འཇུ་མི་ཕམ་རིན་པོ་ཆེའི་གསུང་མགུར་ཐོར་བུ།

1606434524177459.jpeg

༄༅། །སྐྱིད་གླུ་བཞུགས་སོ། །

       སངས་རྒྱས་ཀུན་དངོས་བརྒྱུད་གསུམ་བླ་མ་ཡི་དགོངས་བཅུད། །བསྟན་པའི་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི་ཟབ་གནད། །མ་ནོར་ལེགས་པར་འཛིན་མཛད་མཆོག་ཚོགས་ཀྱི་འདུས་པ། །ཕན་བདེའི་འབྱུང་གནས་ཡིད་བཞིན་དབང་མཆོག་གི་རྒྱལ་པོ། །གཙུག་ཏུ་བཀོད་ནས་སྐལ་ལྡན་བདག་ཉིད་དང་བདག་འདྲའི། །ལེགས་སྨོན་དུས་སུ་སྨིན་པའི་བློ་ལྡན་གྱི་ཚོགས་སུ། །རང་སྙེམས་ཞེན་པ་མེད་པའི་བདེན་གཏམ་གྱི་རང་བཞིན། །ཉམས་དབྱངས་སྐྱིད་གླུ་ལེན་ནོ་ཤེས་ལྡན་གྱི་གྲོགས་པོ། །སྙིགས་མ་ལྔ་པོ་བདོ་བ་དེང་སང་གི་དུས་ན། །བསྒྲིམ་བསྒྲིམ་ཇི་ལྟར་འབད་ཀྱང་རྩོལ་བཅས་ཀྱི་ཐེག་པས། །ཤིན་ཏུ་གདུལ་བར་དཀའ་ཡང་རྩོལ་མེད་ཀྱི་ཉམས་ལེན། །ཆོས་ཕུང་བརྒྱད་ཁྲིའི་འགགས་མདུད་རང་གྲོལ་དུ་གཏོང་བ། །སྙིང་དབུས་མི་ཟད་ཆོས་ཀྱི་གཏེར་སྒོ་དེ་འབྱེད་པའི། །ལམ་མཆོག་འདི་དང་ལྡན་ན་ནགས་ཚལ་ལ་མེ་བཞིན། །སྙིགས་མའི་རྐྱེན་ངན་སྣ་ཚོགས་ལམ་ཁྱེར་དུ་ནུས་པའི། །རྣལ་འབྱོར་སྐལ་ལྡན་དེ་ཚོ་སྐྱིད་པ་ཡི་རབ་མཆོག །ཕ་མེས་རིག་འཛིན་བརྒྱུད་པའི་ཕ་འབབ་ལ་བརྟེན་ཏེ། །གཞན་གྱིས་བསྐལ་མང་འབད་པས་བསྒྲུབ་ནའང་དཀའ་བའི། །སྲིད་གསུམ་འཁོར་བའི་གཡང་ས་རིག་རྩལ་གྱིས་གཅོད་ཅིང་༌། །གྲུབ་མཆོག་རིག་འཛིན་དཔའ་བོའི་དགའ་ཚལ་ལ་ཡུད་ཀྱིས། །མཁའ་ལ་ཁྱུང་ལྡིང་བཞིན་དུ་གཅིག་རྗེས་གཅིག་སླེབ་པའི། །གྲུབ་བརྙེས་བརྒྱུད་ལྡན་བླ་མའི་གྲལ་རིམ་ལ་བསམ་ན། །གྲལ་མཐའི་བཙུན་ཆུང་བདག་ཀྱང་ཉམས་དགའ་ཡི་ངང་ནས། །སྐྱིད་པའི་གླུ་ཆུང་ལེན་སྙིང་འདོད་པ་ཞིག་བྱུང་ངོ་༌། །གཟུང་འཛིན་ཚ་དབལ་འཁྲུགས་པའི་ཀུན་རྟོག་གི་སེམས་ལ། །ཅིར་བྱས་ཅིར་མི་ལོ་བའི་རང་གཤིས་སུ་ཤོར་བས། །མང་ཐོས་མང་སྨྲ་མང་དུ་བསམ་པ་ཡི་སྐྱེ་བོ། །མང་ཞིག་ཚོགས་ཀྱང་དམུས་ལོང་རྣམས་ཀྱིས་ནི་ཉི་ཟླ། །ཇི་བཞིན་ཕྱོགས་ཙམ་མི་ཤེས་ཆོ་ངེ་རང་སྒྲོག་མོད། །བརྒྱུད་ལྡན་བླ་མའི་མན་ངག་ཡིད་གཏིང་དུ་ཁེལ་བས། །བློ་འདས་ཡེ་ཤེས་རྩི་སྨན་ཅུང་ཟད་ཅིག་ཐེབས་པས། །མ་གོམས་དེ་གར་ལུས་ཀྱང་སྐྱིད་པོ་རང་འདུག་གོ །རིགས་གསུམ་རྒྱལ་བ་འདུས་པའི་ངོ་བོ་ཡི་བླ་མ། །མཚན་ཙམ་དྲན་པས་བྱིན་རླབས་ཆར་སྤྲིན་ལྟར་གཡོ་བ། །བོད་ལ་བཀའ་དྲིན་མཚུངས་མེད་རིག་འཛིན་གྱི་སློབ་དཔོན། །མཚོ་སྐྱེས་རྡོ་རྗེའི་ཞབས་པད་འདོད་འབྱུང་གི་ནོར་བུ། །སྤྱི་བོའི་གཙུག་ཏུ་བསྒོམ་པའི་སྐལ་བཟང་འདི་ཐོབ་པ། །ལྷ་སྐལ་ཆད་པའི་དད་མེད་འགའ་ཞིག་ལ་བསམ་ན། །དད་པའི་གནས་ལ་དད་པ་རྙེད་པ་འདི་རྙེད་པའི། །མཆོག་ཏུ་ཡིད་ཆེས་དེ་ཕྱིར་སྐྱིད་པོ་རང་འདུག་གོ །སྔ་འགྱུར་གསང་སྔགས་གདམས་པ་བདུད་རྩི་ཡི་བཅུད་བཟང་༌། །རྣ་ལམ་འལ་འོལ་བྱུང་ཡང་སྙིང་ག་རུ་མ་སོན། །ཟབ་མོའི་གནས་ལས་ཕྱིར་ཕྱོགས་རིག་འཛིན་གྱི་བགོ་སྐལ། །ཆད་པའི་སྐྱེ་བོ་མང་ཞིག་སྙིང་རྗེ་ཡི་འོས་ཀྱང་༌། །བླ་མ་ལྷ་དང་དཀྱིལ་འཁོར་དམ་ཚིག་གི་གྲོགས་པོ། །རང་སྣང་དག་པའི་ངོས་ན་དབྱེར་མེད་ཀྱི་ཚོམ་བུ། །རྔ་ཡབ་དཔལ་རིར་འགྲོགས་པའི་དགའ་སྟོན་ལ་བསམ་ན། །ཉམས་དགའི་སྐྱིད་བྲོ་མི་འཁྲབ་རང་དབང་ནི་མི་འདུག །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ངོ་བོ། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་བདག་ཉིད་དུ་བཞུགས་ལ། །ཡིད་ཆེས་དད་པས་གསོལ་འདེབས་ཉུང་ཤས་ཤིག་བགྱིས་ཀྱང་༌། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་དེ་འབྱེད་ལ། །སྐྱེས་བུའི་མིག་འཛུམ་ཙམ་ཀྱི་དཀའ་བ་ནི་མེད་ཚོད། །དུས་ངན་ལྟ་བའི་སྙིགས་མ་བདོ་བར་ནི་ལྷུང་ཕྱིར། །རང་དབང་ཟབ་དོན་རྟོགས་པ་དཀའ་ཚོད་དུ་འདུག་ཀྱང༌། །མོས་ལྡན་རེ་ཟུང་ཡོད་ན་སྐྱིད་པོ་རུ་འདུག་གོ །རིག་སྟོང་གཉུག་མ་ཆོས་སྐུ་ཆེན་པོ་ཡི་རང་ཞལ། །གྲངས་མེད་དཀའ་བ་སྤྱད་པའི་ཐ་མ་ལས་གཞན་དུ། །མཐོང་བའི་རེ་བ་བྲལ་ཡང་ཟབ་དོན་གྱི་མན་ངག །གནད་དུ་འབྱོར་ན་མི་ཚེ་འདི་ཉིད་ཀྱི་ཕྱེད་ལ། །མཐོང་ལ་ལ་ཐང་མེད་ཕྱིར་བླ་མ་ཡི་གདམས་ངག །དཀོན་ལ་དཀོན་པར་མཐོང་ནས་ཡིད་ཆེས་ཀྱི་དད་པ། ནགས་ལ་མེ་བཞིན་འཕེལ་བས་གཞན་ཟེར་གྱི་ཚང་ཚིང་༌། །ཐེ་ཚོམ་དྲྭ་བ་ཆོད་པ་དེ་ཕྱིར་དེང་སྐྱིད་དོ། །དེང་དུས་ལེགས་ལེགས་ཚིག་སྐམ་ཆོ་ག་ཡི་ལྗོན་ཤིང་༌། །དོན་བརྒྱུད་བྱིན་རླབས་རླན་བྲལ་འབྲས་མེད་ཀྱི་བསྟི་གནས། །སྐལ་མེད་བྱ་ཚོགས་མང་པོས་བསྟེན་པ་རུ་མཐོང་ཚེ། །བླ་མའི་བྱིན་རླབས་སྤྲིན་ལས་གདམས་ངག་གི་ཆར་རྒྱུན། །གང་དུ་ཕེབ་པར་རྩ་གསུམ་སྲུང་མ་ཡི་དགྱེས་ཞལ། །ལྷག་ལྷག་ངོམས་པས་དོན་གཉིས་འབྲས་བཟང་དུ་སྨིན་ནས། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་ནུས་པ་ཡི་མངའ་དབང༌། །མི་འབྱོར་རང་དབང་མེད་འདི་སྐྱིད་པོ་རུ་གདའོ། །ཟབ་དོན་མཁའ་འགྲོའི་གསང་མཛོད་བཀའ་གཏེར་གྱི་མཛོད་ཁང་༌། །ཕ་ཕོག་བུ་ལ་གདམས་ལྟར་གུ་རུ་ཡི་ཐུགས་རྗེས། །སྔ་འགྱུར་རིང་ལུགས་འཛིན་ལ་བགོ་སྐལ་དུ་གནས་པས། །བློ་ལྡན་མོས་ལྡན་སྐལ་ལྡན་ཀུན་ཚང་ཞིག་སྲིད་ན། །ནོར་བུའི་གླིང་ནས་ས་རྡོ་ཕལ་པ་ཡི་གླིང་དུ། །མ་བགྲོད་འདིར་འདུས་འདིར་ལྟོས་འདི་ཉིད་ལ་ཞུགས་དང་༌། །དོན་གཉིས་འགྲུབ་ལ་ལ་ཐང་མེད་པ་འདྲ་འདུག་པས། །དོན་གྲུབ་བཟང་པོས་སྨྲས་འདི་དོན་ལྡན་དུ་མཛོད་ཅིག །དེ་སྐད་སྨྲས་པ་དེ་ལ་དེ་བཞིན་དུ་དད་པའི། །སྐལ་ལྡན་དེ་ལ་རྩ་གསུམ་སྲུང་མ་ཡི་དགྱེས་ཞལ། །མངོན་དུ་ཕྱོགས་བཞིན་དགེ་མཚན་དབུགས་དབྱུང་གི་གསུང་གདངས། །འབྲུག་སྒྲ་སྟོང་ལྟར་སྒྲོག་ཅིང་དགེ་ལེགས་ཀྱི་མེ་ཏོག །སིལ་སིལ་ཆར་དུ་བསྙིལ་ནས་མི་མཐུན་པའི་ཕྱོགས་ལས། །རྟག་ཏུ་རྣམ་པར་རྒྱལ་བའི་གྲགས་སྙན་གྱི་བ་དན། །སྲིད་པ་གསུམ་ན་མཚུངས་མེད་མངོན་པར་ནི་མཐོ་བའི། །བཀྲ་ཤིས་སྣང་བ་མཆོག་གིས་མངའ་གསོལ་དུ་མཛོད་ཅིག ། ཅེས་པའང་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་ལེགས་འཕེལ་ལོ། །མངྒ་ལཾ།། །།

