ཁྱབ་བདག་བླ་མའི་གསུང་གིས་སྔཊ་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་འབྲས་བསྟན་ཚུལ་གྱི་ཁྱད་ཆོས་གླེང་བ།

WechatIMG9.jpeg

                                                   《  རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན།》

ལགས་སོ།ངས་དེ་རིང་འདིར་སྐལ་བཟང་ལེགས་བཤད་དཔེ་ཚོགས་ཞལ་འབྱེད་མཛད་སྒོར་ཕེབས་པའི་གངས་ལྗོངས་མདོ་དབུས་ཨམ་གསུམ་གྱི་མཁས་དབང་རྣམས་པ་ཡོངས་ལ་དགའ་བསུ་དང་འཚམས་འདྲི་ཞུ་བ་ཡིན།

 ཐེངས་འདིར་ཀྲུང་གོ་མཚོ་སྔོན་བོད་སྨན་རིག་གནས་འགྲེམ་སྟོན་ཁང་།   རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས། སི་ཁྲོན་སློབ་ཆེན་འགྲེམ་སྟོན་ཁང་། སི་ཁྲོན་ཞིང་ཆེན་བོད་བརྒྱུད་རིག་དངོས་སྲུང་སྐྱོབ་ཨུ་ཡོན་ལྷན་ཚོགས། ཁྲིན་ཏུའུ་དར་རྒྱས་ཧི་མ་ལ་ཡ་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁང་། པདྨའི་འོད་སྣང་ཚོགས་པ།  སི་ཁྲོན་ཧྲན་ཤན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་བཀོད་སྒྲིག་འོག་འདི་ལྟར་སྐྱབས་རྗེ་བླ་མའི་གསུང་རབ་རིན་པོ་ཆེ་ཞལ་འབྱེད་ཀྱི་མཛད་སྒོ་སྤེལ་བའི་སྐབས་འདིར། ངས་ཁྱབ་བདག་རྫོགས་ཆེན་པ་༧མཆོག་གི་ཞལ་གསུང་བསྐྱུད་བྱང་དུ་བཀོད་པའི། མདོ་སྔགས་རིག་གཞུང་རྒྱ་མཚོའི་དགོངས་འགྲེལ་བསྟན་བཅོས་དག་ལས། ནང་རྒྱུད་སྡེ་གསུམ་སྤྱི་དང་། བྱེ་བྲག་སེམས་སྡེ་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྐོར་རྣམས་ཇི་ལྟར་བསྟན་ཚུལ་གྱི་ཁྱད་ཆོས་རགས་རིམ་ཙམ་ཞུ་འདོད་བྱུང་སོང་།

 དེ་ལ་སྤྱིར་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་རྣམ་བཞག་འཆད་ཚུལ་འདི་ལ་ཟབ་པ་མན་ངག་གི་བཤད་སྲོལ་དང་། རྒྱ་ཆེ་བ་པཎྜི་ཏའི་འཆད་ཚུལ་གཉིས་ཡོད་པ་ལས། ཁོང་གིས་འདིར་འཇམ་མགོན་བླ་མ་མི་ཕམ་པས་མཛད་པའི་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པའི་གནད་འགྲོལ་ཆོས་རྗེ་པདྨ་སྐལ་བཟང་གི་ཞལ་རྒྱུན་ཞེས་པའི་གླེགས་བམ་དེར། ཐོས་བསམ་སྦྱངས་པ་རྒྱ་ཆེན་མ་བྱས་ཀྱང་། དད་དང་དམ་ཚིག་གཙང་བའི་སྐལ་ལྡན་དག་རྗེས་སུ་འཛིན་པའི་ཆེད། ཟབ་པ་མན་ངག་གི་བཤད་སྲོལ་ལྟར་བྱས་ཏེ།  རྒྱ་ཆེ་བའི་ལུང་རིགས་ཀྱི་སྤྲོས་པ་བསྐྱུངས་ཏེ་གོ་སླ་མན་ངག་གནད་བརྡེགས་ཀྱི་ཚུལ་དུ་སྔོན་འགྲོ་བཞག་ཐབས་ཀྱི་མན་ངག་དང་། དངོས་གཞི་བསམ་གཏན་གྱི་ངོ་བོ། མཇུག་དམ་ཚིག་ལ་ཚད་བཙུགས་ནས་ཟབ་མོའི་གདམས་ངག་གསང་བར་གདམས་པའི་སྒོ་ནས་ལྟ་བ་ཀ་དག་ཁྲེགས་ཆོད་དང་། དེ་ཉིད་ངོ་སྤྲོད་པའི་མན་ངག་གི་རྣོ་སོ་ཁྱད་པར་ཅན་བཅས་ཚིག་ཉུང་དོན་འདུས་ཀྱིས་བསྟན་མཛད་ཡོད་ལ།

