐུ་སྣང་བརྙན༔ འདི་སྣང་བཀོད་པ་གོས་དཀར་དབྱིངས་སུ་ཐིམ༔ ཤར་ཕྱོགས་ཨ་ཡུལ་ཛ་ཡི་མིང་ཅན་གྱིས༔ དམར་དར་ངོམས་ནས་རྔ་མོང་གཙོ་ཞགས་འཕེན༔ དེའི་རྐྱེན་བྱས་པས་ཤར་སྨེ་སེམས་ཅན་འཁྲུག༔ མགོ་ལོག་ལ་ཡང་བདུད་ཕོ་བདུད་མོ་ཡིས༔ མདའ་དང་མཚོན་ཆའི་ཁུར་བོ་རྡོགས་ཉི་ལ༔ མཚོན་ཆའི་སྐལ་བ་ཅུང་ཞིག་འབྱུང་བར་འགྱུར༔ ཁ་སར་བྱེད་པའི་གེ་སར་འབྱུང་དུས་ལ༔ མི་བདེ་སྡུག་བསྔལ་སྣ་ཚོགས་འབྱུང་བར་འགྱུར༔ རྫུ་འཕྲུལ་ཅན་གྱི་གཡུ་འབྲུག་སྔོན་མོ་དེ༔ སྤྲིན་གྱིས་བརྒྱན་ཏེ་ཕྱོགས་བཞིར་དགྲ་སྡེ་ཡང༔ ནོར་བུ་གཏོར་ནས་ས་ལ་ལྷུང་ཉིན་ལ༔ ས་ཡི་བུ་ཡིས་དེ་དུས་ནོར་བུ་རྙེད༔ ཀོ་མོག་ནང་དུ་གཡུ་འབྲུག་ཉལ་བའི་ཚེ༔ ཀུ་ཀུ་ར་ཙའི་དབྱངས་ཀྱིས་སྙན་འགྱུར་བསྒྲགས༔ ཅུང་ཞིག་སྐྲག་སྔངས་བྱས་པས་དུག་སྦྲུལ་འགྱུར༔ འཚེ་བ་བྱེད་པའི་གླ་རྩི་དེ་དུས་མཁོ༔ ཚངས་པའི་བུ་མོ་ཉི་སྒྲོན་ཟླ་སྒྲོན་གྱིས༔ སྙན་འགྱུར་པི་ཝཾ་བརྡུང་བས་ཀླུ་དབྱངས་ལེན༔ བོད་ཁམས་འཇིག་རྟེན་ཀུན་གྱི་རྣ་བར་སྙན༔ ཤ་ཟ་སྤྱང་ཀིའི་སྐད་དང་མཉམ་དུ་འདྲེས༔ གངས་ཅན་བོད་འདི་དུག་སྦྲུལ་མུ་ཁྱུད་བསྐོར༔ པདྨ་ཕྲིན་ལས་སྤྲུལ་བ་བརྒྱ་ཕྲག་བརྒྱ༔ ལྔ་བདོའི་དུས་འདིར་ཕྲིན་ལས་གློག་ལས་མྱུར༔ ཁྲོཾ་གྱི་ཡུལ་དུ་སྐྱེས་བུ་གཡུ་འབྲུག་མིང་༔ ཞལ་མཇལ་གསུང་ཐོས་རྔ་ཡབ་གླིང་དུ་སྐྱེ༔ སྡེ་གཉིས་འདུ་བའི་མཚན་སྙན་སྲིད་རྩེར་བསྒྲེང་༔ རུ་དམ་ལུང་དུ་བསོད་ནམས་མགོན་གྱི་བུ༔ སྤྲེལ་ལོ་དྷརྨ་བཛྲ་མིང་ཅན་འབྱུང་༔ སྤོང་དང་ཀློག་པའི་བསྟན་པ་རྒྱ་ཆེར་སྤེལ༔ དྲེགས་པ་སྡེ་བརྒྱད་སྟོབས་ལྡན་ཚུལ་དུ་བསྒྲུབ༔ དམ་ཉམས་ཞིང་བཅུ་སྒྲོལ་བའི་ཤན་པར་བསྐོས༔ བདུད་འགོང་ཀླ་ཀློས་འཚེ་བ་ལན་ཅིག་བཟློག༔ ཀུན་གྱིས་ཤེས་ན་སེམས་ཅན་བདེ་སྐྱིད་ཡིན༔ པདྨ་རཱ་གའི་མཆོད་རྟེན་གཟི་འོད་འབར༔ འབྱུང་བྱ་འུག་པའི་མིག་གཟན་འུག་སྒྲ་སྒྲོགས༔ སྙིགས་མའི་སེམས་ཅན་བདེ་སྡུག་སྣ་ཚོགས་དང༔ མཐའ་བཞིའི་དམག་དཔུང་རྩི་ནས་མཚོན་ཁ་རྣམས༔ གདོད་ནས་རྣམ་དག་རྒུད་པ་མི་མངའ་ཡང་༔ འཁྲུལ་སྣང་སྐྱེ་འགྲོའི་བདེ་སྡུག་སྣང་ངོར་ཤར༔ གང་ཤར་རང་གྲོལ་ཚིག་སྟེ་ཤར་མར་བྲིས༔ ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ༔ བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག༔ དགེའོ༔

རང་རིག་སྐུ་གསུམ་མེ་ལོང་འཆར་སྒོ་དང༔ ལྷ་ལྡན་ས་དེར་ཕག་མང་ཁྱི་དང་འཐབ༔ སེར་བའི་ཁྲོད་ནས་འཇའ་ཚོན་སྣ་ལྔ་ཤར༔ ལུག་མང་བཞོས་པའི་འོ་མ་རབ་མངར་ཡང༔ ཧ་ལའི་ཟས་ངན་སེལ་རྡུལ་ལྔ་དང་འདྲེས༔ མི་གཙང་འདམ་རྙོག་དུས་སྙིགས་དྲོད་ཀྱིས་ཁོལ༔ མདོ་ཁམས་སྨད་ནས་སྲིན་པོ་མི་བརྫུ་དགུས༔ ཡུལ་དགུ་དཀྲུགས་པའི་གཡུལ་ངོས་སྣ་འདྲེན་བྱེད༔ སྡེ་བཞིའི་དཔལ་འབྱོར་དགེ་ལེགས་རཱ་ཛ་ཆེ༔ དངུལ་དཀར་མེ་ལོང་བྱད་གདོན་གྲིབ་ཀྱིས་གཡའ༔ སྔར་མེད་ཁྲ་ཡི་སྒྲོ་ཐུལ་ཅན་ཅིག་འབྱུང༔ ལྷོ་བྱང་གོས་ཆེན་སེར་པོའི་ཡོལ་བས་སྦྲེལ༔ ཡོལ་ཐག་གསེར་གྱི་ཨ་ལོང་ནང་དུ་དྲང༔ ཙི་ནས་མཚོ་ཕྱུར་ཚག་ཁོབ་སྒྲ་སྒྲོགས་པའི༔ སྨད་ཀྱི་ས་གཞི་ཕལ་ཆེན་འདར་སྙམ་བྱེད༔ རུ་དམ་ལུང་བའི་ངང་བ་གསེར་མདོག་ཉམས༔ བྱི་ལ་མིག་སེར་ཅན་ལ་སྟབས་གཟབ་དགོས༔ ལུག་གི་རིལ་མ་གསེར་དངུལ་མང་འགྱུར་ཡང༔ ཕལ་ཆེར་ཆུ་ཆུང་རླབས་ཀྱིས་ཁྱེར་ཡང་སྲིད༔ བྱ་དང་སྤྲེའུ་གཉིས་མཆོང་རྩེད་མོས་འབྲེལ༔ ཙནྡན་རྔ་ཆུང་ཕལ་ཆེར་དེ་དུས་ཆག༔ ལུག་བལ་སྤྲིན་གྱི་སྤུ་ལྟར་འཇམ་པ་དེའི༔ སྔར་མེད་ཟ་འོག་བླ་བྲེ་འཐག་ཀྱང་སྲིད༔ འཇའ་ཚོན་སྣ་ལྔ་འཆར་གཞིའི་ཤེལ་སྒོ་དེ༔ ནུབ་ཀྱི་ཕྱོགས་འདྲིལ་ཤར་ནས་ཉི་ཟེར་འཁྱུད༔ ལོ་གྲངས་རྩེ་མོའི་མཚམས་ནས་གས་ཆག་ངོ་༔ ཤར་ནས་གསེར་མདོག་ཅན་གྱི་རྔ་དིར་སྒྲོག༔ དེ་བསྐུལ་དབུ་དགུ་ཆུ་ཤིང་ནག་པོ་རྫུན༔ རུ་དམ་ལུང་བར་སྐྱེས་པའི་ཙནྡན་ལྗོན༔ ཡལ་འདབ་ཕལ་ཆེར་རླུང་གིས་བསྐྱོད་དེ་འགྲོ༔ གང་ཤར་ཚིག་འདི་ཤར་མར་བྲིས་པ་དགེ༔