WechatIMG759.jpeg

      ༈ རྡོ་རྗེའི་རྟོགས་པ་གསང་བའི་དོ་ཧ།

དབྱངས་ཅན་སྒྱུ་མའི་རྒྱལ་མོའི་སྒྱུ་ཐབས་འཕྲུལ། །ནམ་མཁའ་ལས་བྱས་མེ་ལོང་གཅིག་གི་ངང༌་། །མ་ལུས་སྲིད་ཞིའི་གཟུགས་བརྙན་ཀུན་སྣང་བ། །རྟག་ཏུ་བལྟ་བའི་གཟིགས་མོ་ལ་གཡེང་བ། །དཔྲལ་བའི་དཀྱིལ་ན་གནས་པའི་མིག་པོ་ཆེ། །མཐོང་མེད་ནམ་མཁའི་ཁམས་སུ་ཐལ་གྱིས་བགྲད། །མ་ལུས་མཐོང་བཞིན་མཐོང་མེད་ནམ་མཁའ་བཞིན། །ཐམས་ཅད་ནམ་མཁའི་ངང་དུ་མཐོང་ནས་དེར། །ནམ་མཁའ་ལས་འཁྲུངས་མེ་ཏོག་དགའ་ཚལ་དུ། །སྟོང་པ་ཅི་ཡང་མེད་པའི་མོ་གཤམ་ལས། །སྣང་བ་ཅིར་ཡང་འཆར་བའི་མཛེས་ལྡན་མ། །སྐྱེས་ནས་རྒྱལ་རྣམས་ཆགས་པའི་མཛེས་སྡུག་གིས། །ངེད་ཀྱང་སྦྲང་རྩིས་སྦྲང་རྩི་སྤྱོད་བཞིན་དྲང་༌། །དེ་ཚེ་རྩེ་དགའི་དགའ་སྟོན་ཉིན་མཚན་དུ། །མྱོང་ཡང་ད་དུང་ཚིམ་པར་མ་གྱུར་ལ། །མ་ལུས་གཟིགས་མོས་གཡེངས་ཀྱང་ལྟ་བ་ཡི། །བྱ་བ་མཐའ་དག་རྫོགས་པར་མ་གྱུར་ཀྱང༌། །ནམ་ཞིག་དེ་དང་ང་ཡང་ལྷན་ཅིག་ཏུ། །འདྲེས་པའི་མོད་ལ་དེ་མཐོང་བཞིན་དུ་བདག །དེ་དང་འདྲ་བ་ཁོ་ནར་མཐོང་བའི་མོད། །བྱར་མེད་ངང་ལ་སིམ་པའི་མཆོག་ཐོབ་ནས། །མ་ལུས་མཐོང་བ་ཀུན་ཀྱང་དེ་ན་རྫོགས། །ནམ་མཁའི་མེ་ཏོག་སྨིན་པའི་སྦྲང་རྩིའི་རོ། །ཟ་ཞིང་མོ་གཤམ་བུ་མོའི་རེག་བྱའི་བཅུད། །མྱོང་བའི་བློ་ལྡན་ནམ་མཁའི་ཁྱེའུ་ཆུང་༌། །སྒྱུ་མའི་རྒྱལ་ཐབས་བཙན་པའི་གྲོང་ཁྱེར་ན། །སྲིད་པའི་བཙོན་ཁང་སྲུང་བའི་དགྲ་ཡི་དཔུང༌། །འཇོམས་པ་རྡོ་རྗེ་རྣོན་པོའི་རལ་གྲི་ཡིས། །མ་ལུས་ཐམས་ཅད་བཅད་ཀྱང་བདག་གིས་བདག །མ་བཅད་དེ་སྲིད་ད་རུང་གཅོད་ལ་དགྱེས། །ནམ་ཞིག་རང་ཡང་བཅད་ཚེ་གཅད་བྱ་གཞན། །ཤེས་བྱའི་ཁོང་ན་མེད་པར་ཤེས་ནས་ཀྱང༌་། །མི་ཤིགས་རྡོ་རྗེ་ནམ་མཁའི་རྒྱལ་ཐབས་ལ། །མཐའ་དབུས་མེད་པར་མཉམ་པའི་རྒྱལ་སྲིད་ཐོབ། །བྱར་མེད་བྱ་བ་ཟིན་པའི་ཐིག་ལེ་ནི། །གནས་མེད་ནམ་མཁའི་དཀྱིལ་ན་གནས་ནས་ཀྱང་༌། །སྣང་མེད་སྣང་བ་ཆེན་པོས་འོད་བཀྱེས་ནས། །སྐྱེ་མེད་སྐྱེ་རྒུའི་སྨག་ཆེན་རྟག་ཏུ་གསལ། །ཞེས་ཟླ༧ ཚེས༡༦ ལ་མི་ཕམ་པས་བྲིས་སོ། །