 གཞན་ཡང་ཞབས་དཀར་རིན་པོ་ཆེས་མཛད་པའི་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཁྲིད་རིག་སྟོང་རྡོ་རྗེའི་རང་སྒྲ་ཞེས་པའི་གླེགས་བམ་དེ་ཉིད་ལས་ནི། རྣམ་བཤད་རིག་པ་སོགས་ཀྱི་བསྟན་དོན་ལྟར་ཆིངས་ཆེན་པོ་ལྔའི་སྒོ་ནས་བཀྲལ་མཛད་འདུག དེ་ཡང་སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་བོ་ཅན་དྲི་མ་འབྲལ་རུང་དང་ཡོན་ཏན་མངོན་དུ་འགྱུར་རུང་ཅན་ཡིན་པས། འཁྲུལ་བར་འཕྱན་པའི་འགྲོ་བ་མཐའ་དག་གིས་མ་འཁྲུལ་དོན་གྱི་གནས་ལུགས་རྟོགས་ནས་མངོན་འཚང་རྒྱ་བའི་དགོས་པ་དང་། ཁྱད་པར་དུ་དབང་རྣོན་རྫོགས་ཆེན་གྱི་གདུལ་བྱས་ཚེ་འདིར་གྲོལ་བ་མངོན་གྱུར་ཐོབ་པ་གཞུང་འདིའི་དགོས་དོན་ཡིན་པ་དང་། འདིས་རྫོགས་ཆེན་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་བསྡུས་པ་བསྡུས་དོན་དང་། རྗོད་བྱེད་མིང་དང་ཚིག་ཏུ་བསྡེབས་པས་བརྗོད་བྱ་རྫོགས་ཆེན་སྡེ་གསུམ་གྱི་མན་ངག་གོ་བདེར་བསྟན་པ་ཚིག་དོན་དང་། གོང་འོག་གི་བརྗོད་བྱ་རྗོད་བྱེད་དང་བཅས་པ་གོ་རིམ་མ་འཁྲུག་པར་བསྟན་པ་མཚམས་སྦྱོར་དང་། རྫོགས་ཆེན་ལྟ་བའི་ཡང་རྩེའི་སྒྲ་ཆེན་པོ་སེང་གེའི་ངར་སྐད་ལྟ་བུ་དེས་ལྟ་བ་དམན་པ་དང་ངན་པའི་རི་དྭགས་ཀྱི་ཚོགས་ཐམས་ཅད་དེའི་རྔམ་ཟིལ་གྱིས་རང་ཤུགས་སུ་སྤ་བཀོང་བར་བྱེད་པ་བརྒལ་ལན་ཏེ། དེ་ལྟར་ཆིངས་ཆེན་པོ་ལྔ་ཚང་ཚུལ་དང་། གཞན་ཡང་ཨ་བྲའི་གོམ་པ་སྤོས་པ་འདྲ་བས་བསྟན་བྱའི་དོན་གྱི་ས་ཆོད་པ་མིན་པས། དཀྱུས་ཀྱི་ས་གཅོད་པ་སྟག་མོ་མཆོང་སྟབས་ལྟ་བུ། ཡང་རགས་བཤད་སྤོམ་ཡུགས་སུ་བཤད་ནས་དོན་གྱི་གནད་བོར་བ་དེ་འདྲ་མ་ཡིན་པས། གཞུང་དོན་ཚིག་གི་འབྲུ་མནན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། ཡང་སྐབས་དོན་གོང་འོག་གི་མཚམས་མི་འབྱེད་པ་ན་རེ་ནུར་རེ་འཐག་ངན་པས་གྲུ་གུ་འཐག་པ་འདྲ་འདྲ་ཞིག་མ་ཡིན་པར། བར་སྐབས་ཀྱི་མཇུག་བསྡུ་བ་སེང་གེའི་འགྱིང་སྟབས་ལྟ་བུ་སྟེ། དེ་ལྟ་བུའི་ཆིངས་ཆེན་པོ་གསུམ་ཡང་གཞུང་འདིར་ཚང་བའི་ཚུལ་གྱིས་ཁོག་ཕུབ་སྟེ། འོད་གསལ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བའི་མཚན་དོན་དེ་འགྲེལ་བའི་སྐབས། གཞི་ལམ་འབྲས་བུའི་འོད་གསལ། དཔེ་དང་དོན་གྱི་འོད་གསལ་སོགས་ཀྱི་ཁྱད་ཕྱེས་ནས་འདིར་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ལ་འོད་གསལ་གྱི་ཐ་སྙད་སྦྱར་ཏེ་དེ་ཉིད་རྩལ་དུ་བཏོན་ནས་འཆད་པ་ཡིན་ཚུལ་དང་། དེ་ཉིད་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་ཚུལ། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡིན་ཚུལ། དེ་ལ་རྟེན་ཆོས་ཀྱི་སྒོ་ནས་གཞི་ལམ་འབྲས་གསུམ་དུ་དབྱེ་ཚུལ་སོགས་ལས་བརྩམས་ནས་མཚན་དོན་གཅིག་པུའི་ནང་དུ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཐམས་ཅད་ཚང་བར་བཀྲལ་བ་དང་། དེ་ནས་གཞུང་དངོས་གཞི་རིག་པ་རང་སྣང་གི་བློ་ཅན་དང་། སྣང་བ་ཡུལ་གྱི་བློ་ཅན་གྱི་རྫོགས་ཆེན་ཐུན་མོང་དང་ཐུན་མིན་གྱི་གདུལ་བྱ་ཐམས་ཅད་གྲོལ་བར་བྱེད་པའི་ཆོས་ཚུལ་རྨད་དུ་བྱུང་བ་ཉིད། ཚིག་གོ་སླ་ཞིང་དོན་ཡིད་ལ་འཇགས་བདེ་བ་མཆོག་དམན་ཀུན་གྱི་ཡི་གར་འོང་བའི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་གདམས་མཛད་ཡོད་པ་དང་།