ཀྱེེ་ཧོ༔ ཉོན་ཅིག་སྙིགས་མའི་འགྲོ་བ་རྣམས༔ བླང་དོར་བཤད་ཀྱི་སྙིང་གི་བུམ་པར་སྟུམས༔ སྔོན་ཚེ་ཐར་ལྷག་ལྷས་སྦྱིན་ལོག་སྨོན་མཐུས༔ རྒྱལ་བསྟན་འཇོམས་བྱེད་གཞལ་འཕྱལ་དབང་བྱེད་ནས༔ ཕྱི་ནང་དཔེ་མེད་སྤྱོད་ཚུལ་ཇི་ལྟར་སྲིད༔ སངས་རྒྱས་ལྷ་བྱིན་དུས་མཚུངས་སྲིད་མཐའི་བར༔ ཡང་དག་རེ་དང་ཕུང་སྦྱོར་བདུད་རེ་འབྱུང༔ ཕྱི་དཀར་ནང་ནག་ཧ་ལོའི་སར་བུ་འདྲ༔ མ་ཞག་བསྟན་པར་ཀླུ་གོང་གླིང་དར་མ༔ དམར་རྒྱན་ཤག་སྣ་ལ་སོགས་ལྷ་ཡི་ཚུལ༔ སྦྱར་བའི་དུག་ལྟར་ཤུགས་ཀྱིས་བསྟན་པ་བཤིག༔ ཙོ་ར་རྒོད་ཅིང་རྔམ་སེམས་མེ་ལྟར་འབར༔ དེ་གང་ཞེ་ན་ཆོས་རྒྱལ་ཁྲི་སྲོང་གིས༔ བསྟན་གཉིས་སྤྱན་དབྱེ་ནོན་གྱི་མིག་སློང་ནུས༔ བོན་རྡོས་སྨོན་ལམ་ལོག་པའི་རིང་དུས་ཚེ༔ ཡུལ་དབུས་བོས་སྡུག་འཚོ་མང་དབུས་རིས་སྟོན༔ བསམ་ཡས་མཚོ་མོ་གང་གི་མཚོ་ཉམས་ན༔ གཟུགས་བརྙན་ཙམ་ལས་འདུལ་བསྟན་རིན་ཆེན་ནུབ༔ བླ་རིའི་རྩེ་མོ་མནོན་བྱེད་མེ་ཏོག་ཡང༔ རྗེ་མིན་བསྟན་ཅིང་རྒྱལ་ཁྲིམས་ཡལ་བའི་ཐབས༔ སྒྲག་མདའ་བླ་མཚོ་ཉམས་དུས་གསང་ཆེན་ཉམས༔ དངོས་གཏེར་མི་འབྱུང་གཏེར་རྫུན་འགྲོ་བ་བསླུ༔ མཐའ་འདུལ་ཐམས་ཅད་ཞིག་ཉམས་མང་ཞིག་འབྱུང༔ ཆོས་སྐུ་ལོངས་བབ་སྟེང་ནས་མཆོད་རྟེན་གནོན༔ དགེའོ༔

མ་མ་ཀི་ཡི་རང་བཞིན་ཆུ་རླབས་འཁྲུག༔ ལྔ་བདོས་སྡིག་སྒྲིབ་ཁྲག་གི་ཉོག་དང་འདྲ༔ ན་གི་མདོག་ནི་དུད་ཁ་སྙེ་མ་འདྲ༔ མ་ཏི་སྦས་འདི་ས་ནག་གོང་བུ་འདྲ༔ འདོན་བྱེད་སྐྱེས་བུ་བྱ་སྒྲོ་རླུང་ཁྱེར་འདྲ༔ དམག་འཁྲུག་དཔོན་པོ་རྔ་མོང་མགོ་གསུམ་པོས༔ མུ་གེའི་སྣ་འདྲེན་ཚ་ཟེར་བརྒྱ་བ་འབར༔ སྤྲེལ་གྱི་ཁྲག་ཐང་ཁ་འཕྲུ་དམར་ཚུབ་འཐོར༔ བྱ་རྒོད་གཤོག་ཡས་མེ་ལྕེ་ལྷབས་སེ་ལྷབ༔ ཁྱི་ཡིས་མཆེ་གཙིགས་མི་ཆེན་རོ་ལ་ཐག༔ ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ༔ སྤང་ལྗོངས་མེ་ཏོག་བཀྲ་བ་རི་བོའི་འདབས༔ རྫ་བྲག་ཁང་བུ་ཞིག་ཏུ་དུག་སྦྲུལ་ཉལ༔ ཤུན་ལྤགས་བརྗེ་དུས་རྨོག་རྒྱན་ནོར་བུ་དོར༔ སྤྲེལ་མང་སྡེར་མོས་ཟིན་ན་གནས་འདིར་འབྱོར༔