       ༈ ཡུངས་འབྲུའི་ནང་གི་ནམ་མཁའ་ནི། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས། །བགྲོད་ཀྱང་ཕ་མཐའ་མི་རྙེད་པར། །དེ་ཡི་དཀྱིལ་དུ་མདའ་ཞིག་རྒྱོབ། །གཏད་མེད་མདའ་དེ་མིག་དང་འདྲ། །འབེམ་མེད་འབེམ་དེ་ཐལ་གྱིས་ཕུག །ཐ་གྲུ་མེད་པའི་ཐ་གྲུའི་ཁྱོན། །རིལ་པོ་གཅིག་ཏུ་བཞག་པ་སྟེ། །དག་པའི་ཤེལ་སྒོང་ཇི་བཞིན་དུ། །ཀུན་ནས་རང་བཞིན་ཡོང་དག་ལ། །མ་རིག་རང་སངས་ཡེ་ཤེས་རྒྱས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །  ཚེས་༡༨ ལ་མི་ཕམ་པས་སོ། །

      ༈ སེམས་ཀྱི་རང་བཞིན་སྟོང་གསལ་དབྱེར་མེད་པ། །བརྗོད་མེད་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །མཐོང་ཞིང་མཐོང་མཁན་ཉིད་ཀྱང་དེ་ཉིད་ལས། །གཞན་ན་མེད་པར་ཐིག་ལེ་ཉག་གཅིག་ཀློང་༌། །བལྟ་བྱ་ལྟ་བྱེད་བྲལ་ཡང་རང་གིས་རང་༌། །ལྷག་མ་མེད་པར་དུས་གཅིག་མཐོང་བ་ལྟའི། །མཐའ་དབུས་མེད་པའི་ཉམས་མྱོང་ཁྱད་པར་ཅན། །བྱར་མེད་བྱ་བ་ཟིན་པའི་འབྲས་ཅན་དེར། །མཐོང་བ་ཅི་ཡང་མེད་ཀྱང་མཐོང་འདོད་ཀྱི། །ལྟ་བ་ཚོལ་བའི་ཞེ་འདོད་གཏིང་ནས་ནི། །ངང་གིས་ཞིག་པའི་བློ་བདེ་ཁོང་སྙོམ་ལ། །རེག་པ་འཇམ་དཔལ་དཔའ་བོའི་འོད་བཟང་ཡིན། །