WechatIMG675.jpeg

 ཡང་ལྷུན་གྲུབ་ཐོད་རྒལ་གྱི་སྐོར་ཟབ་པ་མན་ངག་གི་བཤད་སྲོལ་ལྟར་བྱས་ཏེ། ཞབས་དཀར་ཚོགས་དྲུག་རང་གྲོལ་ནས་མཛད་པའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་ལྡེའུ་མིག་གི་ཞལ་ཁྲིད་འོད་གསལ་མཐོང་བ་ཆེན་པོ་རུ་མཚན་དོན་འགྲེལ་བའི་སྐབས། འོད་གསལ་རྫོགས་པ་ཆེན་པོ་ཞེས་པའི་དོན་དེ་ཉིད་ཕྱི་སེམས་སྡེ་ལྟར་དུ་འགྲེལ་ལུགས། ནང་ཀློང་སྡེ་ལྟར་དུ་འགྲེལ་ཚུལ། གསང་བ་མན་ངག་སྡེས་འགྲེལ་ཚུལ་གྱི་རྣམ་གཞག་རྒྱ་ཆེན་དང་། སྐབས་སུ་བབས་པ་གསང་བ་མན་ངག་སྡེའི་དགོངས་པ་ལྟར་ན་སེམས་ཀྱི་རང་བཞིན་དྲི་མ་དང་བྲལ་བའི་ཁྱད་པར་དུ་བྱས་པ་ཞིག་ལ་གོ་དགོས་ཚུལ་དང་། འོད་གསལ་ཞེས་པའི་ཐ་སྙད་དེ། སྒྱུ་ལུས་དང་འོད་གསལ་ཞེས་པའི་སྐབས་སྟོང་བའི་ཆ་ལ་འཇུག་པ་དང་། དབྱིངས་དང་འོད་གསལ་གསུངས་པའི་སྐབས་སྣང་བའི་ཆ་ལ་གོ་དགོས་ཚུལ། སྐབས་འདིར་ནི་གཙོ་བོའི་བསྟན་དོན་སྣང་བའི་འོད་གསལ་ཡིན་ཚུལ་དང་དེ་ཉིད་སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ། ཡེ་ཤེས་ཀྱི་རླུང་ལྔའི་བདག་ཉིད་ཅན་ཡིན་པ། དེ་ཉིད་སྙིང་རིན་པོ་ཆེ་དཔལ་གྱི་བེའུའི་ཁོང་གསེང་ན་བཞུགས་པའི་གདངས། འགྱུ་བྱེད་རྩའི་ལམ་ནས་མཇལ་ཚུལ་བསྟན་ཡོད་པ་དང་། དེའི་གནད་ཀྱིས་ལམ་འོག་མ་ལས་ཁྱད་དུ་འཕགས་ཚུལ་དང་དེ་དག་ལས་ཐོད་ཀྱིས་སམ་ཐད་ཀར་བརྒལ་བ་དེ་ཐོད་བརྒལ་གྱི་ལམ་འདི་ཡིན་ཚུལ་སོགས་ཀྱིས་ཁོག་ཕུབ་སྟེ། སྒོ་གསུམ་བྱ་བ་དགུ་ཕྲུགས་གཏོང་ཚུལ་དང་། སྒོ་གསུམ་གནད་ལ་གཟིར་ཚུལ། ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ། གཏན་ལ་ཕབས་ནས་དངོས་གཞིའི་ངོ་སྤྲོད། རྗེས་རྣལ་འབྱོར་བཞི་ཡིས་ཉམས་སུ་ལེན་ཚུལ། ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ། རྗེས་མཐའ་རྟེན་མན་ངག་དང་བཅས་ཆིངས་བདུན་གྱིས་བཅིངས་ཏེ་རེ་རེ་བཞིན་གསལ་ལ་གོ་བདེ་བ། ཟློས་སྐྱོན་དང་ནོར་སྐྱོན་གྱིས་མ་གོས་ལ། ཚིག་སྡེབ་སྦྱོར་ལེགས་ལ་དོན་ཟབ་རྒྱས་ཀྱི་གནད་ཚང་བར་བསྟན་མཛད་ཡོད་འདུག