ཨེ་མ་ཧོ༔ སེམས་ཀྱི་མེ་ལོང་འཁྲུལ་སྣང་གསལ་དྲིས་ཀྱི༔ ལུང་ཚིག་གཟུགས་བརྙན་འདི་འཆར་ཤར་ལྷོ་ཡི༔ མེ་ལྷས་མེ་འཁོར་བསྐོར་ལ་འཆར་བའི་ཚེ༔ རོང་གི་ནགས་ཚལ་གཅན་གཟན་བྱང་ཤར་གྱི༔ མེ་སྐྱོང་ཉག་ཕྲན་ལྕགས་ཀྱི་མེ་མདས་སྨས༔ ལུགས་ཟུང་མེ་ཏོག་དར་རྒུད་ཆར་བས་གསོ༔ བྱིས་པའི་ཚང་ལ་ནོར་བུ་སྦས་གབ་ཡོད༔ འགའ་རེས་མཐོང་ལ་འོད་འབར་ལྟད་མོ་བལྟ༔ བདེ་དྲོད་འབར་བའི་ཉི་མ་མེ་ཤེལ་དང༔ འཕྲད་པའི་ལྕི་ཕྱི་སྤྲ་ལམ་མེ་སྟག་ཟིན༔ ཚེར་མ་བསྲེགས་པས་སྤང་ལྗོངས་པུནྜའི་ཚལ༔ བུང་བ་དམར་སེར་རྩི་བཅུད་མཚོ་གར་རྩེ༔ རླུང་དང་སེར་ཆོ་འཚུབ་ཀྱང་ནམ་མཁའ་དྭངས༔ ཆར་ཟིམ་སྤྲིན་གསེབ་འོག་ཏུ་འཇའ་ཚོན་ཤར༔ རླུང་གི་རྒྱལ་མཚན་མ་རིག་ཡལ་ནས་འགྲོ༔ ལྟོ་འགྲོས་ལྕེ་བརྐྱང་དཀར་ནག་རླངས་པ་འཕྱུར༔ སྨན་དྲི་འཚུབ་འཚུབ་དུག་སྐྱོན་ཆེར་མི་ལྡང༔ ད་ལྟ་ཟླ་བའི་འཕེལ་འགྲིབ་བཅོ་ལྔ་ལ༔ རི་བོང་འཛིན་པའི་བསིལ་ཟེར་རབ་འཕྲོས་པས༔ ཆུ་མཚོ་ཆེ་ཡང་འཁྱག་པས་སྡོམ་པར་བྱེད༔ ཕག་གི་མཇུག་མ་ཐབ་མེས་ཅུང་ཟད་ཟིན༔ བཞོབ་དྲི་འཐུལ་ཡང་ཁ་བའི་རྡུལ་གྱིས་གསོད༔ བྱི་བའི་མགོ་ལ་ཚ་ཟེར་སྟོང་གིས་བྲོས༔ ཟླ་བའི་འོད་ཀྱིས་འཁྱག་སྟེ་ཚ་གྲང་གཉིས༔ རི་མོའི་ཟླ་གཉིས་མཇུག་ནས་ཤར་གྱིས་ཕྱོགས༔ ཁྱི་རྒོད་མཆེ་བ་གཙིགས་པས་རབ་ཏུ་འུར༔ གནས་འདིའི་ཁྱིམ་དབུས་ཡོལ་གོ་ཅུང་གིས་འགེང༔ བྱི་བའི་རིལ་མ་ཅུང་ཟད་འདྲིལ་དོགས་ཡོད༔ དཔལ་ལྡན་ལྷ་མོའི་བསུ་རིས་སྐྱེས་བཟང་གསོལ༔ བན་བཙུན་གཞོན་ནུས་དུང་དཀར་འུར་འུར་འབུད༔ ཁྱི་སྤྱང་རྣམ་པས་ཀུ་ཅོ་འུར་འུར་འདོན༔ ཆུ་ཆེན་སྒྲ་སྒྲོགས་རྒྱ་གླིང་སྐད་སྙན་སྒྲོགས༔ རལ་བ་ཅན་གྱི་མགོ་ལ་སྤོས་མེས་རེག༔ མཆོད་རྫས་ཞལ་ཟས་མཛེས་ཀྱང་ཉི་མེ་མཚོན༔ རོལ་མོའི་ལོང་ཆད་ས་དྲིལ་ཆག་དོགས་མེད༔ དཀར་ཡོལ་ཞོ་ཡིས་འགེང་བ་ཟླ་ཟེར་ཕོག༔ ཁྱིམ་མུན་གསལ་བའི་ཐབས་ཤེས་བདེ་དྲོད་འབར༔ ཨོ་རྒྱན་ཆེ་མཆོག་དེ་ཡིས་གང་ཤར་སྨྲས ༔

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།