མེ་བྱི་ཟླ ༧ ཚེས ༡༧ ལ་མི་ཕམ་པས་བྲིས་པ་མངྒ་ལཾ།། །།

WechatIMG1435.jpeg       

  ༈མ་ཚོགས་ཌཱ་ཀིའི་སྙིང་གི་དྭངས་མ་འགུགས་པའི་གླུ་དབྱངས།

ཨ་ཧོ། མ་དག་ཐ་མལ་སྣང་བའི་ཆོས་ཀུན་ཀྱི་རང་བཞིན། །གདོད་ནས་སྣང་སྟོང་ཆོས་སྐུའི་ཡེ་ཤེས་སུ་ཤར་བའི། །རང་སྣང་རྣམ་དག་ཡེ་ཤེས་ཌཱ་ཀི་ཡི་གྲོང་ཁྱེར། །ངོ་མཚར་མཆོག་ཏུ་དགའ་བའི་ཕོ་བྲང་གི་དབུས་ན། །པདྨའི་རྒྱལ་པོ་བདེ་ཆེན་ཐོད་པ་རྩལ་བཞུགས་ཏེ། །བརྒྱུད་གསུམ་རིག་འཛིན་བླ་མའི་སྤྲིན་ཕུང་དེ་འཁྲིགས་ལས། །ཐུགས་རྒྱུད་དགོངས་པའི་རང་རྩལ་བདེ་སྟོང་དུ་ཤར་བ། །འཇའ་འོད་མེ་ཏོག་ཐིག་ལེས་བྱིན་བཀྲག་ཅིག་ཕོབ་ཤོག །བརྒྱུད་གསུམ་ཌཱ་ཀིའི་སྙིང་ཁྲག་དྭངས་མ་ཡི་བཅུད་བཟང་༌། །ཡིད་ལ་སིམ་སིམ་ཐིམ་པའི་སྐལ་བཟང་གི་ལང་ཚོའི། །མཚུངས་མེད་མཛེས་པ་ངོམས་པས་མ་ཚོགས་ཀྱི་མཁའ་འགྲོ། །དབང་མེད་སྤྲིན་ལྟར་འདུ་བའི་གླུ་དབྱངས་འདི་ལེན་ནོ། །སྣ་ཚོགས་གདུལ་བྱའི་དོན་བྱེད་ཐེག་པ་ཡི་ཆོས་ཚུལ། །མང་མང་མཚོ་ལྟར་བསྐྱིལ་བའི་གདམས་ངག་གི་སྙིང་པོ། །འོད་གསལ་རྡོ་རྗེ་སྙིང་པོའི་ཡིད་བཞིན་གྱི་དབང་རྒྱལ། །མཐོང་དང་རྟོགས་པ་སྐལ་ལྡན་རེ་ཟུང་ཙམ་ཡིན་ནོ། །འདི་ན་ཆོས་ཀུན་ཆོས་ཉིད་བདེན་སྟོང་དུ་ངེས་པས། །སྣང་བ་རྟེན་འབྲེལ་སྒྱུ་མའི་ཡོ་ལང་དུ་ཤར་ཏེ། །གང་སྣང་ཕྱམ་ཕྱམ་སྣང་སྟོང་རོལ་མོ་རུ་མཐོང་བས། །སྒྱུ་མའི་རྣལ་འབྱོར་སྐྱིད་པའི་བྲོ་གཞེས་ཤིག་བྱེད་དོ། །སྙིང་དབུས་དྭངས་མ་ལྔ་ལྡན་འོད་ཟེར་གྱི་གུར་ཁང༌་། །སྦས་པའི་སྒོ་མོ་ཐབས་མཆོག་ལྡེ་མིག་གིས་ཕྱེས་པས། །ཀ་དག་ལྷུན་གྲུབ་ཆོས་སྐུ་ཡེ་ཤེས་ཀྱི་སེམས་དཔའ། །འཇམ་དཔལ་དཔའ་བོའི་རང་ཞལ་རྗེན་པ་རུ་མཐོང་སོང་༌། །དུས་གསུམ་རྒྱལ་བའི་ཞལ་རས་མ་ལུས་ཀྱང་རྫོགས་པ། །རིག་འཛིན་དཔའ་བོ་དུ་མའི་ཞེ་ཕུགས་ཀྱི་སྐྱེལ་སོ། །མ་རྒྱུད་མཁའ་འགྲོ་འབུམ་གྱི་སྙིང་ཁྲག་གི་དྭངས་མ། །རྒྱུད་ཆེན་རྒྱ་མཚོས་བསྟན་པའི་སྙིང་པོ་དེ་འདི་ག །གཤེགས་དང་འབྱོན་འགྱུར་བཞུགས་པ་སྲས་བཅས་ཀྱི་རྒྱལ་བ། །བརྒྱུད་གསུམ་བླ་མ་ཌཱ་ཀི་ཆོས་སྐྱོང་གི་འདུ་ཚོགས། །མཁའ་ལས་སྤྲིན་ལྟར་གཡོ་བ་བསླུ་མེད་ཀྱི་ཆོས་ཉིད། །ཀུན་ཀྱང་སྙིང་པོ་འདི་ཡི་དམ་ཚིག་ལས་མི་འདའ། །དེ་རིང་འདི་ན་ཚོགས་པ་རྡོ་རྗེ་ཡི་མཆེད་གྲོགས། །སྣང་སྟོང་ཡེ་ཤེས་ཐིག་ལེའི་སྲོག་གཅིག་ཏུ་བཟླུམས་པས། །ཀུན་ཀྱང་ཀུན་སྣང་སྒྱུ་མའི་འཇའ་རིས་སུ་ཡལ་ཏེ། །ཟུང་འཇུག་འོད་སྐུ་འགྲུབ་པའི་རྟེན་འབྲེལ་རང་འགྲིགས་སོང༌་། །དམ་ཅན་ལྷ་མི་རྣལ་འབྱོར་ཕྱི་ནང་གི་འདུ་བ། །མཐོང་ཐོས་དྲན་རེག་གིས་མཚོན་འཁོར་འདས་ཀྱི་སྣང་ཆ། །ཀུན་ཀྱང་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཀློང་ནས། །རོ་གཅིག་འདུ་འབྲལ་མེད་པའི་བདེ་ཆེན་ལ་གནས་སོང་༌། །རིག་དབྱིངས་ཡེ་ཤེས་སྐུ་མཆོག་ངེས་ཤེས་ཀྱི་མིག་གིས། །གཉིས་སུ་མེད་པའི་ཚུལ་གྱིས་མཐོང་བ་ཡི་མོད་ལ། །གང་ཤར་དབྱངས་སུ་བླང་བ་ཆོས་ཉིད་ཀྱི་རང་སྒྲས། །ཀུན་ལ་སྣང་སྟོང་མཉམ་པའི་ཡེ་ཤེས་དེ་ཕོབ་ཅིག །ཀུན་ཀྱང་རོ་མཉམ་ཡེ་ཤེས་ཆེན་པོ་ཡི་ཐིག་ལེ། །ཀུན་སྣང་མི་འགགས་དགའ་ཆེན་བདེ་མཆོག་གི་རོལ་མོ། །ཀུན་ཁྱབ་རྟག་པ་དམ་པའི་དགེ་ལེགས་ཀྱི་སྣང་བས། །ཀུན་ཏུ་ཕུན་སུམ་ཚོགས་པའི་ཤིས་པ་དེ་སྩོལ་ཅིག །ཅེས་མ་ཚོགས་མཁའ་འགྲོ་མ་རྒྱ་མཚོའི་སྙིང་གི་དྭངས་མ་འགུགས་པའི་གླུ་དབྱངས་འདི་ཤིང་ཁྱི་ཟླ ༡༢ ཚེས ༩ ལ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བཀའ་ལུང་གིས་ཟིལ་གནོན་དགྱེས་པ་རྩལ་དུ་འབོད་པས་གང་ཤར་བཅས་བཅོས་མེད་པར་ཤར་མར་བྲིས་པ་མངྒ་ལཾ།། །།