 རྒྱ་ཆེ་བ་པཎྜི་ཏའི་འཆད་ཚུལ་ལྟར་བྱས་ཏེ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ཉིད་ཆོས་དབྱིངས་མཛོད་ཀྱི་ལྗགས་འགྲེལ་ཀུན་ཏུ་བཟང་པོའི་དགོངས་མཛོད་ཅེས་པ་པོད་གསུམ་གྱི་བདག་ཉིད་ཅན་དེར། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། སྒོམ་པ་འཛིན་མེད་རང་གྲོལ། སྤྱོད་པ་སྣང་བ་དབང་བསྒྱུར། འབྲས་བུ་རྩོལ་མེད་ཡོངས་གྲུབ་ཀྱི་གནད་མཐའ་དག རྫོགས་པ་ཆེན་པོའི་མན་ངག་རྒྱུད་ཆེན་བཅུ་བདུན་སོགས་ཚད་མར་གྱུར་བའི་་རྒྱུད་སྡེ་གསར་རྙིང་མང་པོའི་ལུང་དང་། རིགས་པ་རྣམ་དག་གི་སྤྲོས་པ་དང་བཅས་ཞིབ་གསལ་གྱིས་བཀྲལ་ཡོད་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་གདམས་པའི་གནད་རྣམས། ཚིག་དོན་མཛོད་ཀྱི་ལྗགས་འགྲེལ་མན་ངག་ནོར་བུའི་བང་མཛོད་ཅེས་པ་པོད་གཉིས་ཀྱི་བདག་ཉིད་ཅན་དེར། སྒོ་ཡུལ་རླུང་རིག་གི་གནད། སྒྲོན་མ་དྲུག་གི་རྣམ་བཞག རྗེས་བར་དོའི་རྣམ་བཞག་སོགས་མ་གབ་མ་སྦས་གཞན་དུ་ཞལ་མ་འཕང་པར་གསལ་རྒྱས་རྫོགས་པའི་ཚུལ་གྱིས་བསྟན་གནང་འདུག དེ་དག་ནི་སྔ་འགྱུར་སྔ་ནང་རྒྱུད་སྡེ་གསུམ་ལས་གསང་བ་མན་ངག་གི་སྡེའི་དགོངས་དོན། མཚན་མེད་རྫོགས་པ་ཆེན་པོའི་དོན་བསྟན་ཚུལ་རགས་སྡུས་ཤིག་བཤད་ཁུལ་བྱས་པ་ཡིན།

 དེ་ནས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་དགོངས་དོན་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་མཚན་བཅས་བསྐྱེད་རིམ་གྱི་བསྐོར་རྣམས་ལས། བརྟན་པ་ཐོབ་པའི་གང་ཟག་དང་དབང་པོ་རབ་ཀྱི་བསྒོམ་བྱ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་དག་བྱེད། སྙིང་པོའམ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ་བསྐྱེད་པ་ཨ་ནུའི་ལུགས་སྤྲོས་མེད་འབྲིང་གི་བསྐྱེད་རིམ་དང་། ཏིང་ངེ་འཛིན་ཤིན་ཏུ་གོམས་པའི་གང་ཟག་དང་དབང་པོ་ཡང་རབ་ཀྱི་བསྒོམ་བྱ་རྫུས་སྐྱེས་ཀྱི་བག་ཆགས་དག་བྱེད། སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་ཨ་ཏིའི་ལུགས་ཤིན་ཏུ་སྤྲོས་མེད་ཀྱི་བསྐྱེད་རིམ་དག ནང་སྒྲུབ་རིག་འཛིན་འདུས་པའི་རྣམ་བཤད་རིག་འཛིན་བརྒྱུད་པའི་ཞལ་ལུང་དང་། ཀར་གླིང་ཞི་ཁྲོའི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་གྱི་རྣམ་བཤད་རིམ་གཉིས་གསལ་བྱེད་ཅེས་པ་དེ་དག་ཏུ་གསལ་བར་བསྟན་མཛད་འདུག ལས་དང་པོ་པ་དང་དབང་རྟུལ་གྱི་བསྒོམ་བྱ་མ་ཧཱ་ཡོ་གའི་ལུགས་ཀྱི་སྒོང་སྐྱེས་སྦྱོང་བྱེད་རྒྱས་པ་ཆེན་པོའི་བསྐྱེད་རིམ་གཙོ་བོར་བྱས་ཏེ་གཞན་གཉིས་ཞར་བྱུང་གི་ཚུལ་གྱིས་ནང་རྒྱུད་སྡེ་གསུམ་གྱི་སྨིན་དབང་རྣམ་བཤད་རྒྱུད་དོན་གསལ་བའི་མེ་ལོང་དང་། སྙིང་ཐིག་དུམ་གཉིས་ཀྱི་སྨིན་དབང་ཟབ་ཁྲིད་མན་ངག་ལམ་གྱི་སྒྲོན་མེ་རྣམས་སུ་ཆེས་ཞལ་གསལ་མཐའ་ཆོད་ཀྱིས་བསྟན་གནང་འདུག

 མཚན་བཅས་རྫོགས་རིམ་གྱི་སྐོར་རྩ་རླུང་ཐིག་ལེའི་རྣལ་འབྱོར་རྣམས། བདེ་སྟོང་རླུང་རྫོགས་ཀྱི་ཟབ་ཁྲིད་ལྷན་སྐྱེས་ཡེ་ཤེས་རྒྱ་མཚོའི་འཇུག་ངོགས་ཞེས་ཀུན་མཁྱེན་རིག་འཛིན་འཇིགས་གླིང་གིས་མཛད་པའི་བདེ་སྟོང་རླུང་གི་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་ཆ་ལག་དང་བཅས་པའི་གནད་བཀྲོལ་མཛད་པ་དེར་ཞལ་གསལ་བར་གསུངས་ཡོད་པར་མ་ཟད། སེམས་སྦྱོང་དོན་ཁྲིད་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་ཞེས་པ་པོད་གཉིས་ཀྱི་བདག་ཉིད་ཅན་དེའི་མཇུག་ན་ཞིབ་རྒྱས་ཀྱིས་གསུངས་ཡོད་པ་དང་། ཡིད་བཞིན་མཛོད་ཀྱི་ལྗགས་འགྲེལ་རྨོངས་མུན་སེལ་བའི་སྣང་མཛོད་ཅེས་པོད་ཆེན་གསུམ་གྱི་བདག་ཉིད་ཅན་དེར་ཡང་མཚན་བཅས་རྩ་ཐིག་རླུང་གསུམ་དང་དེ་དག་ལ་གནད་དུ་བསྣུན་ཚུལ་སོགས་གསལ་བར་གསུངས་འདུག