  timg-1.jpeg

༄༅། །སྐྱོ་གླུ།

      ཀྱེ་མ་ཀྱི་ཧུད་རྩ་གསུམ་རྒྱལ་བ་ཡི་ལྷ་ཚོགས། །སྙིགས་མའི་འགྲོ་ལ་ཡེ་ཤེས་ཐུགས་རྗེ་ཡིས་གཟིགས་དང༌་། །རང་དང་གཞན་གྱི་སྤྱོད་ཚུལ་སྣ་ཚོགས་ལ་བསམ་ན། །གདུང་བའི་སྨྲེ་སྔགས་མི་འདོན་རང་དབང་ནི་མི་འདུག །ཐོབ་དཀའི་དལ་རྟེན་དོན་མེད་ཆུད་ཟོས་ལ་གཏོང་ཞིང༌་། །ངེས་མེད་འཆི་བའི་བག་ཟོན་གྱི་ན་རུ་བོར་ནས། །རྒྱུ་འབྲས་ཞིབ་པར་མི་བསམ་ལས་ངན་གྱི་བཙུན་གཟུགས། །ང་དང་ང་འདྲ་ཡོད་ན་ཐུགས་རྗེ་ཡིས་གཟིགས་ཤིག །མེ་སྟག་ཕྲ་མོ་མི་བཟོད་གཅེས་དགུ་ཡི་རང་ལུས། །ལྕགས་སྲེག་ས་གཞིར་ཉལ་བ་སུ་ཞིག་གིས་བཟོད་ནུས། །སང་ཙམ་འཆི་བ་བྱུང་ནས་ངན་སོང་གི་སྡུག་བསྔལ། །མི་མྱོང་རང་དབང་མི་འདུག་བླ་མ་རྗེ་མཁྱེན་ནོ། །ཐོག་མེད་གོམས་པའི་དབང་གིས་བློས་བྱས་ཀྱི་ལྟ་བ། །ཕག་ལ་མི་གཙང་བཞིན་ཏུ་རང་སེམས་དང་མཛའ་བས། །ཞེན་མེད་མཐའ་བྲལ་ཟེར་ཡང་བློ་འདས་ཀྱི་ངང་ནས། །ཡིན་ལུགས་གནད་དུ་ཁེལ་བའི་ལྟ་བ་ཞིག་དཀའ་ཚོད། །ལྟོ་འགྲང་སོས་དལ་སྡོད་པའི་ཡད་ཡུད་ཀྱི་བསྒོམ་ལ། །ཨ་འཐས་ཉམས་ཀྱི་ངང་ན་ཡིན་མདོག་ཅིག་སྟོན་ཡང༌། །རྐྱེན་ངན་ཐོག་ཏུ་བབ་ཚེ་གཞན་ལས་ཀྱང་ལོད་པས། །བསྒོམ་པ་གོ་མི་ཆོད་འདིས་ཅི་ཞིག་རང་བྱེད་དོ། །སྐྱབས་གསུམ་དཔང་བཞག་ཁས་བླང་དམ་ཚིག་དང་སྡོམ་པ། །ཕོར་གང་ཆང་དང་ཡུད་ཙམ་འཁྲིག་པ་ཡི་བདེ་བར། །བརྗེ་ལ་ཁད་ཀྱི་རང་སེམས་ཁྲེལ་མེད་འདིར་ལྟོས་དང་༌། །ད་རུང་དམ་པའི་གྲལ་ལ་སྙེགས་འདོད་ཅིག་གདའ་ན། །འཁོར་བའི་སྣང་ཚུལ་མཐའ་དག་གཡོ་བ་ཡི་རང་བཞིན། །ལྷག་པར་གློག་འདྲའི་ཚེ་ལ་ཡིད་བརྟན་ཞིག་མེད་མོད། །འོན་ཀྱང་བློ་སུན་ཙམ་ཞིག་རང་རྒྱུད་ལ་མེད་པས། །མ་འོངས་བྱ་བྱེད་མང་པོའི་ཤོམ་ར་འདི་ཡ་མཚན། །འགྲོ་ཀུན་ཕ་མར་ཁས་འཆེ་བྱང་སེམས་ཀྱི་སྡོམ་ལྡན། །བདག་གནོད་དང་དུ་ལེན་དང་གཞན་ཕན་གྱི་བྱ་བ། །ལག་ཏུ་ལེན་ཚེ་འགལ་བའི་རང་རྟགས་ཤིག་བྱུང་ཡང༌་། །ཞེ་ཁྲེལ་བདའ་རྒྱུ་མེད་པར་ཡིན་མདོག་ཅིག་བྱེད་མཚར། །སྣང་སྲིད་དག་པ་རབ་འབྱམས་རྒྱལ་བ་ཡི་དཀྱིལ་འཁོར། །བཅོས་དང་བཅོས་མིན་ལམ་གྱིས་མཐོང་བ་ཞིག་དགོས་ཀྱང་༌། །ཡིན་པའི་ངེས་ཤེས་ཙམ་ཞིག་སྐྱེ་བ་ཡང་དཀའ་མཐོང་༌། །དེ་འདྲ་སྔགས་པ་ཡིན་ན་སྔགས་མིན་དེ་སུ་ཞིག །ཏིང་འཛིན་རྫས་སྔགས་ཆོ་གའི་གནད་དོན་ལ་མཁས་ཤིང་༌། །དད་བརྩོན་བསམ་གཏན་བརྟན་པའི་ཡན་ལག་དང་ལྡན་པས། །ལྷ་སྔགས་དབྱེར་མེད་བསྒྲུབ་པའི་གྲུབ་འབྲས་ལ་རོལ་པ། །ཉིན་མོའི་སྐར་མ་བཞིན་དུ་ཉུང་བ་འདི་ཅི་ཞིག །ཐབས་གྲོལ་མན་ངག་ཟབ་མོའི་བབ་གནད་ལ་རེག་པས། །གཉིས་མེད་ཡེ་ཤེས་སྐྱེས་པས་གཉིས་སྣང་གི་རྟོག་པ། །ཟིལ་གྱིས་ནོན་པའི་འབྲས་རྟགས་ཆགས་སྡང་གི་རྦ་རླབས། །རང་ཞིག་སོང་བ་དགོས་ཏེ་སོང་མཁན་ནི་ཨེ་འདུག །བདེ་ན་བསོད་ཉམས་ངང་ནས་འཆི་ཆོས་ཀྱང་མི་དྲན། །སྡུག་ན་ལས་སུ་མི་བསམ་ཆོས་མིན་ལ་སྤྱོད་པ། །རྟག་ཏུ་བདེ་སྡུག་འདོར་ལེན་རང་སེམས་ཀྱི་ངང་ཚུལ། །སྤོས་རྒྱའི་རི་མོ་བཞིན་ཏུ་ཟད་མཐའ་ཞིག་མི་སྣང་༌། །རྙེད་ན་འབྱོར་དགུ་ཇེ་བས་ཇེ་ཆེ་རུ་བསགས་ཤིང་༌། །མ་རྙེད་སྒོ་གསུམ་ཤ་ཐང་ཆད་ཆད་དུ་འབད་དེ། །གཞན་དོན་བྱེད་མདོག་ངང་ནས་དད་འབུལ་གྱི་ནོར་རྫས། །བསགས་བསགས་འཆི་ཁའི་དྲན་པ་གཏད་ས་རུ་བཞག་འདུག །བསྟོད་ན་རང་སྙེམ་རྒྱགས་པའི་མེ་ཆེན་དེ་འབར་ཞིར། །སྨད་ན་མི་དགའ་སྐྱོ་གདུང་ཁྲོ་ཚིག་གིས་མནར་བ། །གང་ལྟར་བྱས་ཀྱང་མི་བདེ་རྣམ་རྟོག་གི་རྦ་རླབས། །ཐ་མལ་བག་ཡངས་གནས་ལ་རེག་དུས་ནི་མི་འདུག །ཐོག་མེད་གོམས་པའི་གཟུང་འཛིན་ཨ་འཐས་སུ་ཤར་བའི། །ཞེན་མེད་སྒྱུ་མའི་བློ་སྣ་འབྱོངས་བར་ཡང་དཀའ་ཕྱིར། །ཇི་བྱས་ཇི་འབད་བཟང་བཟང་ལེགས་ལེགས་ལྟར་སྣང་ཡང་༌། །ཆོས་བརྒྱད་སྙེམས་ཐག་ཆོད་པ་འོང་ཚོད་ནི་མི་འདུག །ལྟར་སྣང་ལུས་ཚུགས་བསྒྲིམས་ནས་ཞི་དུལ་ལ་གནས་ཀྱང་༌། །ཁྱོར་བར་ཆུ་བཞིན་ཟག་པ་ཀུན་རྟོག་གི་རླུང་སེམས། །ཚུལ་མིན་ཡིད་བྱེད་ཀྱིས་ཁྲིད་གཏོལ་མེད་དུ་འཁྱམས་སོང་༌། །ཐ་མལ་གཡེང་བའི་རྣམ་རྟོག་རྒྱ་འབྱམས་འདི་ཅི་འདྲ། །སེམས་རྒྱུད་སྔར་ལས་གྱོང་ཞིང་ཞེན་འཛིན་གྱི་རྟོད་ཕུར། །ཆེས་ཆེར་དམ་དུ་སོང་བ་དུག་ལྔ་ཡི་གཟེབ་ཧྲུལ། །ལེགས་ལེགས་གོས་ཀྱིས་དཀྲིས་ནས་བཟང་བཟང་གི་སྙན་མིང་༌། །བཏགས་པས་འགྲོ་ཀུན་འདྲེན་པའི་མཆོད་སྡོང་དུ་བརྩིས་ནས། །ལྷང་ལྷང་ཚིག་གི་གསོལ་འདེབས་གུས་གུས་ཀྱི་ཕྱག་འཚལ། །དུང་དུང་ཡིད་ཀྱིས་མོས་ནས་ཡོད་ཡོད་ཀྱི་ནོར་རྫས། །ཕྲལ་ཕྲལ་རྩལ་སྤྲུགས་ཚུལ་གྱིས་ཇི་ནུས་སུ་ཕུལ་ཡང༌། །དེ་ཚུལ་ཡིན་མདོག་ཁ་པོའི་མགོ་སྐོར་འདིས་སྐྱོའོ། །ཕར་ལ་ཕྱི་ནང་བལྟས་ཚེ་གཡོ་འགྱུར་གྱི་རང་བཞིན། །ཚུར་ལ་རང་སེམས་བལྟས་ན་ཆགས་སྡང་གི་ཀློང་འཁོར། །མཚོ་གླིང་གྲུ་ཞིག་བཞིན་དུ་གང་གང་ལ་བསམས་ཀྱང༌་། །སྐྱོ་བ་ཁོ་ནར་འདུག་གོ་ཤེས་ལྡན་གྱི་གྲོགས་པོ། །ལྡོག་མེད་འཆི་བའི་དུས་ན་བློ་ཁེལ་གྱི་དམ་ཆོས། །ཅང་མེད་གར་འགྲོ་གཏོལ་མེད་བསམ་བརླག་གི་སྨྱོན་པ། །གང་དགའ་ཇི་དགར་རང་འདོད་བག་ཡངས་སུ་གནས་པ། །ཀྱེ་མ་སྙིང་མེད་ང་ཚོ་སུ་ཞིག་གིས་བསླུས་སོང༌་། །ཕྱི་མཚུངས་ནང་མཚུངས་འདི་མཉམ་ཕྱི་མཉམ་དུ་སོང་བའི། །གཞན་ལ་བཅབ་རྒྱུའི་སྐྱོན་མེད་རྣམ་དག་གི་རང་སེམས། །དྲི་མེད་ཤེལ་གོང་ལྟ་བུའི་འོད་གསལ་ཞིག་ཐོབ་ན། །དེ་དུས་སྐྱིད་པོ་རང་སྟེ་གཟུང་འཛིན་གྱི་རྦ་རླབས། །ཆེས་ཆེར་གཡོ་བའི་སྐབས་འདིར་བླ་མ་རྗེའི་གདམས་ངག །གནད་དུ་མ་ཕབ་ངེད་འདྲའི་སྒོ་གསུམ་གྱི་བྱ་བྱེད། །ཇི་བྱས་གང་ལྟར་བྱས་ཀྱང་སྐྱོ་བ་རུ་འདུག་པས། །རྩ་གསུམ་རྒྱལ་བ་མཁྱེན་ནོ་ཐུགས་རྗེ་ཡིས་གཟིགས་ཤིག །ཅེས་པའང་ལྕགས་འབྲུག་ལོར་མི་ཕམ་པས་སྣང་ཚུལ་ལ་ཅུང་ཟད་སྐྱོ་སྟེ་བྲིས་པའོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།