WechatIMG55.jpeg

 དེ་ཡང་ཐུན་མོང་ཕྱི་ལྟར་བཤད་ན། སྐྱབས་རྗེ་བླ་མ་མཆོག་ནི་གནའ་སྔ་དུས་ཀྱི་སྲིད་འཛིན་ས་ཁོངས་ལྟར་ན། སྟོབས་ལྡན་སྡེ་དགེ་རྒྱལ་པོའི་ཆབ་འོག་ཏུ་འདུ་བའི། རོང་སྡེ་རྫོང་ཁག་ཉེར་ལྔ། འབྲོག་སྡེ་ལྷོ་རྫ་གཉིས་ཞེས་གྲགས་པ་ལས། བྱང་རྫ་ཆུའི་ཀླུང་འགྲམ་དུ། བཤད་ན་གཏམ་མཁས། བསྐོར་ན་བློ་བཟང་། བརྟན་ལ་གཞུང་ཐུབ་པ། ཉེ་འབྲེལ་ཡ་རབས་སུ་འབྲེལ་བས་བཟང་པོའི་མི་རྒྱུད་མ་ཆད་པའི་དཔོན་ཐོབ་སུམ་ཅུ་སོ་ལྔ་ཡོད་པའི་ནང་ཚན། རྫ་རྒྱུད་ཞོལ་མའི་ཧོར་ཤུལ་དཔོན་རྒྱུད་དུ་སྐུ་འཁྲུངས་ཤིང་། དེའི་སྟབས་ཀྱིས། མཐེབ་ཀྱིས་མདའ་ནོན་པ། རྐྱལ་གྱིས་ཆུ་ཆེན་བརྒལ་བ། ཡར་རྩལ་བྱ་ལ་འགྲན་པ་སྟེ་ལུས་ཀྱི་རྩལ་གསུམ་དང༌། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱི་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་ཕོ་རྩལ་སྣ་དགུའི་ཡོན་ཏན་རང་ཆས་སུ་མངའ་བ་དང་།ཐུན་མིན་ནང་ལྟར་བཤད་ན། ལུས་གནས་རྩ་ཡི་ཡི་གེ་རབ་ཏུ་གསལ་ཞིང་ངག་གི་སྒྲིབ་པ་རྣམ་པར་སྤངས་པའི་སྟོབས་ཀྱིས། སྐུའི་སྐྱེ་མཆེད་ཤིན་ཏུ་དྭངས་ཤིང་སྐུ་ཡི་ཆ་ལག་དང་ཉིང་ལག་ཀུན་ཏུ་འཚམས་ཤིང་མཛེས་པ། གསུང་ནི་ཞལ་སྒྲོས་གསལ་ཞིང་རྣ་བར་འཇེབས་པ། མཛེས་ཤིང་ཡིད་དང་མཐུན་ལ་བཟང་ཞིང་སྤྲོ་བ་སྐྱེད་པ་སོགས་ཚངས་པའི་དབྱངས་ཀྱི་ཡན་ལག་ཡོངས་སུ་ཚང་ཞིང་། འཇིག་རྟེན་མི་ཆོས་ནས་བརྩམས་ཏེ་གསུང་བཤད་གནང་བ་ན། བརྗིད་ལ་དོན་དང་ལྡན་པ། མཚར་ལ་བཞད་གད་འབྱིན་པ། བདེན་ལ་ངེས་ཤེས་སྐྱེད་པའི་སྒྱུ་རྩལ་དང་། དམ་པ་ལྷ་ཆོས་ནས་བརྩམས་ཏེ་གསུང་བཤད་གནང་བ་ན། མཚར་ལ་དད་པ་སྐྱེ་བ། སྙན་ལ་མཆི་མ་འཆོར་བ། སེམས་ལ་ངེས་ཤེས་སྐྱེ་བ་སོགས་ཀྱི་ཁྱད་ཆོས་མངའ་བ་དང་། ཁྱད་པར་ཐུགས་ཀྱི་ཁྱད་ཆོས། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་། །མཁས་པ་མཁས་པའི་གནས་ལ་ལེགས་བསླབས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་མཁྱེན་ཀུན་དགའ་རྒྱལ་མཚན་དཔལ། །ཞེས་གསུངས་པ་དང་ཚུལ་མཐུན་པར། སྐུ་ཚེ་འདིར་དུས་ཀྱི་གཡོ་འཁྲུགས་དྲག་པོའི་དབང་གིས་ཡུན་རིང་སྦྱངས་པའི་མཛད་པ་ལྷུར་མ་བཞེས་ན་ཡང་། སྐུའི་ཕྲེང་བ་མང་པོར་རྒྱ་ཆེན་རིག་པའི་གནས་ལ་སྦྱང་པ་གནད་སྨིན་མཛད་པའི་སྟབས་ཀྱིས། དེང་འདིར་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་མྱུ་གུ ལྷག་པའི་ལྷ་དང་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱིས་བརླན་པར་བྱས་པའི་སྟོབས་ཀྱིས། མཐའ་ཡས་རིག་པའི་གཞུང་ལུགས་སྤྱི་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཟབ་གནད་མཐའ་དག་ལ་མཁྱེན་རབ་ཀྱི་སྙེ་མ་གཡུར་དུ་ཟ་ཞིང་། མན་ངག་གི་གནད་གསང་འགྲོལ་བ་ལ་ཀུན་མཁྱེན་བླ་མ་ཉིད་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ཁྱད་ཆོས་མངའ་ལ། ཁྱད་པར་གསང་བ་ལྟར་བཤད་ན་དཔལ་ཧེ་རུ་ཀ་རིག་སྔགས་འཆང་བའི་རྒྱལ་བོའི་ཚུལ་བཟུང་བ་བདེ་གཤེགས་ཟུར་བོ་ཆེ་ཤཱཀྱ་འབྱུང་གནས་ཉིད། སླར་ཡང་སྔ་འགྱུར་ནང་རྒྱུད་ཀྱི་བསྟན་པ་གཞིར་བཞེངས་སུ་བསླང་བའི་ཕྱིར། ངུར་སྨིག་འཛིན་པའི་རྣམ་པར་ཕེབས་པ་མཁན་ཆེན་པདྨ་བཛྲ་གྱི་སྐུའི་སྐྱེ་བའི་ཕྲེང་བ་འདི་ཉིད་ཀྱང་། སྐུ་སྐྱེ་སྔ་མ་དང་མཚུངས་པར་ཀུན་མཁྱེན་རྣམ་གཉིས་ཀྱི་ཡེ་ཤེས་སྒྱུ་མ་སྐུས་མངོན་སུམ་རྗེས་སུ་བཟུང་བའི་སྟབས་ཀྱིས་ཆོས་ཐམས་ཅད་མ་བསླབ་པར་མཁྱེན་པའི་ཀློང་རྡོལ་ཞིང་། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཡོངས་སུ་གྲོལ་བས། མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་དག་འཆད་པ་དང་རྩོམ་པ་ལ་ཐོགས་པ་མེད་ཅིང་། འཆད་པ་དང་རྩོམ་པ་ཐམས་ཅད་སྡེབ་ལེགས་ལ་ཟློས་སྐྱོན་མེད་པ། ཉུང་ངུའི་ངག་གིས་རྒྱ་ཆེ་བའི་དོན་ཟབ་སྟོན་པ་སོགས་ཀྱི་ཁྱད་ཆོས་ནི་ཀུན་ལ་མཐུན་སྣང་དུ་གྲུབ་པ་ལྟར་རོ། །

  དེས་ན་སྐྱབས་རྗེ་བླ་མ་མཆོག་གི་ལོངས་སྤྱོད་འཁོར་ལོའི་མགྲིན་རྔ་ལས་ཐོན་པའི་ལེགས་བཤད་ཀྱི་སྒྲ་དབྱངས་ཐོག་མཐའ་བར་གསུམ་དགེ་ཞིང་། དོན་དང་ཚིག་འབྲུ་བཟང་པོའི་ཡོན་ཏན་གྱིས་སྤུད་པ་དག རྡོ་རྗེའི་སློབ་མ་མཁྱེན་དཔྱོད་མཆོག་ལྡན་དག་གིས་མ་ནོར་མ་འཁྲུལ་བར་ཡིག་གེར་བཀོད་པ་འདི་དག་ནི། རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་དགོངས་དོན་རྣམ་པར་འགྲེལ་བ་ལ་ཆེས་དགོས་གལ་ཆེ་བའི་གསལ་བྱེད་ཀྱི་རྒྱན་ཉིད་དུ་ལགས་པས། འདི་ཉིད་འགྲེམ་སྤེལ་གྱི་བྱ་གཞག་འདི་ནི་ཆེས་གལ་ཆེ་ལ་གནད་ཆེ་བས་ན་འདི་ཐད་སྐུ་ངལ་གནང་མཁན་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་བར་མ་ཟད་རྗེས་སུ་ཡི་རང་ཡང་ཡང་ཞུ་རྒྱུ་ཡིན། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།